རྔ་རང་རིག་གི་དཔྱད་དེབ་དང་པོ༼མདོ་སྔགས་རྒྱ་མཚོའི་གཞུང་དོན་ལས་འཕྲོས་པའི་དཔྱད་གླེང༽ཞེས་པ་དཔར་དུ་བསྐྲུན་པ།

།   /ཧ འུ་ཅག་གི་མེས་པོ་གོང་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཉག་གཅིག་ལ་བརྟེན་ནས། ང་ཚོ་སྟེ་དབུ་ནག་བོད་པ། འཇིག་རྟེན་འདིའི་ཕྱི་ནང་གསང་གསུམ་གང་ལའང་སྙིང་སྟོབས་ཀྱི་བློ་ཁོག་ཡངས་ཤིང་། ཤེས་རབ་ཀྱི་དབལ་སོ་རྣོ་བར་བྱས་ཏེ། མི་རིགས་གང་དེའི་ཆབ་དཔལ་རིག་གསུམ་གྱི་རྩ་བ་གཏིང་ནས་རྒྱས་ཤིང་རྩེ་མོ་དགུང་དུ་སྨིན་པར་མཛད་པར་མ་ཟད། ཁོ་བོ་ཅག་གི་མཁྱེན་བརྩེ་ནུས་གསུམ་གྱིས་མཛད་པའི་རླབས་ཆེན་གྱི་བྱ་བཞག་རེ་རེ་འུ་ཅག་ལ་མིག་ལྟོས་སུ་བཞག་ཅིང་། སྐུ་དྲིན་ཅན་དེ་དག་གིས་དཀའ་བ་སྲོག་དང་བསྡོས་ནས་བསྲུང་བས་རང་རེ་གཡུང་དྲུང་བོན་ལ་མདོ་སྔགས་རྫོགས་གསུམ་གྱི་རིག་གཞུང་ཆ་ཚང་ཞིག་སྔ་མོ་ནས་ཡོད་པར་བརྟེན། ཚན་རིག་གི་ཚ་རླབས་ནུབ་ནས་ཤར་དུ་འཕྱུར་བའི་དེང་གི་དུས་སུའང་། གཞན་གྱི་སྔུན་ནས་ངོ་གནོང་མི་དགོས་ཤིང་། སྔོན་བྱོན་མཁས་གྲུབ་གོང་མ་དག་གི་རྣམ་དཔྱོད་ལས་འཁྲུངས་པའི་མདོ་སྔགས་རྫོགས་གསུམ་གྱིས་གྲུབ་པའི་རིག་གཞུང་གི་གླེགས་བམ་རེ་རེ། ཐོག་མར་མཛད་པ་དང་། བར་དུ་ཡི་གེར་འབྲི་བཞེངས་སོགས་ཀྱིས་ཐབས་ལམ་བརྒྱུད་དེ་ཞང་ཞུང་ནས་བོད་ཆེན་པོའི་ཞིང་ཁམས་སུ་དར་སྤེལ་གནང་། ཐ་མར་གང་ཟག་སྒེར་བ་རེ་རེས་རིག་གཞུང་དེ་དག་གི་སྙིང་བཅུད་དང་དགོངས་དོན་དག་འཚོལ་ཞིབ་གནང་སྟེ། རང་རང་གི་དགོངས་པ་དང་མཐུན་པའི་འགྲེལ་བ་རྒྱས་བསྡུས་སྣ་ཚོགས་ཤིག་བཏབ་སྟེ། རྒྱལ་ཕྱི་ནང་གཉིས་ཀ་ནས་དཔར་བསྐྲུན་བྱས་དང་བྱེད་བཞིན་པ་ནི་དགའ་འོས་པ་ཞིག་ཡིན་པར་སྨོས་མི་དགོས་ཤིང་། ངེད་རྒྱལ་གཤེན་དཔེ་སྐྲུན་ཁང་ནས་ཀྱང་སྔར་གཡུང་དྲུང་བོན་གྱི་རིག་གཞུང་དང་དེའི་འབྲེལ་གྱི་ཕྱག་དེབ་མང་པོ་ཞིག་རྒྱལ་ཕྱི་ནང་གཉིས་ཀར་འགྲེམ་སྤེལ་གནང་ནས། ཀུན་གྱིས་བླ་ན་མེད་པའི་གདེང་འཇོག་ཐོབ་བཞིན་པ་འདི་ལགས།  /    ད་ལན་འདིར་ཡང་གཡུང་དྲུང་བོན་གྱི་རིག་གཞུང་ལ་དཔྱོད་ཤེས་ཀྱི་འདུན་མ་རབ་ཏུ་ཡངས་པའི་ན་གཞོན་གྲྭ་བཙུན་མཁྱེན་རབ་རྒྱ་མཚོའམ་རྔ་རང་རིག་ལགས་ཀྱིས་མི་ལོ་དུ་མ་ཐོས་བསམ་སློབ་གཉེར་གྱི་ཕྱོགས་ལ་བསྐྱལ་ཏེ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ཁོང་གིས་གནས་ལུགས་དང་བདེན་པ་བརྡར་ནས་རིག་གཞུང་གང་ལ་དཔྱད་པ་བཏང་སྟེ་འབྲི་བཞེངས་བྱས་པའི་རིག་གཞུང་དཔྱད་དེབ། ༼མདོ་སྔགས་རྒྱ་མཚོའི་གཞུང་དོན་ལས་འཕྲོས་པའི་དཔྱད་གླེང་།༽ཞེས་པ་འདི་ནི་ཤོག་ངོས་ཀྱི་དབང་དུ་བྱས་ན་སུམ་བརྒྱ་ལྷག་ཅིག་དང་། སྡེ་ཚན་གྱི་དབང་དུ་བྱས་ན་ཏག་ཏག་སྡེ་ཚན་ཆེན་པོ་བཅུ་ཡིས་གྲུབ་པའི་དཔྱད་རྩོམ་ཞིག་ཡིན་ཞིང་། བརྗོད་བྱའི་ཆ་ནས་ཡིན་ན་ཆེད་དུ་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་རིག་གཞུང་སྐོར་ལ་དཔྱད་ཞིབ་གནང་སྟེ་བྲིས་པ་ཞིག་ཡིན། མདོར་ན་དཔྱད་རྩོམ་འདི་དག་ནི་འགྲེལ་བཤད་རབ་རིབ་དང་དཔྱད་པ་མག་མོག་གི་ལམ་ནས་བྲིས་པ་ཞིག་མ་ཡིན་པར། སྔར་དཔྱད་མཁན་མེད་པའི་རིགས་དང་། ཡོད་ཀྱང་དཔྱད་པ་གནད་དུ་མ་ཐིངས་པའི་རིགས་ལ་ཅི་ཐུབ་གང་ཐུབ་ཀྱིས་འབད་འབུངས་བགྱིས་ཏེ། བཀའ་ལུང་དག་བདེན་པའི་དཔང་དུ་བཞག་ནས་བྲིས་པ་ཤ་སྟག་ཡིན། ལྷག་པར་དུ་དེང་རབས་དཔྱད་རྩོམ་གྱི་འབྲི་ཐབས་སྤྱད་ནས་བྲིས་ཤིང་ཁ་གསལ་ཚིག་གསལ་གྱི་ངང་ནས་གཞུང་དོན་གང་དེའི་གནད་དོན་ཐད་ཀར་བརྗོད་ཡོད་པས་མ་བལྟས་ཚད་མེད་ཀྱི་དཔེ་དེབ་ཀློག་རིན་ཡོད་པ་ཞིག་ཡིན་ཞེས་བཤད་ཆོག  /     གཞན་གསལ་བཤད་ཞུ་རྒྱུ་ཞིག་ལ་དཔྱད་རྩོམ་འདིར་དཔེ་ཆ་གཞན་ལས་དྲངས་པའི་བཀའ་ལུང་སོགས་ནི་དེང་རབས་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་མིན་ཅི་རིགས་ཡོད་ནའང་། བོན་དཔེ་གང་ལས་བཤུས་ན་དེ་བཞིན་རང་སོར་བཞག་པ་ལས་བཟོ་བཅོས་གང་ཡང་བྱས་མེད་པར་མ་ཟད། ལུང་འདྲེན་གྱི་རྟགས་སོགས་ནོར་བ་ཅི་རིགས་ཡོད་སྲིད་པས་དེ་བཞིན་ཀློག་པ་པོ་དག་གིས་དགོངས་ཡངས་གནང་རྒྱུ་དང་། མཐར་དཔྱད་རྩོམ་ཕྱག་དེབ་འདི་ཀློག་པའི་ཐོས་བསམ་སློབ་གཉེར་བ་དག་གི་བློ་གྲོས་ཀྱི་སྒོ་མོ་གསར་བ་ཞིག་འབྱེད་པར་ཤོག་ཅེས་སྨོན་ནོ།།            རྒྱལ་གཤེན་དཔེ་སྐྲུན་ཁང་ནས་སྤྱི་ལོ ༢༠༢༣ ཟླ ༡ ཚེས ༡༣ …

སྣང་རྒྱལ་ཤེས་རབ་བསམ་འཕེལ་གྱི་དཔེ་དེབ་གསར་པ་གསུམ།

སྣང་རྒྱལ་ཤེས་རབ་བསམ་འཕེལ་གྱི་དཔེ་དེབ་གསར་པ་གསུམ་སྟེ། དང་པོ། ༼རྟེན་འབྲེལ་དང་གང་ཟག་ཉི་ཤུ་ཚད་མ་ཀུན་བཏུས་བཅས་ཀྱི་གལ་གནད་གསལ་བྱེད་སྒྲོན་མེ་༽ དང་། གཉིས་པ་ ༼དཔྱད་གཏམ་ལུང་རིག་ཉི་ཟེར་༽ དཔེ་དེབ་གསུམ་པ་ ༼སེམས་ཀྱི་རོལ་པ་༽བཅས་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་ལེགས་པར་གྲུབ་པའི་གནས་ཚུལ། / /////

[རྟེན་འབྲེལ་གྱི་སྙིང་པོ་ཉི་མའི་དཀྱིིལ་འཁོར་]དཔར་དུ་བསྐྲུན་པ།

། རྟེན་འབྲེལ་གྱི་སྙིང་པོ་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས། ། རྟོགས་ལྡན་ཚུལ་ཁྲིམས་འོད་ཟེར། །         ཞང་བོད་སྲིད་པའི་ལྗོངས་འདིར་རྣམ་མཁྱེན་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ནས་བཟུང་སྟེ་ཚེ་ལོ་བརྒྱ་པའི་བསྟན་པ་རིན་པོ་ཆེ་འགྲོ་བ་རང་མཐུན་གྱི་བློས་ཐེག་ཚོད་བཞིན་ས་ཁྱབ་རྡོ་གདལ་དུ་ཕྱིན་ཡོད་ན་ཡང་། བཞུད་ཟིན་པའི་བཙན་པོའི་དུས་རབས་ཀྱི་ལོ་ཟླ་དང་ཀྱག་ཀྱོག་ཆེ་བའི་རྐང་རྗེས་ལ་ཕྱི་མིག་གིས་བལྟས་ན་ལན་རེ་ཟུང་ལ་བོད་སྤྱི་ལ་ཐེབ་པའི་གོད་ཆག་མང་པོ་ཞིག་མིག་སྔར་འཆར་ཡོང་བ་མ་ཟད། རྒྱལ་བློན་འགའི་ཚུལ་མིན་གྱི་གསང་བ་མཐུག་པོ་རེ་ཡང་རང་བཞིན་གྱིས་མཐོང་ཡོང་བ་སྲོང་བོར་བརྗོད་པའི་ཡིག་ཆ་འགའི་ཟུར་ནས་གསལ། རེད་དེ་གཉོམ་ཆུང་ཆུང་གིས་ལོ་ཟླ་མང་པོ་ཞིག་རིམ་གྱིས་བརྒལ་བའི་མཐར། གཡུང་དྲུང་བོན་གྱི་ཕྱི་དར་བསྟན་པའི་སྲོག་ཤིང་སྤྲུལ་པའི་སྐུ་མཆོག་བླ་མ་གཤེན་ཆེན་པོ་དང་། བཀའ་བབ་ཀྱི་སློབ་མ་ཀ་ཆེན་བཞིས་གཙོས་པའི་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཐུ་དཔུང་སྡོང་གྲོགས་ཕྱོགས་གཅིག་ཏུ་བསྒྲིལ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ལ་གཞོལ་ཞིང་། བོད་དང་བོད་ཆེན་པོའི་ཐུན་མིན་གྱི་ཤེས་བྱ་དང་རིག་གནས་ཀྱི་རྒྱལ་མཚན་གཡུལ་ལས་རྒྱལ་ཞིང་ས་སྒོང་འདིའི་སྟེང་དུ་བཏེགས་པར་མཛད། དེ་མཚུངས་སུ་དུས་ཀྱི་དཀྱོག་མཚམས་ཆེན་པོ་རེར་བསམ་བཞིན་བྱོན་པའི་རླབས་ཆེན་ཚད་མའི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་སྟེ་གཡས་རུའི་སྟོན་པ་བཅོ་བརྒྱད་དང་། རྒྱལ་བ་སྨན་རི་བའི་མཁན་རབས་རིམ་བྱོན་སོགས་ཀྱིས་ཡར་ངོ་ལ་བཤད་པ་ལུང་རིགས་ཀྱི་འཁོར་ལོར་འཆད་ཉན་རྩོད་སྤོང་དང་། མར་ངོར་སྒྲུབ་པ་ཉམས་ལེན་དང་ཏིང་འཛིན་གྱི་སྡེ་བཙུགས་ནས་ཆད་ལ་ཉེ་བའི་གནའ་བོའི་ཤེས་རིག་གི་དབུགས་རྒྱུན་ཕྲ་མོ་མུ་ནས་མུ་རུ་བསྲིངས་བ་དང་དར་རྒྱས་ཕུན་སུམ་ཚོགས་པར་མཛད། 

[བཀའ་འགྲེལ་མུ་ཏིག་ཕྲ་རྒྱན།]དཔར་དུ་བསྐྲུན་པ།

  གསང་སྔགས་སྤྱི་སྤུངས་བསྙེན་སྒྲུབ་ལས་གསུམ་གྱི་བཀའ་འགྲེལ་མུ་ཏིག་ཕྲ་རྒྱན། རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན། །            ཞང་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་འབྱུང་ཁུངས་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་ལྷོ་ཕྱོགས་འཛམ་བུའི་གླིང་འདིར་ཆེས་དར་སྔ་བའི་རིག་གནས་ཤིག་ཡིན་པ་དང་། དེ་ལ་བགྲང་བྱ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པར་མ་ཟད། འཛམ་གླིང་ཤར་ནུབ་གཉིས་ཀའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གནས་ཐད་ཞིབ་འཇུག་པ་གཟུར་གནས་མཁས་པའི་དབང་པོ་ཚད་ལྡན་དག་གིས་ཆེས་གལ་འགང་ཆེ་བའི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་དང་གནང་མུས་སུ་མཆིས། དེ་བཞིན་བོན་གྱི་ཤེས་རིག་ནི་རྒྱ་མཚོ་ཆེན་པོ་ཞིག་གི་ཁ་གཏིང་དང་འདྲ་བས་རྒྱ་ཁྱོན་གཞལ་དཀའ་བ་སྟེ། དེ་ལ་ཐུན་མོང་མ་ཡིན་པའི་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་བོད་ཀྱི་རིག་གནས་ཆེ་ཆུང་དང་བཅས་ཤེས་རིག་ཕུན་སུམ་ཚོགས་པའི་ངོ་བོ་ཞིག་ཏུ་གྲུབ།

རྩོམ་པ་པོ་སྐྱིད་སྲས་ཀྱི་སྙན་དེབ་༼མུན་པའི་གར་༽གྱི་སྐྱེས་སྐར་བསུ་བ།

        རྩོམ་པ་པོ་སྐྱིད་སྲས་དགེ་ལེགས་ཉི་མས་འཇིག་རྟེན་འདིའི་མུན་པའི་རྩེ་དང་མུན་པའི་གཏིང་ནས་ཉུལ་བའི་རྩོམ་རིག་སྒྱུ་རྩལ་གྱི་གར་རྩེད་མྱུར་མོ་ཞིག་འུ་ཅག་སྒང་བ་ཚང་གི་ཀློག་མཁན་ཚོའི་གར་སྟེགས་སུ་མངོན་བྱུང་། དེས་ན་༼མུན་པའི་གར་༽གྱི་དཔར་སྐྲུན་གསལ་བཤད་ཀྱི་གླེང་མ་བཀོད་པའི་སྔོན་དུ་ཁོ་བོས་ཚིག་རེ་ཟུང་ཞིག་མོལ་ན་འདོད། མི་ལོ་ཉི་ཤུའི་གོང་དུ་བོད་གཞིས་བྱེས་གཉིས་སུ་ཆེད་གཉེར་རྩོམ་རིག་དྲ་རྒྱ་ཕར་བཞག་དུས་དེབ་ཀྱང་ཧ་ཅང་ཉུང་ཉུང་རེད། སྐབས་དེར་དུས་དེབ་ཁག་ཏུ་རྩོམ་ཡིག་མི་ཚུད་པའི་དཀའ་ངལ་ཡོད་པ་རེད། རྩོམ་ཡིག་རེ་ཟུང་དུས་དེབ་ཏུ་ཚུད་དུས་སྣང་བ་མཐོ་ཙམ་དང་གོམ་པ་ཡངས་ཙམ་ཡོད། དཔེར་ན་ཕྲན་གྱིས་ཀྱང་བར་སྐབས་ཞིག་ལ་བོད་ཀྱི་རྩོམ་པ་པོ་ཆུང་ཆུང་ཞིག་ཡིན་ཁུལ་བྱས་མྱོང་། དེ་ནི་ཕལ་ཆེར་ཕྱི་ལོ་ ༢༠༠༡ ལོར་ཡིན་པ་ཡོད། ཕྲན་གྱིས་བྲིས་པའི་སྙན་ངག་༼མུན་ཁྲོད་ནས་འཐེན་པའི་ལྷ་དར་དཀར་པོ།༽ཞེས་པར་བྱེས་ཀྱི་དུས་དེབ་ཡག་གྲས་༼རྩམ་པ་༽རྩོམ་སྒྲིག་ཁང་གི་ལོ་དེའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་པ་རེད། དེ་ལས་དགའ་བའི་ཚོར་བ་ཞིག་ཕལ་ཆེར་ངའི་མི་ཚེའི་ནང་དུ་བྱུང་མེད་ཟེར་ན་རྫུན་མིན།