གནམ་ཐང་ནས་ཐད་ཀར་སྦྱིན་པའི་བསྔོ་སྨོན།

རྩོམ་ཡིག་འདི་ཐེངས། 957 བཀླགས་འདུག

 

10422435_980746061980411_5127877602419066477_n

སྣང་གསལ་འོད་ཀྱིས་གང་བ་ནམ་མཁའི་ཁྱོན།།
མཛེས་སྡུག་སྤྲིན་གྱི་འདབ་མ་བརྩེཊ་པའི་གཞི།།
ངོ་མཚར་འཕྲུལ་གྱི་གཤོག་པའི་གུར་ཁྱིམ་ནང་།།
ཆོས་སྤྱོད་འཕྲུལ་གྱིས་བསླུས་པའི་བཙུན་པ་ཞིག།

ཆོས་དོན་བདུད་རྩིས་སྙིང་རྩ་མ་བརླན་ཅིང་།།
ཆོས་མིན་བདུད་ཀྱི་དབང་དུ་ཤོར་བ་ཡིས།།
ཆོས་པས་གཡུལ་སར་མཚོན་དུ་སྦྱོར་བ་འདི།།
ཆོས་ཀྱིས་ཡོད་ཚད་བརླག་པའི་རྒྱུ་རུ་མཐོང་།།

ཡེ་ཤུའི་ཆོས་པ་དབང་སྒྱུར་ཆེད་དུ་འབད།།
ཁ་ཆེའི་ཆོས་པ་དྲག་པོའི་མཚོན་ལ་དགའ།།
ནང་པའི་ཆོས་པ་ནང་ཁུལ་རྩོད་ལ་དགྱེས།།
མདོར་ན་ཆོས་པ་ཕལ་ཆེར་ཆོས་ཀྱིས་ཕུང་།།

ཆོས་ཀྱི་སྙིང་པོས་སེམས་རྒྱུད་མ་ཐུལ་ཞིང་།།
ཆོས་སེམས་དྲེད་ལ་ཤོར་བ་སྐྱེ་བོ་འགས།།
ཆོས་མིན་ཆོས་ལ་བསྙད་པ་གདོན་གྱི་རིས།།
ཆོས་པས་མཐོང་ན་མིག་ནས་མཆི་མ་ཤོར།།

ཆོས་ཀྱི་དམག་གིས་བསད་པའི་གཤིན་པོ་དང་།།
ཆོས་ཀྱི་མཚོན་གྱིས་རྨས་པའི་གསོན་པོ་རྣམས།།
ཆོས་ཉིད་ཀུན་བཟང་དབྱིངས་སུ་འཕོ་བ་དང་།།
ཆོས་སེམས་ཞི་བདེ་དབུགས་ཀྱིས་འཚོ་བར་ཤོག།

ཤི་བོའི་རྣམ་ཤེས་འཁྱམས་པའི་དུར་ཁྲོད་དང་།།
གསོན་པོས་འཚང་ཁ་ཆེ་བའི་གནམ་ཐང་ནས།།
མ་ཏྲི་ཡིག་བརྒྱད་དབྱངས་ལ་བཟློས་པའི་རྗེས།།
བསྔོ་སྨོན་རྣམ་དག་སེམས་ཀྱིས་ཐད་ཀར་སྦྱིན།།

 

བདུན་ཕྲག་གཅིག་གི་སྔོན་ཏེ་ཟླ་བ་ ༣ ཚེས་ ༢༢ ཉིན་ཁ་ཆེའི་དྲག་སྤྱོད་པས་ཡོ་གླིང་བྷེལ་རྗམ་ Belgium རྒྱལ་སྤྱིའི་གནམ་ཐང་དུ་འབར་རྫས་ཐེངས་འགའ་གཡུག་སྟེ་མི་གྲངས་སོ་ལྔ་རྐྱེན་ལམ་དུ་བཏང་བ་དང་རྨས་མ་སུམ་བརྒྱ་མ་ཟིན་ཙམ་གྱི་ཡ་ང་བའི་གནས་ཚུལ་བྱུང་བའི་ཁོར་ཡུག་དེ་རིང་མིག་གིས་དངོས་སུ་མཐོང་འཕྲལ་ཤི་བོར་ཐད་ཀར་སྦྱིན་པའི་བསྔོ་སྨོན་དང་གསོན་པོར་སྡུག་བསྔལ་བྲལ་བའི་གསོལ་འདེབས་འདི་ཐད་ཀར་ཁ་པར་དུ་ཕབས་ཏེ་ཁ་ཆེའི་རྒྱལ་ཁབ་ཀྱི་གནམ་ཐང་རྡོ་ཧཱ་ Doha ཞེས་འབོད་པར་མཚན་གྱི་ཆུ་ཚོད་དང་པོའི་ཐོག་དྲ་ཐོག་ཏུ་སྤེལ་བའོ། སླར་ཡང་སྨྲས་པ། འབྱུང་བཞིའི་འཇིག་པ་མ་འོངས་སྔོན། །ཆོས་ཀྱི་འཇིག་པ་མི་འབྱུང་ཞིང་། །ནམ་མཁས་ཁྱབ་པའི་སེམས་ཅན་ཀུན། །ཞི་བདེའི་དཔལ་ལ་རོལ་བར་སྨོན། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *