བོན་རྒན་ཚེ་རིང་གིས་བཞེངས་པའི་ལོ་རྒྱུས་ཀྱི་རྡོ་རིང་།

རྩོམ་ཡིག་འདི་ཐེངས། 508777 བཀླགས་འདུག

Screen Shot 2018-01-15 at 6.21.38 PM  ངོ་སྤྲོད་མདོར་བསྡུས། ཡོངས་གྲགས་སུ་རྔ་བའི་ཚོང་བ་བོན་ཚེ་ཞུ་བ་ནི་ཨ་མདོ་རྔ་བའི་ཁ་ཤུལ་ཡུལ་ཚོའི་བོན་ཚང་ཁྱིམ་མིང་དུ་བོན་རྒན་ཚང་ཞེས་པར་སྐྱེས་པ་དང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་བོད་གངས་ཅན་པའི་ཤེས་རིག་འཕེལ་རྒྱས་ཐད་གྲུབ་འབྲས་འབུར་དུ་ཐོན་པའི་ཕྱག་ལས་གནང་ཡོད། ཚེ་རིང་ལགས་ནི་(གངས་ལྗོངས་ཚོང་པའི་སློབ་གྲྭའམ་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་)གསར་འཛུགས་གནང་མཁན་དེ་ཡིན། ད་ལན་འདི་ག་རྒྱལ་གཤེན་བོན་སྒྲས་དངོས་ཤུགས་རྒྱུད་གསུམ་ནས་འབད་པ་བྱས་ཏེ་བོན་རྒན་ཚེ་རིང་གི་ལོ་རྒྱུས་མདོར་བསྡུས་ཞིག་ཁོང་གིས་གང་གསུངས་པ་ཡིག་ཐོག་ཏུ་བཀོད་དེ་འདིར་ཕུལ་ཡོད།  

    ཚེ་རིང་གིས་བཤད་རྒྱུར། ངེད་ཚང་གི་ཁྱིམ་ཚང་གི་རིགས་རུས་གང་ཡིན་གསལ་བོ་བཤད་རྒྱུ་མེད། ཁྱིམ་ཚང་གྲལ་རིམ་ཡིན་པ་དང་། ང་རང་ཆུང་དུས་ནས་ཕ་རྒན་མེད་པ་དང་། ངེད་ཁྱིམ་ཚང་གི་མིང་ལ་བོན་རྒན་ཚང་ཟེར། ཕ་རྒན་མིང་ལ་བ་གསེར་དང་། ཨ་མའི་མིང་ལ་ཕུར་ཏེ་ཟེར། ཕ་རྒན་ལ་སྤུན་ཞིག་ཡོད་པ་དང་། ཁོའི་མིང་ལ་ཨ་ཁུ་ཟླ་བ་ཟེར། ང་རང་ལོ་ངོ་བཞིའི་སྟེང་ནས་མང་ཚོགས་བཅོས་བསྒྱུར་བྱས་སོང་པས་ཁོ་གཉིས་བཙོན་ཁང་དུ་ཁྲིད་སོང་པ་དང་། ཕ་རྒན་ཕྱིར་ཡོང་མེད་པར་བཙོན་ལས་གྲོང་སོང་། ངས་ཕ་རྒན་གྱི་ངོ་གསལ་བོ་ཞིག་དྲན་མི་ཐུབ། ཨ་ཁུ་རྗེས་ནས་ན་རྒྱུ་ལྕི་མོ་ཞིག་ཕོགས་ནས་བཙོན་ནས་སློད་གྲོལ་བཏང་སོང་ན་ཡང་ཡུན་རིང་པོ་མ་འགོར་པར་གཤེགས་སོང་། ངས་བསམ་ཤེས་དུས་ནས་ང་ལ་མིང་སྲིང་གསུམ་ཡོད་པ་དང་། ང་ཚོ་ཚང་མ་ཨ་མ་གཅིག་པུས་གཅེས་སྐྱོང་བྱས་ནས་ཁྱིམ་ཚང་སྐྱོང་བ་རེད། ངེད་ཚང་གི་ཨ་ཞང་ཚང་ཁྱིམ་ཚང་ཅུང་བཟང་བས་ངེད་ཚོར་རོགས་སྐྱོར་ཚད་མེད་གནང་། ངེད་མིང་སྲིང་བཞི་ལས་ཆུང་བ་དེ་ན་ནས་ཤི་སོང་། ཨ་ཅེ་ཆེ་བ་དེ་ངེད་ཚོའི་ཚོ་བའི་ནང་གི་ཁྱིམ་ཚང་ཞིག་ལ་མནའ་མར་བུད་སོང་། ཨ་ཆེ་འབྲིང་བ་དེ་རྔ་སྟོད་ལ་མནའ་མར་བུད་སོང་། མཐར་ང་རང་སྡེ་ཁ་ཤུལ་ལ་ལོག་པ་ཡིན། དེ་ནས་ངེད་ཚང་གི་ཁྱིམ་ལ་ཨ་མ་དང་ང་གཉིས་མ་གཏོགས་མེད་པ་དང་། ང་རང་གི་ཨ་མ་ནི་བོད་ཀྱི་སྐྱེས་མ་སྤྱི་དང་འདྲ་ཡང་དང་ཐོག་ལ་ཕ་གོ་མ་ཡིས་བཅད་ནས་ཕྱི་ཡི་ཞོར་ལས་དང་ནང་ཚེགས་ཀྱི་བྱ་བ་སོགས་གཅིག་ལྕོགས་སུ་སྒྲུབ་པས་ངེད་མིང་སྲིང་ཚོས་དཀའ་སྡུག་ཆེན་པོ་མྱངས་མ་དགོས། ང་རང་ཅུང་ལག་ཆགས་ནས་ཧོ་གོ་དུས་ཚོ་བའི་ནང་གི་སློབ་གྲྭའི་ནང་ལ་དུས་ཡུན་ཐུང་ཐུང་འགྲོ་མྱོང་། འོན་ཀྱང་རང་ཉིད་ཆུང་སོང་བས་བསམ་མ་ཤེས་པས་ཡི་གེ་ཡང་ཚད་ལྡན་ཞིག་མ་སློབ། དེ་ནས་ང་ལག་ཆགས་ནས་ས་ཞིང་འདེབས་དུས་ལོ་ཏོག་ལེགས་པོ་མི་སྐྱེ་བ་དང་། ད་དུང་ཞིང་ཁྲལ་མང་བོ་འཇལ་དགོས་པས་ཟ་རྒྱུའི་ཕྱོགས་ཀྱང་དཀའ་ཁག་ཆེན་པོ་རིག་མྱོང་། ང་རང་གི་ན་ཟླ་ཚོ་ཞོར་ལས་ལ་འགྲོ་དུས་ངས་གཟུགས་ཆུང་དྲགས་པས། ཞོར་ལས་དེ་འདྲ་མང་པོ་ཞིག་ངའི་ལག་ལ་ཡོང་མི་ཐུབ། ང་རང་ནར་སོན་ནས་ལོ་བཅུ་གསུམ་བཅུ་བཞིའི་སྟེང་ནས་རང་གིས་ཆབ་མ་དང་ལྷམ། སྒ་གདན་སོགས་གཙགས་དུས། ལོ་ན་ཆུང་བས་དེ་འདྲ་ལེགས་པོ་ཞིག་ཡོང་མི་ཐུབ། དེ་འདྲའི་ངང་ནས་ཞོར་ལས་ཅུང་ཟད་རེ་ངའི་ལག་ལ་ཐོན་ཐུབ་པ་དང་། གོང་གི་ཞོར་ལས་དེ་དག་ལས་ཀའི་ཞོར་ནས་བྱེད་མྱོང་བ་རེད། ལོ་དུ་མ་འགོར་དུས་ང་ཚོ་ཡང་མི་གྲལ་གྱི་ལས་ཀའི་ནང་དུ་བསྡུས་སོང་བ་དང་། ང་རང་མཉམ་ལས་ཀྱི་ཟོག་རྫི་དང་ལུག་རྫིར་ཡང་མང་བོ་བྱེད་མྱོང་། མཉམ་ལས་ལ་ཁྲལ་སྟེར་བའི་ངང་ནས་ཞོར་ལས་ལ་སོང་ཆོག་པའི་ཁྲིམས་ཁ་ཅུང་ཡང་སོང་པས། རང་གིས་སྡུག་རུས་ལྷོད་མེད་དང་དཀའ་ལས་སྡུག་ཁུར་ངང་ནས་ཚོང་ལས་ཙག་ཙིག་གི་མགོ་བཟུང་། ཐོག་དང་བོར་རང་ཡུལ་དང་ཁ་བྲལ་ནས་ཚོང་ལས་སུ་འགྲོ་དུས། ངེད་ཚང་གི་ཁྱིམ་ཚང་གྲལ་རིམ་ཡིན་པས། ཁྱིམ་ཚང་གི་རྒྱུ་ནོར་ཐམས་ཅད་གཞུང་ལ་ཐེངས་མ་གསུམ་ལ་གཞུང་བཞེས་བྱས་སོང་བས་ང་ལ་མ་རྩ་ཅི་ཡང་མེད། ངས་རང་གི་རོགས་པ་དང་ཨ་ཁུ་ཞིག་གི་ལག་ནས་བུ་ལོན་བླངས་པ་ཡིན། ཐོག་དང་བོར་ཚོང་ལ་འགྲོ་བའི་ས་ཕྱོགས་ནི་རྐ་ཆུ་དང་མཛོད་དགེ། ཐང་སྐོར། མཚོ་སྔོན་སོག་རྫོང་། རེབ་གོང་དང་ཟི་ལང་སོགས་རྒྱུད་ནས་སོང་བ་ཡིན། རེབ་གོང་ནས་ཟི་ལང་བརྒྱུད་ནས་འགྲོ་བའི་ལམ་བར་དུ་འདྲུད་འཐེན་འཁོར་ལོ་བསྒྱུར་ནས་ངའི་ཚོང་རོགས་ཅུང་མིན་ན་བསད་སོང་བ་དང་ང་རང་ལ་རྨས་ཕོགས་སོང་། སོག་རྫོང་ནས་ཉི་མ་གཉིས་ལ་རྐང་ཐང་བརྒྱུད་ནས་ཚུར་རྨ་ཆུ་ལ་ཐོན་པ་དང་། དེ་ནས་རྨ་ཆུ་ནས་ཡང་ལམ་ལ་ཆས་ཏེ་ཉི་མ་གཉིས་འགོར་ནས་ཕྱིར་ཕ་ཡུལ་རྔ་བ་ལ་ཐོན་པ་ཡིན། 

Screen Shot 2018-01-15 at 6.21.00 PMScreen Shot 2018-01-15 at 6.21.16 PM

Screen Shot 2018-01-15 at 9.29.09 PM

    ཐེངས་འདིའི་ཚོང་ལས་ལ་སོང་བའི་དུས་ཡུན་ཟླ་བ་བཞི་ཙམ་འགོར་སོང་བ་དང་། ལོ་སར་ཡང་ཕྱི་ལོག་ནས་བྱས་པ་ཡིན། ཐེངས་འདིའི་ཚོང་ལས་ནས་མ་རྩ་དང་བུ་ལོན་སོགས་ཕུད་པ་ལས་བུད་པ་ཆེན་པོ་རགས་མ་སོང་ཡང་། བདག་ལ་ཉམས་མྱོང་གང་མང་ཞིག་ཐོབ་སོང་། འདི་ནི་ངའི་མི་ཚེའི་ཁྲོད་ནས་ཐེངས་དང་པོར་ཕ་ཡུལ་དང་ཁ་བྲལ་ཏེ་ས་ཁ་ཐག་རིང་བར་སོང་བའི་འགོ་མ་ཡིན། དེ་ནས་ཡང་ཚོང་རྫས་ཙག་ཙིག་རེ་ཁྱེར་ཏེ་ཚ་ཁོའི་ཁོག་དང་འཛམ་ཐང་སོགས་སུ་ཚོང་ལས་སུ་སོང་བ་ཡིན། དེ་ནས་ཡང་མི་ཚེའི་སྟེང་གི་རང་ཡུལ་དང་ཁ་བྲལ་ཏེ་ས་ཐག་རིང་རྒྱ་ནག་ཁྲི་འདུ་ལ་པུས་མོ་(སྔོ་སྨན་ཞིག)ཉུང་ཉུང་ཞིག་ཁྱེར་ནས་ཚོང་ལ་སོང་བ་ཡིན། པུས་མོ་བདེ་ལེགས་ངང་ཚོང་སོང་བ་དང་དེའི་སྐབས་ལ་རང་སའི་ཚོང་བ་མང་ཤོས་ཤིག་ལྷ་སར་སོང་ནས་ལྷམ་དང་རས་སོགས་མང་བོ་བཙོང་སོང་བས་ཚོང་ཅུང་བཟང་རབས་གླེང་གིན་ཡོད་པས། ངས་ཀྱང་རང་གིས་ནུས་ཚོད་ཀྱིས་རས་དང་ལྷམ་སོགས་ཁྱེར་ནས་ལྷ་སར་བཙོང་དུ་སོང་བ་ཡིན། བདག་ལ་མ་རྩ་ཆེན་པོ་མེད་པས་ཚོང་རྫས་དེ་འདྲ་མང་བོ་འཛིན་རྒྱུ་མེད་པས་བུད་པ་ཡང་ཉུང་ཉུང་ལས་མེད། གང་ལྟར་ཀྱང་མགོ་ནག་བོད་མིའི་སེམས་ན། དབུས་ཉི་མ་ལྷ་ས་ཟེར་བ་ནི་ང་ཚོའི་སེམས་ནང་གི་ཆེས་མཇལ་ན་འདོད་པའི་ས་ཆ་ཞིག་ཡིན་པས། རང་གིས་ནུས་པའི་ངང་ནས་ཉི་མ་ལྷ་སར་ཚོང་ལས་ཞོར་ནས་མཇལ་སྐོར་ཡིད་ཚིམས་པ་ཞིག་བྱེད་ཐུབ་སོང་པས་སེམས་ན་དགའ་སྤྲོ་ཆེན་པོ་སྐྱེས། དེ་ནས་ཕྱིར་རང་ཡུལ་ལ་ཐོན་པ་ཡིན།

      ཡང་རང་གི་མ་རྩའི་ཚོད་ཀྱིས་པུས་མོ་ཉོས་ཏེ་རྒྱ་སྐད་ཤེས་མཁན་ཞིག་དང་འགྲོགས་ནས་རྒྱ་ནང་དུ་ཚོང་ལ་སོང་བ་ཡིན། ངས་རྒྱ་སྐད་མི་གོ་བ་དང་རྒྱ་ཡིག་མི་ཤེས་པས་རྒྱ་ནང་དུ་འགྲོ་དགོས་ན་རོགས་པ་ཞིག་དང་མི་འགྲོགས་ག་མེད་རེད། དེ་ནས་ངེད་གཉིས་ཀྱིས་པུས་མོ་དེ་དག་བཙོང་ཚར་བ་དང་། དཀར་མཛེས་ཁུལ་གྱི་དཀར་མཛེས་རྫོང་ཐོག་ཏུ་དབྱར་རྩྭ་ཉོ་རུ་སོང་བ་ཡིན། ས་དེར་ང་ཐེངས་གཉིས་གསུམ་ལ་འགྲོ་མྱོང་། དེ་ནས་ངེད་གཉིས་རྒྱ་ནག་ཀང་ཀྲོས་ལ་པུས་མོ་བཙོང་བར་སོང་བ་ཡིན། དེ་དུས་སྐབས་འགར་ང་རང་གཅིག་པུ་རྒྱ་ནང་ལ་འགྲོ་དུས་རྒྱ་སྐད་རྒྱ་ཡིག་མི་ཤེས་པས་དཀའ་ཁག་མང་པོར་འཕྲད་མྱོང་། དེ་ནས་ང་དང་ཁ་ཤུལ་དྲི་ཡུ་གཉིས་ཚོང་སྡོང་བྱས་ནས་གཙོ་བོ་ལྷམ་དང་རས། ཞྭ་མོ། བོད་དམངས་ཁྲོད་ལ་མཁོ་བའི་ཚོང་རྫས་གཙོ་གཉེར་བྱས་ཏེ་ཁོ་ལྷ་སར་བསྡད་དེ་བཙོང་བ་དང་། ངས་ཚོང་རྫས་ཡར་སྐྱེལ་མར་བླངས་ངང་ནས་ལོ་ངོ་གཉིས་རིང་ལ་དེ་འདྲ་བྱས་ནས་བསྡད་པ་ཡིན། མཐར་ངེད་གཉིས་ཁྱོད་བཟང་ང་དགའ་བྱས་ཏེ་རང་རང་གིས་ཚོང་ལས་གཉེར་བ་ཡིན། དེ་ནས་ཡང་ལྷ་ས་ལ་དབྱར་རྩྭ་ཉོ་རུ་འགྲོ་མྱོང་བརྒྱུད། ལྷ་སའི་འགྲམ་སོགས་ལ་ཆོས་ལྡན་ཉི་མ་དང་བློ་གྲོས་ཀུན་གསལ་ངེད་གསུམ་ཚོང་སྡོང་བྱས་ནས་བལ་ཡུལ་དང་རྒྱ་གར་སོགས་ལ་བྲིན་པའི་གོན་པ་དང་ལྷམ། རས། ཞྭ་སོགས་ཚོང་རྫས་འདྲ་མིན་བླངས་ནས་ཕར་ཆེར་ལོ་གསུམ་ཙམ་ལ་འགྲོགས་མྱོང་བ་རེད། བར་སྐབས་དེའི་ཉིན་ཞིག་ལ་ང་ལ་དམངས་སྒོར་ཁྲི་ལྔ་ཡི་བོར་གཏོར་བྱུང་མྱོང་། ལོ་རབས་དེ་ལ་མཚོན་ན་སྒོར་གོང་ཧ་ཅང་ཆེ་བས་གྱོད་གུད་ཆེན་པོ་ཞིག་རག་སོང་། དེ་ནས་ངེད་གསུམ་པོས་ཁྱོད་དགའ་ང་སྐྱིད་ངང་ནས་རང་རང་སོ་སོས་ཚོང་ལས་བྱེད་པའི་ལམ་ལ་སོང་བ་ཡིན། དེའི་སྐབས་སུ་རང་གིས་རྒྱ་སྐད་ཉུང་ཤས་ཤིག་བཤད་ཐུབ་པ་དང་དེའང་ཚོང་རྫས་ཀྱི་མིང་ཁ་ཤས་བཤད་ཤེས་པ་ཙམ་ལས་མང་པོ་མི་ཤེས། ས་ཐག་རིང་པོར་ཚོང་གི་འབྲེལ་བ་བྱེད་དགོས་ན་གཅིག་ནས་ཡི་གེ་མི་ཤེས་པ་དང་གཉིས་ནས་སྐད་ཡག་པོ་ཞིག་མི་འཕྲོད་པས་དཀའ་ངལ་མང་པོ་རིག་མྱོང་བ་མ་ཟད། ཚོང་ལས་མང་པོ་ཡང་དེ་འདྲའི་ངང་ནས་ཤོར་སོང་། ངས་ཅུང་ཚོང་ལས་ཀྱི་རང་མགོ་ཐོན་ནས་ཡོད་དུས། རང་གི་ཨ་ཅེའི་ཁྱོ་ག་དང་ཁ་ཐག་རིང་བའི་ཉེ་ས་ཞིག་ཁྲིད་ནས་ཚོང་ལས་བྱས། ངེད་གསུམ་པོ་ཚོང་མཉམ་ལས་མིན་རུང་རང་རང་གི་ཉེ་ས་དང་འགྲོགས་ས། ཁ་རྟ་སྐོར་ཞིག་ཁྲིད་ནས་ལོ་མང་པོ་ཞིག་ལ་ཚོང་ལས་བྱས་ནས་བསྡད། ལོ་འདི་དག་གི་རིང་ལ་བོད་ཀྱི་ས་ཆ་དང་ལྷག་པར་ཏུ་རྒྱ་ནང་དུ་འགྲོ་དུས་ང་ལ་ཡོན་ཏན་ཅི་ཡང་མེད་པས་ཐ་ན་ཚོང་རྫས་ཀྱི་མིང་ཐོ་འགོད་བྱེད་དགོས་ན་ཡང་དཀའ་ལས་མང་པོ་ཞིག་རགས་སོང་བས་རིག་གནས་ཡོན་ཏན་མེད་པའི་སྡུག་བསྔལ་མང་པོ་ཞིག་རང་མགོར་ཡོང་མྱོང་བ་དང་། དེ་བརྒྱུད་ནས་ཚོང་ལས་རང་གཅིག་པུ་གཉེར་བས་གོ་སྐབས་མང་པོ་ཐོབ་མྱོང་ན་ཡང་སྐད་དང་ཡི་གེ་མི་ཤེས་བས་གཞན་ཡོན་ཏན་ཅན་དང་སྐད་ཡི་གེ་ཤེས་མཁན་དག་ལ་ཚོང་སྡོང་མི་བྱེད་ཐབས་མེད་རེད། དེ་འདྲ་བྱས་པས་ཚོང་གི་བུད་པ་དེ་སྤྱིར་རང་གཅིག་པུ་ལ་དབང་བ་དེ་མི་གཉིས་བགོ་བཤའ་རྒྱག་དགོས་པ་རེད།

Screen Shot 2018-01-15 at 6.21.26 PM

     ང་རྒྱུན་འདུག་བྱེད་ས་རྒྱ་ནང་ཁྲི་འདུ་ཡིན་པ་དང་སྐབས་དེར་ལྷོ་ནུབ་མི་རིགས་སློབ་གླིང་ན་ཡི་གེ་འདོན་བཞིན་པའི་རྔ་བའི་གསེར་མཛོད་ཁོག་གི་ཡིན་པའི་མིང་ལ་རྡོར་ཁོ་ཟེར་བའི་མི་ཞིག་དང་ཐེངས་དང་པོར་ངོ་ཤེས་བྱུང་བ་ཡིན། དེ་ནས་ངེད་གཉིས་སྐབས་སྐབས་སུ་ངོ་ཐུག་འགྲོ་བ་དང་ཁ་བརྡ་ཐེངས་གང་མང་བྱས་པ་བརྒྱུད་ནས། ཁོས་ང་ལ་རིག་གནས་ཡོན་ཏན་དགོས་པའི་ཕན་པ་དང་དགོས་པའི་གལ་ཆེན་རང་བཞིན་གྱི་ཁ་བརྡ་ཐེངས་མང་པོ་ཞིག་བྱས་པས། ང་ལ་རིག་གནས་ཡོན་ཏན་མེད་ནའང་ངེད་གཉིས་ལ་ཕྱོགས་ཁ་མཐུན་ས་མང་བ་དང་། ང་ཡང་ཁོའི་བསམ་ཕྱོགས་དང་བཤད་པའི་སྐད་ཆ་དེ་དག་ལ་འཐད་པ་སེམས་རྩ་བ་ཉིད་ནས་བྱུང་བ་ཡིན། ངེད་གཉིས་དུས་རྒྱུན་ཕྲད་པས་ཁོས་ཁ་བརྡ་སློབ་གསོ་གཙོ་བོ་ནི་སྲོལ་རྒྱུན་རིག་གནས་སྐོར་དང་རང་མི་རིགས་ཀྱི་ལོ་རྒྱུས་དང་། སྤྱི་ཚོགས་ཀྱི་གནས་བབས། མ་འོངས་པའི་ལམ་ཕྱོགས་སམ་རང་གི་མི་ཚེའི་དམིགས་འབེན། དེ་ལས་གཙོ་ཆེ་ཤོས་ནི་རང་མི་རིགས་ནི་དེང་རབས་རིག་གནས་སམ་ཡོན་ཏན་སློབ་མཁན་ཧ་ཅང་ཉུང་བ་ཡིན་པ་དང་། ང་ཚོ་ལ་མཁོ་བ་གཙོ་བོ་ནི་སློབ་གྲྭ་དང་སློབ་གསོའི་ས་ནས་མ་འདང་བ་མ་ཡོང་བ་ཡིན་པས་ང་ཚོ་སྟེ་རང་མི་རིགས་ལ་སྤྱི་ཚོགས་ལ་མཁོ་བའམ་མི་དམངས་ཀྱི་དགོས་ཕན་ལ་མཁོ་བའི་སློབ་གྲྭ་ཞིག་ལོ་རྒྱུས་སྟེང་ནས་ཧ་ཅང་ཉུང་བ་ཡིན། ཁྱེད་ཚོ་ལྟ་བུའི་ཚོང་བ་དག་གིས་ཡང་དེང་སང་ཕན་པ་དང་ཚོང་ལས་ཤོར་རྒྱུ་དང་ཚོང་ལས་གཞི་རྒྱ་ཆེན་པོ་སྤེལ་མི་ཐུབ་པ་འདི་དག་ཚང་མ་རིག་གནས་སློབ་གསོ་མ་སྦྱོང་བ་ཡིན་པ་སོགས་ཀྱི་སྐོར་ནས་ཁ་བརྡ་སློབ་གསོ་ཐེངས་གང་མང་ཞིག་བྱེད་མྱོང་། སྐབས་འགར་རང་ས་རང་གིས་འཛུགས་སྐྲུན་བྱེད་དགོས་པ་དང་རང་ས་རང་གིས་སྐྱོང་དགོས་བ་སོགས་ཀྱིས་ཁ་བརྡ་ཡང་ཐེངས་ཅི་མང་བྱེད་མྱོང་། དེ་ལྟར་ངང་ནས་ངེད་གཉིས་འགྲོགས་ནས་ལོ་གསུམ་ཙམ་འགོར་སོང་བ་དང་། དེ་དག་གི་སྐབས་ང་རང་ཕ་ཡུལ་ལ་ཡོང་ཐེངས་རེར་ངས་ཡང་རང་ཡུལ་གྱི་སློབ་གྲྭ་དང་སློབ་གསོའི་ཕྱོགས་ལ་མཉམ་འཇོག་བྱས་དུས། གནས་ཚུལ་འདི་འདྲ་རེ་འདུག  རང་སའི་དམངས་ཚོགས་ཀྱིས་རང་ས་ནས་སློབ་གྲྭ་འདོན་བསམ་རུང་། རྫོང་མཁར་ན་སློབ་ཆུང་དང་པོ་དང་སློབ་ཆུང་གཉིས་པ་ལས་མེད་པས། བྱིས་པ་མང་པོ་ཞིག་རྫོང་མཁར་གྱི་སློབ་གྲྭའི་ནང་དུ་ཞུགས་རྒྱུ་དཀའ་མོ་རེད། དེ་ལས་གཙོ་བོ་ནི་རྫོང་མཁར་ན་ཞིང་འབྲོག་ཁྱིམ་བདག་དག་ལ་གཏན་འཁེལ་གྱི་འདུག་སའི་ཁང་བ་མེད་པས་རྫོང་མཁར་དང་ཁ་ཐག་རིང་སོང་བས། གཅིག་ན་ཆ་རྐྱེན་མེད་པ་དང་གཉིས་ན་འགྲིམས་འགྲུལ་སྟབས་བདེ་མིན་པ་དང་། གསུམ་ནས་འགྲིམས་འགྲུལ་ཡོ་བྱད་མེད་པ། བཞི་ནས་སློབ་གྲྭ་དེ་གཉིས་ན་ཞག་འདུག་མེད་པས་སློབ་གྲྭ་འདོན་བསམ་རུང་བསམ་ཐོག་ཏུ་ཡོང་བ་ཧ་ཅང་དཀའ་མོ་འདུག དེ་དག་གི་སྐབས་སུ་ངས་གནས་ཚུལ་དེ་དག་ལ་མཉམ་འཇོག་དང་རྒྱུས་ལོན་བྱེད་པ་ཙམ་ལས་རང་ལ་ཆ་རྐྱེན་མེད་པས་གཞི་རྒྱ་ཆེན་པོ་ཅན་གྱི་བྱ་བའི་ཕྱོགས་ལ་འདང་རྒྱག་མྱོང་བ་ལས་ནུས་པ་མེད། ངའི་བསམ་ཚུལ་ལ་གལ་ཏེ་ནམ་ཉི་མ་ཞིག་ལ་རང་ལ་ཆ་རྐྱེན་ནམ་ནུས་པ་རེ་ལྡན་སོང་ན། ངས་རང་གིས་སློབ་གྲྭ་དང་སློབ་གསོའི་ཕྱོགས་ལ་ཕན་པ་རེ་དང་བྱ་བ་རེ་སྒྲུབ་ཨེ་ཐུབ་བསམ་པའི་བསམ་ཚུལ་ཐེངས་གཅིག་མ་ཡིན་པར་སེམས་ལ་ཐེངས་གང་མང་ཞིག་ལ་ཤར་མྱོང་། ཉིན་ཞིག་ལ། ཡང་ངེད་གཉིས་ཀྱིས་ཁ་བརྡ་བྱས་ནས་བསྡད་པའི་སྐབས་སུ། རང་གི་ནུས་པ་དང་ཆ་རྐྱེན་ལ་མཚོན་ན་དེ་འདྲ་ལས་རྒྱུ་དཀའ་མོ་ཡིན་པ་བཤད་དུས། ཁོས་ཅི་ཟེར་ཟེར་ན་ང་ལ་ཁྱོད་ཀྱིས་ལས་ཀ་དེའི་མགོ་ཟུངས་དང་ཁྱེད་ལ་དེ་འགྲུབ་པའི་ཆ་རྐྱེན་མེད་པའམ་མ་འགྲུབ་ན་ཡང་ཅི་སྐྱོན། ཁྱེད་ལ་དེའི་བསམ་པ་ཡོད་པས་ཁྱེད་ཀྱིས་ལས་ཀའི་མགོ་བཟུང་དང་ཐེངས་གཅིག་མིན་པ་གང་མང་ལ་ཟེར་བས། ངས་ཀྱང་བྱ་བ་དེ་སྒྲུབ་རྒྱུའི་ཁས་ལེན་དམ་བཅའ་བྱས་པ་ཡིན། བྱ་བ་འདི་ནི་དོན་སྙིང་ལྡན་པ་དང་རླབས་ཆེན་ཡིན་པས། བཀག་འགོག་གམ་བདེ་བླགས་ངང་འགྲུབ་རྒྱུ་དཀའ་མོ་ཡིན་པ་མ་ཟད། གེག་དང་བར་ཆད་སོགས་འབྱུང་རྒྱུའི་ཉེན་ཁ་ཡང་ཡོད་རབས་མང་པོ་བཤད་སོང་མཐར། ཁོས་ནམ་ཞིག་ཀྲུང་དབྱངས་དང་ཞིང་ཆེན་ནང་གི་ཞིན་དཔའ་གསར་འགོད་པ་ཞིག་ཁྲིད་ནས་ཁྱེད་ལ་འབྲེལ་འདྲིས་བྱ་རྒྱུ་ཡིན་ཟེར།

       ཉིན་ཞིག་ལ་ཁོས་གསར་འགོད་པ་དེ་ཁྲིད་ནས་ང་རང་བཙལ་དུ་ཐོན་ཡོང་། གནས་ཚུལ་མང་པོ་ཞིག་ཁོས་སྔོན་ནས་གསར་འགོད་པ་ལ་བཤད་འདུག་ཡོད་པས། གསར་འགོད་པས་བདག་ལ་སློབ་གྲྭ་འཛུགས་རྒྱུ་བསམ་པ་དང་འཛུགས་བསམ་པའི་ཀུན་སློང་ཇི་ལྟར་སྐྱེས་པ། དེ་ནས་སློབ་གྲྭ་དེ་ཇི་ལྟར་འཛུགས་པ་སོགས་ཀྱི་ཕྱོགས་ནས་མང་བོ་བཅར་འདྲི་བྱས་བྱུང་། ཉིན་མང་པོ་མ་འགོར་བར་རང་ཕྱིར་ཕ་ཡུལ་ལ་ཐོན་དུས་ཚགས་ཤོག་དང་ཟླ་ཕྱེད་གླེང་མོལ་སྟེང་དུ་གནས་ཚུལ་དེ་བཀོད་ཚར་ཡོད་པས། ངའི་གྲོགས་པོ་དང་ངོ་ཤེས་མང་པོ་ཞིག་གིས་བདག་ལ་དེའི་སྐོར་གྱི་བསམ་ཚུལ་དྲིས་བྱུང་བས། བདག་གིས་ཀྱང་སྦ་གསང་ཅི་ཡང་མེད་པར་རང་གི་བསམ་ཚུལ་ཇི་བཞིན་ཁ་བརྡ་བྱས། དེ་ནས་ཉི་མ་གཉིས་ཙམ་གྱི་རྗེས་ནས་ངས་རྫོང་ནང་གི་རྫོང་ཨུ་སྲིད་ཅུ་ཡང་ཧེ་ཆིན(杨海青)བཙལ་ནས་ང་ལ་སློབ་གྲྭ་འཛུགས་རྒྱུའི་བསམ་ཚུལ་དང་དམིགས་ཡུལ་ཡོད་རབས་ཁོ་ལ་བཤད་པས། ཁོས་བདག་ལ་རྫོང་མི་དམངས་སྲིད་གཞུང་དང་རྫོང་ཨུ་ནས་ཁྱེད་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ཁ་ཡག་ཀྱང་བྱས་བྱུང་། དེ་ནས་ངས་ཚོང་བ་མང་པོ་ལ་ང་ལ་བསམ་ཚུལ་འདི་འདྲ་ཡོད་པའི་སྐོར་གྱི་ཁ་བརྡ་བྱེད་དུས། ཚོང་བ་མང་པོ་ནས་བདག་ལ་རྒྱབ་སྐྱོར་བྱེད་རྒྱུའི་མོས་པ་ཡོད་པ་མང་པོ་བཤད་བྱུང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་སྟེ་༡༩༨༨ལོར་ལས་ཀ་དངོས་སུ་མགོ་བཟུང་བ་ཡིན། རྫོང་ཨུ་དང་རྫོང་སྲིད་གཞུང་ནས་ཀྱང་རྒྱབ་སྐྱོར་བྱས་ཏེ་དེང་སང་གི་སློབ་གྲྭའི་ས་འདིའི་ཕྱེད་ཀ་ཞིག་བདག་ལ་སྟེར་བ་མ་ཟད། རྗེས་ཕྱོགས་སློབ་གྲྭ་གཞི་ཁྱོན་ཇེ་ཆེར་སོང་ན་ད་དུང་ཡང་སློབ་གྲྭ་ལ་ས་སྟེར་རྒྱུ་དང་། འཛུགས་སྐྲུན་ཕྱོགས་ཀྱི་ཁ་འཕྲོར་བལྟ་བའི་ལས་བྱེད་ཞིག་བདག་གིས་ལས་ཁུངས་ནས་བཙལ་བས། རྫོང་ནས་ཀྱང་ཆོག་མཆན་ཐོབ་སྟེ་བདག་ལ་གནང་བྱུང་། ལས་མགོ་བཟུང་ནས་ཟླ་བ་ཁ་ཤས་མ་འགོར་བར་རྫོང་ནང་ནས་མགོ་བ་ཞིག་གིས་མི་འདི་ལ་གནད་དོན་ཡོད་པས་རང་ཡུལ་དང་ཁ་བྲལ་མི་ཆོག་ཟེར་ཏེ། ཟླ་ངོ་གསུམ་བཞི་ཙམ་ཕ་ཡུལ་ཏུ་བཀག་འགོག་བྱས་སོང་། ང་རང་ཚོང་བ་ཞིག་ཡིན་པས་ཟླ་ངོ་དུ་མའི་རིང་དུ་བཀག་འགོད་བྱེད་པས་ཚོང་ལས་ཕྱོགས་ནས་བདག་ལ་གྱོང་གུད་མང་པོ་ཐེབས་སོང་། མཐར་རྫོང་ནས་ཚོགས་འདུ་ཞིག་ཚོགས་ནས་ང་ལ་གནད་དོན་ཡོད་མེད་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པའི་སྐབས་ཡིན། གལ་ཏེ་གནད་དོན་འདྲ་ཡོད་ན་ནམ་བོས་ཀྱང་རང་ཡུལ་ལ་ཐོན་དགོས་ཟེར་བས་རང་གིས་ཀྱང་དེ་ལྟར་བྱེད་རྒྱུའི་ཁས་ལེན་བྱས་ནས་མཐར་རང་ཡུལ་དང་བྲལ་ཆོག་པའི་ཆོག་མཆན་གནང་བྱུང་། དེ་ནས་ཡང་བསྐྱར་རྒྱ་ནང་དུ་སོང་ནས་ཚོང་བ་མང་པོ་ཞིག་ལ་འབྲེལ་འདྲིས་བརྒྱུད་ནས་ངས་རང་གི་བསམ་ཚུལ་གླེང་ནས། རང་གི་ནུས་པ་རྐྱང་བས་སློབ་གྲྭ་འདི་འདྲ་ཞིག་འགྲུབ་རྒྱུ་དཀའ་མོ་ཡིན་པས། ཁྱེད་རྣམ་པས་རྒྱབ་སྐྱོར་དང་རོགས་རམ་དགོས་པ་ཤིན་ཏུ་གལ་ཆེ་རབས་བཤད་པས། ཚོང་བ་ཅི་མང་ནས་བདག་ལ་སྒོར་མོའི་ཕྱོགས་ནས་རོགས་རམ་བྱས་སོང་། 

757E2904-8E95-4B00-AB83-6F49DECC9911-297-00000044874731C7_tmp

    མཐར་༡༩༨༩ལོའི་ལོ་མཇུག་ཏུ་སློབ་ཁང་དང་སློབ་མའི་སྡོད་ཁང་། དགེ་རྒན་གྱི་གཞུང་སྒྲུབ་ཁང་སོགས་སྣ་འཛོམས་རང་བཞིན་ཅན་གྱི་ཁང་བརྩེགས་གསུམ་ཅན་ལ་ཁྱོན་དམངས་སྒོར་ཁྲི་༥༤་བཏང་ནས་འགྲུབ་སོང་། ༡༩༩༠ལོའི་ལོ་མགོར་སློབ་གྲྭ་དངོས་སུ་སློབ་མགོ་ཚུགས་པས་རྫོང་སྲིད་གཞུང་དང་རྫོང་ཨུ་ནས་བདག་ལ་ཁྱེད་ལ་སྒེར་དོན་སྟེང་ནས་རེ་བ་ཅི་ཡོད་བཤད་ན་ཆོག་ཟེར་བས། ངས་རང་ངོས་ནས་རེ་བ་ཅི་ཡང་མེད་ལ་སློབ་གྲྭའི་ངོས་ནས་རེ་བ་ཡོད་ཟེར་ཏེ་རེ་བ་དུ་མ་བཏོན་པ་ཡིན། གཅིག སློབ་གྲྭའི་སློབ་གཙོ་རྫོང་ཡོངས་ནས་འདེམ་ཆོག་རྒྱུ། གཉིས། དགེ་རྒན་གྱི་བརྒྱ་ཆའི་བདུན་ཅུ་རྫོང་ཡོངས་འདམ་རྒྱུ། གསུམ། སློབ་གྲྭ་འདི་ནམ་ཡང་སློབ་གྲྭ་རྐྱང་བ་བྱེད་པ་ལས་གཞན་གྱི་རྣམ་པ་ལ་བསྒྱུར་མི་ཆོག་པ། བཞི། སློབ་གྲྭ་འདིའི་ནང་གི་སློབ་མ་བསྡུ་བའི་ཁ་ཕྱོགས་གཙོ་བོ་རང་རྫོང་གི་ཞིང་འབྲོག་མི་དམངས་ལ་ཕྱོགས་དགོས། ལྔ། སློབ་གྲྭའི་ཁྲིད་ཚན་གྱི་བཀོད་སྒྲིག་ཕྱོགས་ནས་བོད་ཡིག་གཙོས་དང་རྒྱ་ཡིག གྲངས་རིག དབྱིན་ཡིག་སོགས་ངེས་པར་ཏུ་ཁྲིད་ཆོག་པར་བྱ་བ། དྲུག སློབ་གྲྭའི་མིང་ལ་ཅི་འདོགས་པ་རྫོང་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་ཡིན་པ་བཅས་རེ་བ་མི་འདྲ་བ་དྲུག་བཏོན་པས། རྫོང་ནས་ཀྱང་རེ་བ་དག་དང་ལེན་བྱས་པ་དང་དེ་ལས་སློབ་གྲྭའི་མིང་ལ་ཅི་འདོགས་ང་རང་གིས་ཅི་བསམ་ལྟར་བཏགས་ན་ཆོག་པའི་ཆོག་མཆན་ཐོབ། དེ་ནས་ངས་བསམ་བློ་བཏང་དུས་སློབ་གྲྭ་འདིའི་འཛུགས་སྐྲུན་ཕྱོགས་ལ་ཚོང་བ་ཅི་མང་ནས་རྒྱབ་སྐྱོར་རོགས་རམ་མང་པོ་ཐོབ་པས་མཐར་གངས་ལྗོངས་ཚོང་བའི་སློབ་གྲྭ་ཞེས་བཏགས་པ་ཡིན། དང་ཐོག་སློབ་གྲྭ་འདིར་སློབ་མ་ལྔ་བཅུས་གྲུབ་པའི་འཛིན་གྲྭ་གཅིག་བསྡུས་པ་ཡིན། སློབ་གཙོ་དཔལ་ཁོ་དང་རྒྱ་ཡིག་དགེ་རྒན་ཉོས་ལན། བོད་ཡིག་དགེ་རྒན་ཕྱག་རྡོར། གྲངས་རིག་དགེ་རྒན་དཔལ་མོ་བཅས་དགེ་རྒན་བཞི་རྫོང་ཡོངས་ནས་འདམ་གསེས་བྱས་པ་ཡིན། སློབ་གྲྭ་དངོས་སུ་མགོ་ཚུགས་དུས་བོད་ཁུལ་གྱི་ས་ཕྱོགས་སོ་སོ་ནས་རྟེན་འབྲེལ་ཞུ་བའི་ཏར་འཕྲིན་མང་བོ་འབྱོར་སོང་། ༼གོ་ཐོས་ལྟར་ན་བོད་ཁུལ་ན་སྒེར་བཙུགས་སློབ་གྲྭ་ཐོག་མ་ཡིན་ཞེས་བཤད་ཀྱིན་འདུག༽དེ་ལྟར་ལོ་དུ་མར་ངས་སློབ་གྲྭ་འདི་བསྐྱང་མཐར་རང་གི་ནུས་པ་དང་ཆ་རྐྱེན། ཚོང་ལས་སོགས་དེ་འདྲའི་བདེ་ལེགས་ཡོང་རྒྱུའི་དཀའ་ངལ་རེ་ཕྲད་བྱུང་བས། སློབ་གྲྭ་མུ་མཐུད་དུ་བསྐྱང་རྒྱུའི་ནུས་པ་མེད་པས། མཐར་༡༩༩༡ལོར་རིན་མེད་ངང་ནས་མི་དམངས་སྲིད་གཞུང་ལ་འབུལ་བ་ཡིན།

Screen Shot 2018-01-15 at 6.56.41 PMScreen Shot 2018-01-15 at 6.57.10 PM Screen Shot 2018-01-15 at 6.57.32 PM

    ལོ་རབས་དགུ་བཅུའི་དཀྱིལ་ཙམ་ནས་སྲིད་གཞུང་དང་སློབ་གསོ་ཅུས་ནས་སློབ་གྲྭ་འདི་ལ་མཐོང་ཆེན་དང་རྒྱབ་སྐྱོར་དེ་འདྲ་མི་བྱེད་པའི་ལྟ་ཚུལ་ང་རང་ལ་ཡོད་པ་མ་ཟད། སློབ་གཙོ་ནས་ཀྱང་ཐེངས་གང་མང་ཞིག་ལ་ང་ལ་བཤད་མྱོང་། ངས་ཀྱང་ཁོ་ལ་སེམས་གསོའི་ཁ་བརྡ་གང་མང་བྱས་མྱོང་། དེའི་སྐབས་རྫོང་དཔོན་ནི་ལུས་མེན་སུང་(刘明松)རེད། སློབ་གསོའི་ཅུས་ཀྲང་ནི་ཀྲང་ཅིས་ཀྲིན(张继正)ཡིན། ང་རང་རྒྱ་ནང་དུ་ཡོད་པའི་ཉིན་ཞིག་ལ། སློབ་གཙོ་དཔལ་ཁོ་ནས་ཁ་པར་ཐོན་ནས་བཤད་རྒྱུར། སློབ་གྲྭ་ཞིག་གསོ་བྱེད་བསམ་ནས་སློབ་གསོ་ཅུས་ལ་ཡར་ཞུ་ཡི་གེ་སྤྲད་དུས། རྫོང་དང་སློབ་གསོ་ཅུས་ནས་རྫོང་འཛུགས་སྐྲུན་ཅུས་ཀྱི་མི་སྣ་ཁྲིད་ཡོང་སྟེ། སློབ་གྲྭའི་ཁང་བ་དག་ལ་ལྟ་རྟོགས་བྱས་མཐར། སློབ་གྲྭའི་ཁང་བའི་ནང་དུ་ལྕགས་མེད་པས་སློབ་གྲྭའི་ཁང་བ་དག་ནི་ཉེན་ཁ་ཅན་གྱི་ཁང་བར་བཞག་ནས་ཞིག་གསོ་ཡི་རིན་ཐང་མེད་པའི་གཏམ་མང་པོ་བཤད་སོང་། ད་དུང་གལ་ཏེ་སློབ་གྲྭའི་ཁང་བ་རྡིབ་སོང་ན་དགེ་སློབ་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཡོད་པདང་། རྫོང་དང་སློབ་གསོ་ཅུས་ནས་འགན་ཅི་ཡང་ཁུར་རྒྱུ་མིན། ད་ཡོད་ཀྱི་སློབ་གྲྭའི་ནང་དུ་ཡོད་པའི་སློབ་མ་དག་སོ་སོ་རང་སར་གྱི་ཡུལ་ཚོའི་སློབ་གྲྭར་ཕྱིར་ལོག་རྒྱུའི་ཕྱོགས་ནས་རྫོང་དང་སློབ་གསོ་ཅུས་ནས་ཡིག་ཆར་ཕུད་དེ་ལག་སྟར་བྱེད་རྒྱུ་དང་། སློབ་གྲྭ་འདི་བསྐྱར་འཛུགས་བྱེད་དགོས་ན་སློབ་གསོ་ཅུས་མ་ཟད་ཐ་ན་རྫོང་ནའང་ནུས་པ་དེ་མེད་པས། རྗེས་ཕྱོགས་ནམ་ཞིག་ལ་སློབ་གསོ་ཅུས་དང་རྫོང་ལ་ནུས་པ་རེ་ཡོད་ན་དེ་དུས་བསྐྱར་སྐྲུན་བྱེད་རྒྱུ་ཡིན་ཟེར་བ་དང་།  དེ་མིན་ན་རྫོང་རྒྱ་ཡིག་སློབ་འབྲིང་དང་བོད་ཡིག་སློབ་འབྲིང་ནས་སློབ་ཁང་ལྷག་མ་མང་པོ་ཡོད་པས་ཁྱོད་ཚོས་སློབ་གྲྭ་ལ་གཡར་ཟེར་མོད། དོན་ཐོག་ཏུ་ཁང་བ་གཡར་དུ་སོང་དུས་ཁང་བ་མེད་ཟེར་ནས་གཡར་མ་སོང་། དོན་དངོས་སུ་སློབ་གྲྭ་འདི་གཏོར་རྒྱུའི་ལམ་ལ་བཞག་སོང་། སློབ་མའི་ཁྱིམ་བདག་དག་གིས་གནས་ཚུལ་དེ་དག་ཤེས་རྗེས་ཁོ་ཚོས་སློབ་གསོ་ཅུས་ལ་སློབ་གྲྭ་ནི་གཏོར་ན་མི་ཆོག་པ་དང་། སློབ་གྲྭ་འདི་གཏོར་སོང་ན་ང་ཚོའི་བུ་རྒྱུད་དག་ཞག་སྡོད་བྱེད་སའི་སློབ་གྲྭ་མེད་པས་སློབ་གྲྭའི་ཁང་བར་ངོ་མ་ཉེན་ཁ་ཡོད་ན། ཁོ་ཚོས་སློབ་གྲྭའི་ར་ནང་ནས་གུར་ཕུབས་ཏེ་འདུག་རྒྱུ་དང་། ཡང་ན་རང་རང་སོ་སོའི་ཁྱིམ་ནས་ཤིང་ཆ་རེ་བཟུང་ནས་ར་ནང་ནས་ཤིང་ལེབ་ཀྱིས་སློབ་ཁང་དང་སློབ་མའི་འདུག་ས་ལས་རྒྱུ་ཡིན་ཟེར་ནས་སློབ་གྲྭ་གཏོར་ན་མི་ཆོག་པའི་སོ་སོས་བསམ་འཆར་བཏོན་བ་སོགས་བདག་ལ་ཁ་པར་ནང་ནས་གསལ་བོ་ཞིག་བཤད་བྱུང་། ངས་གནས་ཚུལ་དེ་ཐོས་པ་བརྒྱུད་ཕྱིར་ཉིན་ཁྲི་འདུ་ནས་ལམ་ལ་ཆས་ཏེ་འབར་ཁམས་ལ་ཡང་ཧེ་ཆིན(杨海青)བཙལ་དུ་སོང་བ་ཡིན། ༼སྐབས་དེ་དུས་ཁོ་ནི་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡིན།༽ང་ཁོ་ལ་ཐུག་ནས་གོང་གི་གནས་ཚུལ་དག་ཁོ་ལ་བཤད་པར་མ་ཟད་སློབ་གྲྭ་གཏོར་མི་ཆོག་པ་དང་། ང་རང་སློབ་གྲྭ་གཏོར་ན་མི་འཐད་པའི་རེ་བ་ནན་ཏན་བྱས་པས་ཁོས་ཡང་ང་ལ་དང་ཐོག་ཁྱེད་ཀྱིས་ལྷག་བསམ་དེ་འདྲ་དང་དཀའ་ལས་མང་བོ་བརྒྱུད་ནས་བཙུགས་པ་ཡིན་པས། དེ་གཏོར་རྒྱུའི་ཕྱོགས་ལ་ང་རང་འཐད་པ་མིན་ཞེས་བཤད་བྱུང་། དེའི་ཕྱི་ཉིན་ང་རང་ཡུལ་ལ་ཐོན་མ་ཐག་སློབ་གྲྭའི་ནང་དུ་སོང་ནས་སློབ་གྲྭའི་ཁང་བ་ཡོངས་རྫོགས་ལ་ཕྲ་ཞིང་རྒྱས་པ་ཞིག་བལྟས་པ་ཡིན། རྫོང་འཛུགས་སྐྲུན་ཅུས་ཀྱི་མི་སྣས་ཟེར་བའི་གནས་ཚུལ་དེ་དག་མཐོང་མ་སོང་བས་ཡིད་སེམས་བདེ་ལ་བབས་པ་དང་། ངས་གོང་གི་ལས་ཁུངས་དག་བཙལ་ནས་ཁོ་ཚོ་ལ་ཡང་བསྐྱར་སློབ་གྲྭའི་ཁང་བ་དག་ལ་རྟོགས་ཞིབ་བྱ་རྒྱུ་རེ་བ་བཏོན་པ་ཡིན། ཁོ་ཚོ་ཐོན་ནསསློབ་གྲྭར་བལྟས་ཀྱང་བརྟག་འབྲས་ཐག་གཅོད་ཡག་པོ་བྱས་མ་སོང་། དེའི་རྗེས་ནས་སློབ་གསོ་ཅུས་ཀྱི་མི་སྣ་མང་པོ་ཁྲིད་ནས་བལྟས་རྗེས། དང་ཐོག་གི་སྐད་ཆ་དེ་ལས་གཞན་ཅི་ཡང་བཤད་མ་སོང་། དེའི་རྗེས་ནས་སློབ་གསོ་གཙོ་གཉེར་གྱི་རྫོང་དཔོན་གཞོན་པ་བང་ཀྲི་ཧོང་(王智洪)ཡོང་ནས་སློབ་གྲྭའི་ཁང་བ་ཚང་མར་བལྟས་པ་དང་། ཁོས་བཤད་རྒྱུར་ལོ་རྗེས་མའི་ནང་རྔ་བ་ཁུལ་ནས་ཁང་བ་བརྟག་དཔྱད་ལས་ཁུངས་ནས་མི་སྣ་བོས་ཏེ་ཡང་བསྐྱར་སློབ་གྲྭའི་ཁང་བར་བརྟག་དཔྱད་བྱེད་རྒྱུའི་ཐོག་ཏུ་བཞག་སོང་བས། སློབ་གསོ་ཅུས་ནས་ཐུང་ཐུང་་མྱུར་མྱུར་ངང་སློབ་གྲྭ་མཚམས་འཇོག་རྒྱུའི་གནས་ཚུལ་དེ་ཞི་འཇགས་ལ་བབས་སོང་། ལོ་ངོ་དེ་དག་གི་རིང་ལ་སློབ་གྲྭའི་དགེ་རྒན་དག་གིས་འབད་པ་ལྷོད་མེད་དང་སློབ་མར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་སོང་བས། ངའི་བསམ་པར་རྫོང་སློབ་གསོ་ཅུས་ནས་སློབ་གྲྭའི་དགེ་སློབ་དག་དེ་འདྲའི་མཐོང་ཆེན་མི་བྱེད་པས་ངས་མགོ་བཟུང་སྟེ་ཚོང་བ་དག་ལ་སྒོར་མོ་སློང་ནས་དགེ་སློབ་དག་ལ་དགའ་རྟགས་རེ་ཕུལ་བ་དང་། དེའི་ཕྱི་ལོའི་དབྱར་ཁར་ངས་སློབ་གྲྭའི་དགེ་བཟོ་ཚང་མ་ཁྲིད་ནས་ལྷ་སར་མཇལ་སྐོར་ཏུ་ཕྱིན་པ་ཡིན། 

07ECB0D2-22E1-41D1-9914-8D1F8C248CD3-297-00000041961DD520_tmp B6B013F0-E6F6-4FC0-B56D-87E0A66C6F6B-297-00000040B896BE47_tmp CF4AF406-98D4-4148-951A-8F22A30D0961-297-000000419CD36223_tmp

    མཇལ་སྐོར་ཚར་ནས་ཕྱིར་ཡུལ་ལ་ཐོན་དུས་ཁུལ་ནང་ནས་མི་སྣ་ཡོང་སྟེ་སློབ་གྲྭའི་ཁང་བ་དག་ལ་བལྟས་ཚར་འདུག མཇུག་སྡོམ་ནང་དུ་ཁང་བའི་ནང་གི་ལྕགས་ཀྱིས་འདང་འདུག་ཅེས་བྲིས་འདུག་པས། དེ་ནས་རྫོང་སློབ་གསོ་ཅུས་ནས་སློབ་གྲྭའི་ཁང་བ་དག་ལ་ཞིག་གསོ་དང་ཁང་བའི་སྟེང་ལ་གྱོ་ལོ་(ས་ཕོག)འགེབ་རྒྱུའི་ལས་མགོ་བཟུང་སྟེ། ཁོ་ཚོས་དང་ཐོག་གི་སློབ་གྲྭ་གཏོར་བསམ་པའི་ལས་ཀ་དེ་ལག་སྟར་བྱེད་རྒྱུ་མ་སོང་བར་སློབ་གྲྭ་སྔར་བཞིན་གནས་ཐུབ་སོང་བས། ང་གཙོར་བྱས་པའི་ཁྱིམ་བདག་མང་བོ་ཞིག་གི་སེམས་བདེ་ལ་བབས་སོང་། དེ་ནས་༢༠༠༣ལོའི་ལོ་མཇུག་ནས་ཀིརྟིའི་ནང་བསྟན་སློབ་གླིང་དང་གངས་ལྗོངས་ཚོང་བའི་སློབ་གྲྭ་གཉིས་བསྡོངས་ནས་མི་རིགས་བཅའ་སྡོད་སློབ་གྲྭར་བསྒྱུར་རྗེས། རྫོང་མི་དམངས་སྲིད་གཞུང་དང་རྫོང་ཨུ་ནས་གྲོས་གཞི་བྱས་ཏེ་ཐག་གཅོད་བྱས་སོང་། བཅའ་སྡོད་སློབ་ཆུང་གི་སློབ་གཙོ་དང་བོ་མཚན་ཉིད་ཡུལ་ཚོའི་ར་མདོ་སྡེ་བའི་འགྲོ་མགོན་ནས་༢༠༠༢ནས་༢༠༠༨་ལོའི་ཟླ་བ་དགུ་བའི་བར་ཏུ་སློབ་གཙོ་ལ་བསྡད་པ་རེད། ༢༠༠༨ལོའི་ཟླ་བ་དགུ་བ་ནས་མཛོད་དགེ་རྫོང་ཐེ་བོའི་བསོད་ནམས་བཀྲ་ཤིས་ཀྱིས་སློབ་གཙོའི་འགན་ཁུར་བཞིན་ཡོད་ལ། དེང་སང་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་རྨོའུ་༣༡དང་སྐར་མ༤་ཡོད། སློབ་གྲྭ་འདི་ལ་ཁྱོན་སློབ་མ་༡༢༣༧ཡོད་པ་དང་འཛིན་གྲྭ་༢༡། དགེ་བཟོ་༩༤ཡོད།

Screen Shot 2018-01-15 at 6.22.58 PM

    འདི་ལྟ་བུའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དག་ཞག་སྡོད་བྱས་ནས་རིག་གནས་སྦྱངས་སའི་ཁོར་ཡུག་ཆེན་པོ་ཞིག་ཆགས་ཐུབ་སོང་བ་ནི་བདག་གི་བློ་ཡུལ་ལས་འདས་པ་ཞིག་ཡིན་པ་བཤད་ཅི་དགོས། ཡིན་ཡང་འདི་དག་ཚང་མ་སྔོན་དང་ད་བར་གྱི་སློབ་གསོའི་ཕྱོགས་ལ་ལྷག་བསམ་དཀར་བོས་ཐུགས་ཁུར་གནང་བའི་དགེ་རྒན་དག་དང་། རྒྱབ་སྐྱོར་དང་རོགས་རམ་ཚད་མེད་གནང་བའི་ཚོང་བ་རྣམས། ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པའི་ཁྱིམ་བདག་རྣམ་པའི་བཀའ་དྲིན་ཡིན་པ་བཤད་ཅི་དགོས། མ་འོངས་པར་ཡང་སློབ་གྲྭའི་དབུ་ཁྲིད་རྣམ་པའི་སྣེ་ཁྲིད་དང་དགེ་རྒན་རྣམ་པའི་ལྷག་བསམ་དང་ཐུགས་ཁུར། ཞིང་འབྲོག་མང་ཚོགས་ཚོས་རྒྱབ་སྐྱོར་འོག་ནས་སློབ་གྲྭ་འདི་ཇེ་དར་དང་ཇེ་རྒྱས་སུ་འགྲོ་བར་བདག་ལ་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *