དུས་ཀྱིས་སྦྱིན་པའི་ན་ཟུག།
དབྱར་གྱི་ཚེ་སྲོག་ཆད་པའི་དུས་འདིར།། ཁྲུང་ཁྲུང་ལྷོ་མཐར་བྲོས་ལ་ཕྱོགས་སོང་།། དུས་བཞིའི་འགྱུར་བ་རེ་རེའི་གསེབ་ནས།། འཁྱམ་པོའི་སེམས་པ་སྐྱོ་བས་ཁུར་སོང་།། / སྐྱོ་བའི་སེམས་པ་སྐྱོ་བས་སངས་ཕྱིར།། རྒྱ་མཚོའི་འགྲམ་གྱི་རི་རྩེར་འཛེགས་ནས།། མཚན་ལྗོངས་ངོགས་སུ་མིག་ཟུང་ཅེར་དུས།། དབུགས་རིང་ནར་ནར་རང་གིས་ཉོས་འདྲ།། / ཟླ་བ་གོར་གོར་མཁའ་ནས་འཛུམ་དུས།། ཨ་མའི་ཞལ་རས་ལྷང་ངེར་དྲན་བྱུང་།། སྐར་མས་མིག་ཆུ་མཁའ་ནས་གཏོར་དུས།། བདག་གི་མིག་ཆུས་སེམས་པ་བརླན་བྱུང་།། / སྟོན་རླུང་གྲང་མོས་ལུས་ལ་གྲབ་དུས།། ཨ་མས་བཟོས་པའི་དགུན་ལྭ་དྲན་བྱུང་།། མཁའ་ན་འཚར་བའི་སྐར་མ་འོད་ཆེན།། བདག་གི་མ་ལོའི་རྣམ་ཤེས་ཨེ་ཡིན།། / མཐའ་མེད་རྒྱ་མཚོ་འདི་ཡི་འགྲམ་ནས།། རི་ཆུང་ཚོགས་གཏོར་འདྲ་བའི་རྩེ་མོར།། རྣམ་རྟོག་རླུང་ལ་བསྐུར་བའི་དེ་རིང་།། རང་ཚོད་རང་གིས་ཟིན་ནས་ལོག་འགྲོ།། / ༢༠༡༥/༡༡/༣༠