༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ནེའུ་ཡོག་ཏུ་བཀའ་ཁྲིད་དང་བཀའ་དབང་།
ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༥ ཚེས་ ༢༧ ནས་ ༣༠ བར་ཨ་རིའི་ནེའུ་ཡོག་ཁུལ་དུ་བརྟན་གཞི་བྱས་པའི་བོན་གྱི་ཚོགས་སྡེ་བོན་གཤེན་གླིང་གིས་གོ་སྒྲིག་འོག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གིས་དད་ལྡན་བོན་འབངས་ཁག་ཅིག་ལ་དགོངས་མཛོད་རི་ཁྲོད་ཆེན་པོས་མཛད་པའི་ཟབ་མོ་གནད་ཀྱི་གདམས་པ་རྫོགས་ཆེན་ཨ་ཁྲིད་ཀྱི་ཁྲིད་ལུང་རྒྱས་པ་དང་རིག་འཛིན་ཚེ་ཡི་རྒྱལ་པོའི་བཀའ་དབང་བཅས་གནང་། ། ཉིན་དང་པོའི་དགོང་དྲོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གིས་སྐུ་ཚེའི་མཛད་རྣམ་རྒྱས་པ་ཞིག་རང་རྣམ་གྱི་ཚུལ་གྱིས་གསུངས་རྗེས་དད་ལྡན་མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བར་བརྩོན་རྒྱུ་གལ་ཆེ་བ་དང་། གཡུང་དྲུང་གི་བོན་ཉམས་སུ་ལེན་པར་མི་རིགས་ཁ་དོག་གི་དབྱེ་བ་མེད་ལ་གྲགས་སྙན་ཕྱུག་དབུལ་གྱི་ཁྱད་པར་མེད། མདོར་ན་མི་ཞིག་ཡིན་ཕྱིན་སྨྲ་ཤེས་ཤིང་དོན་གོ་བ་ཞིག་ཏུ་སྐྱེས་པ་རེད། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དགོངས་དོན་ངོ་མའམ་མཁས་གྲུབ་སྐྱེས་ཆེན་རིམ་བྱོན་གྱིས་གསུངས་པའི་བོན་རིན་པོ་ཆེ་ཇི་ལྟར་ཉམས་སུ་ལེན་ཐུབ་ཚེ་དལ་འབྱོར་གྱི་རྟེན་ཆུད་ཟོས་སུ་མ་སོང་བའམ་མི་ལུས་བཟང་པོ་ཞིག་རྙེད་པའི་དོན་གོ་ཆོད་སོང་བ་རེད་ལ། དེས་ནི་སྐྱེ་བ་འདི་ལ་ཕན་པ་དང་། ཕྱི་མ་ལའང་ཕན་པའི་ཚུལ་སོགས་དཔེ་མཚོན་སྣ་ཚོགས་ཀྱི་སྒོ་ནས་མ་ཡིས་བུ་ལ་གདམས་པ་ལྟ་བུའི་བཀའ་སློབ་བཀའ་དྲིན་ཅན་བསྩལ།