བོད་ཅེས་པའི་མིང་ལ་དཔྱད་པ། 

རྩོམ་ཡིག་འདི་ཐེངས། 1025 བཀླགས་འདུག

   21 (1)    གདོང་དམར་བའི་འཚོ་གནས་མཐོ་སྒང་གི་ཡུལ་གྲུ་འདི་ལ་བོད་ཅེས་པའི་མིང་ཐོགས་ཚུལ་ཡང་མཁས་པ་སོ་སོའི་ཞིབ་འཇུག་གི་བློ་མིག་མི་འདྲ་བའི་དབང་གིས་འདོད་ཚུལ་ཤིན་ཏུ་མང་བ་ཞིག་བྱུང་ཡོད་པ་དཔེར་ན་བྲོས་དང་བུད་ཅེས་པ་ལས་ཟུར་ཆག་པ་དང་། རྒྱལ་བོ་འོད་དེ་སྤུ་རྒྱལ་གྱི་མཚན་ལས་ཟུར་ཆག་པ་དང་། བོན་ཞེས་པའི་ཆོས་ལུགས་ཀྱི་མིང་ལས་ཟུར་ཆག་པ་སོགས་དུ་མར་བཞེད།

༡༽ བྲོས་དང་བུད་ཅེས་པ་ལས་ཟུར་ཆག་པའི་སྐོར།

      《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་རྩོམ་པ་པོ་པཎྚི་ཏ་ཤེས་རབ་གོ་ཆས།》སྟོན་པ་ཤཱཀ་ཐུབ་མ་བྱོན་པའི་སྔོན་གྱི་རྩོད་ལྡན་གྱི་ཐོག་མ་སྐྱབས་སེང་བུ་ལྔས་དཔུང་ཚོགས་ཡན་ལག་བཅོ་བརྒྱད་(བཅུ་གཉིས)བཅོམ་པའི་དུས་སྐབས་སུ་དམག་རྒྱལ་པོའི་བུ་ཆུང་ཤོས་རུ་པ་ཏིའི་དཔུང་ཚོགས་ཕམ་སྟེ་བུད་མེད་ཀྱི་ཆས་སུ་རི་ཁ་བ་ཅན་འདི་ལ་བྲོས་བྱོལ་གྱི་ཚུལ་དུ་བསླེབ་པས་བྲོས་ཀྱི་སྒྲ་ཟུར་ཆག་སྟེ་བོད་ཅེས་ཐོགས་ཚུལ་དང་ཡང་འགའ་རེས་བུད་མེད་ཀྱི་ཆས་སུ་ཞེས་པའི་སྐབས་བུད་ཅེས་པའི་སྒྲ་ཟུར་ཆག་སྟེ་བོད་ཐོགས་པར་འདོད་པ་དང་། ཡ་ཐོག་གི་རྒྱལ་འབངས་དུས་མཉམ་དུ་བྱུང་བར་འདོད་པའི་ལུགས་ཀྱིས་བོད་ཀྱི་མི་རྒྱུད་ཆད་ཁུངས་ཀྱང་རུ་པ་ཏིའི་འཁོར་ཚོགས་འདི་ལས་ཆད་གསུངས་པའི་ཚུལ་དེ་ལ་མི་འཐད་ཚུལ་ཡང་ནེའུ་པ་པཎྜི་ཏའི་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་དང་།》དང་《ཆོས་འབྱུང་མཁས་པའི་དགའ་སྟོན》《སུམ་པ་ཆོས་འབྱུང་》སོགས་སུ་དགག་བཞག་ཀྱང་མཛད་ཡོད་པ་དང་ལོ་རྒྱུས་པ་འགས་ཞིབ་དཔྱོད་འདི་ལྟར་གནང་ཡོད་དེ། 1983ལོའི་མཚོ་སྔོན་སློབ་གསོའི་《བོད་ཀྱི་རུས་ཁུངས་ཐོག་མའི་ཚན་དཔྱོད་》ཅེས་པ་ལས། བྲོས་བྱོལ་དུ་ཡོང་བའི་རུ་པ་ཏི་ལྟར་ན་ཁོའི་འཁོར་སྟོང་ཕྲག་བུད་མེད་ཀྱི་ཆ་སུ་ཞུགས་ནས་བྲོས་ཡོང་བ་ལ་བལྟས་ན་བུད་མེད་གཅིག་ཀྱང་མེད་པ་འདྲ། སྐྱེས་པ་ཁོ་ན་སྟོང་ཙམ་ཕར་ཞོགས་འབུམ་ཙམ་ཞིག་ཡོད་ཀྱང་ཁོང་ཚོ་རིམ་གྱིས་ཚར་འགྲོ་བ་ལས་རུས་རྒྱུད་ཅི་ལྟར་སྤེལ་ཐུབ། གལ་ཏེ་ཁོང་ཚོ་བྲོས་བྱོལ་དུ་ཡོང་སའི་ས་ནས་གཉེན་སྡེབ་སའི་བུད་མེད་ཡོད་ཚེ་ངེས་པར་དུ་མིའི་འགྲོ་བ་ཡོད་པས་རུ་པ་ཏིའི་འཁོར་དེ་རུས་ཁུངས་སུ་ཇི་ལྟར་བརྩི་ཞེས་པ་ནི་ཞིབ་འཇུག་གི་བྲོ་བ་ཆེ་ཞིང་མཁས་དབང་ནོར་མཁའི་ནོར་བུས་ཀྱང་དེ་ནི་རིག་ལམ་ཡང་དག་པ་ཞིག་ཏུ་གོ ཅེས་གསུངས་ཡོད། 

      འདིར་དོགས་སྣང་ཞིག་ཡོད་པ་ནི་སྐྱབས་སེང་བུ་ལྔས་འཐབ་པའི་དམག་འཁྲུག་དེ་ནི་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་ལ་བྱུང་བ་རྒྱ་གར་གྱི་ལོ་རྒྱུས་རྣམས་སུ་ཡོངས་སུ་གྲགས་པར་བཤད་པས་དེའི་སྔོན་དུ་བོད་ལ་འགྲོ་བ་མིའི་རིགས་ཡོད་པ་གསལ་ཞིང་ལྗོངས་འདི་སེམས་ཅན་མང་པོ་ཞིག་གིས་དབང་བྱས་ཡོད་པ་བན་བོན་གྱི་ཡིག་ཚང་དུ་མ་ལས་གསལ་ཞིང་དཔེ་མཚོན་ཙམ་དུ་བཀོད་ན།《རྒྱལ་པོ་བཀའ་ཡི་ཐང་ཡིག་》ལས་དང་པོ་གནོད་སྦྱིན་གྱིས་དབང་བྱས་པ་དང་དེའི་མཚམས་ནས་བདུད་སྲིན་གྱིས་དབང་བྱས་པ་དང་། དེའི་མཚམས་ནས་ཀླུ་བཙན་གྱིས་དབང་བྱས་པའི་སྐབས་ཡུལ་གྱི་མིང་ཡང་བོད་ཁམས་གླིང་དགུར་བཏགས་ཞེས་པས་ཆེས་སྔ་མོ་རུ་པ་ཏིའི་འཁོར་ཚོགས་བོད་དུ་མ་བསླེབས་པའི་དུས་ནས་གངས་རིའི་ར་བས་བསྐོར་བའི་ཡུལ་གྲུ་འདི་ལ་བོད་ཅེས་པའི་མིང་ཡོད་པ་ཤིན་ཏུ་ནས་གསལ་བའོ།།

༢༽ རྒྱལ་བོ་འོད་དེ་སྤུ་རྒྱལ་གྱི་མཚན་ལས་ཟུར་ཆག་པའི་སྐོར།

    བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ཉིད་འོད་གསལ་ལྷ་ལས་མཆེད་པས་མཚན་དངོས་ལ་འོད་དེ་སྤུ་རྒྱལ་ཟེར་ཞིང་མིང་དེའི་ཟུར་ཡུལ་ལ་ཆག་སྟེ་འོད་ཡུལ་ཟེར་ཞིང་ཕྱིས་སུ་སྒྲ་འགྱུར་ནས་བོད་ཡུལ་ཞེས་འབོད་པར་འདོད་པ་དང་། སྤྱིར་བོད་རྒྱལ་གཉའ་ཁྲིའི་ལོ་རྒྱུས་ལ་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་གཅིག་སྟེ་ལ་ལས་ཐེའུ་རང་གི་རིགས་རྒྱུད་ཡིན་པ་དང་།འགའ་རེས་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་རྒྱུད་སྟོབས་ཆུང་གི་སྲས་ཡིན་པར་འདོད་པ་དང་། ཡང་ལ་ལས་ཤཱཀྱའི་རྒྱུད་ཡིན་པར་འདོད་པ་སོགས་ནི་རང་རེ་བོད་བརྒྱུད་ནང་བསྟན་ལ་དད་ཞེན་ཆེ་དྲགས་ཏེ་རྒྱུ་མཚན་མེད་པར་བོད་ལ་ཡོད་ཚད་ཀྱི་ཁུངས་གཞན་ཡུལ་ལ་གཏུགས་སྲོལ་གྱི་གྲལ་དུ་ཚུད་པ་མིན་ནམ་སྙམ།

      ཡང་ལྷ་ལས་མཆེད་པར་འདོད་ཅིང་གནམ་ནས་བྱོན་པར་འདོད་པ་ནི་ཡོ་ག་ལྷ་གྱེས་ཅན་གྱི་ལུགས་ཡིན་ནམ་བསམ་ཞིང་བླ་ཆེན་དྲན་པས་མཛད་པ་《སྲིད་པ་རྒྱུད་ཀྱི་ཁ་བྱང་ལས》ཡབ་བླ་བདལ་དྲུག་གདུང་རྒྱུད་ལས། བདུན་ཚིགས་ཁྲི་སད་འབར་གྱི་སྲས། གནམ་དགུང་བྱོན་པའི་མིང་། རྗེ་ལྡེ་གཉའ་ཁྲི་བཙད་པོ་ཡིན། གནམ་ནས་ས་ལ་བྱོན་པའི་མཚན། རྒྱལ་པོ་ཁྲི་སྲས་ཙམ[ཙི]ལཊ། ཞེས་གསུངས་སོ།།

     རྒྱལ་བོའི་མཚན་ཡུལ་ལ་ཟུར་ཆག་པ་ནི་ལྕང་གླིང་རོལ་བའི་རྡོ་རྗེས་ཀྱང་བཞེད་ལ་ཁོང་གིས་གཉའ་ཁྲི་ནི་སྤུ་བོའི་ཡུལ་ནས་བྱུང་བར་འདོད་ཅིང་མཚན་ལའང་འོད་དེ་སྤུ་རྒྱལ་ཟེར་ཞིང་དེ་ལས་རིམ་བཞིན་སྒྲ་ཟུར་ཆག་སྟེ་བོད་ཅེས་པའི་མིང་འདི་གྲུབ་ཚུལ་ཁོང་གིས་མཛད་པའི་《ཕོ་བྲང་ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ་》སོགས་སུ་གསལ། ད་ལྟའང་མདོ་སྨད་རོང་ཕྱོགས་ཀྱི་ཡུལ་གྲུ་མང་བོ་ཞིག་གིས་བོད་མི་ལ་འོད་མི་དང་བོད་ཡུལ་ལ་འོད་ཡུལ་ཞེས་འབོད་ཚུལ་སོགས་ལྡོང་ཡོན་གྱིས་དེབ་དཀར་ཟིན་བྲིས་སུ་གསུངས། 

     ཡང་འདི་ལ་དོགས་སྣང་ཞིག་ཡོད་པ་ནི་བོད་རྒྱལ་འོད་དེ་སྤུ་རྒྱལ་མ་བྱུང་བའི་སྔོན་གྱི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་སྟོན་པ་གཤེན་རབ་ཀྱི་དུས་ནས་བོད་ཅེས་པའི་མིང་འདི་བྱུང་ཚར་བ་གོར་མ་ཆག་སྟེ་ཁོང་གི་མཛད་མདོ་རྒྱས་པ་《དྲི་མེད་གཟི་བརྗིད་》ལས་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་འདྲེ་བཀར། ཡུགས་ཕུད་པའི་ལུང་བསྟན་ཞེས་དང་《ལེགས་བཤད་མཛོད་》ལས་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་ལས་བརྒྱད་པ་བདུད་བཏུལ་སྐབས་དེ་ནས་སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་འགོར་བྱོན་ཏེ་བོད་ཀྱི་ལྷ་འདྲེ་རྣམས་དབང་དུ་བསྡུས་ཏེ་བཀའ་ལ་ཉན་པའི་ཆད་མདོ་ཕུལ་ཞེས་སོགས་གསུངས་པས་བོད་རྒྱལ་འོད་དེ་སྤུ་རྒྱལ་གྱི་སྔོན་ནས་གངས་རིའི་ར་བས་སྐོར་བའི་ལྗོངས་འདི་ལ་བོད་ཅེས་པའི་མིང་འདི་བྱུང་ཟིན་པ་དེ་ཙམ་གྱིས་ཀྱང་རྟོགས་ཐུབ་བོ།།

༣༽ བོན་ཞེས་པའི་མིང་ལས་ཟུར་ཆག་པའི་སྐོར།

ཡང་མཁས་པ་འགའ་རེས་ཐོག་མར་མཐོ་སྒང་གི་ཡུལ་འདི་ལ་བོན་ཡུལ་ཞེས་འབོད་པ་ལ་རིམ་བཞིན་སྒྲ་འགྱུར་ཏེ་བོད་ཡུལ་ཞེས་གྲགས་པར་འདོད་པ་ཡང་ཡོད་དེ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་《ལེགས་བཤད་མཛོད་ལས》སྤྱིར་བོད་ཁམས་ཞེས་པ་ནི་བོན་ཁམས་ཞེས་པའི་སྒྲ་ཟུར་ཆག་སྟེ་བོད་ཁམས་ཞེས་གྲགས་པར་སྔ་རབས་པས་བཞེད་ལ། ལུང་གིས་ཀྱང་ངེས་ཏེ། 《གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད》ལས་མཁས་པ་མི་བཞི་དང་སྐུ་སྲུང་སྡེ་བཞི། གྱེར་མི་སྤུན་གསུམ་གྱི་རིང་མངའ་རིས་བོན་གྱི་སྐོར་དུ་འགྱུར་བ་ལགས་ཅེས་སོ།།

      ཞེས་གསུངས་པ་ལའང་རྒྱུ་མཚན་ཡོད་དེ་བོད་རྒྱལ་དུ་མའི་རིང་ལ་གཡུང་དྲུང་བོན་གྱི་ཆོས་ལུགས་ལྗོངས་འདིར་དར་ཁྱབ་ཆེ་བ་དང་སྐྱབས་སུ་བརྟེན་པ་མ་ཟད་བོད་རྒྱལ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་སྔོན་དུ་བོན་ཁྲིམས་ཡོད་པས་དེ་སྐད་དུ་མི་གྲགས་པའང་མེད་དེ། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《དེབ་ཐེར་དཀར་པོ་》ལས་ཀྱང་། བོད་དང་བོན་གཉིས་དོན་གཅིག་གོ་བྱ་བར་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ་འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས་མིང་དེ་སྐད་དུ་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ་ཞེས་གསུངས་པས་འོ་ན་བོན་ཞེས་པའི་མིང་ལས་བོད་ཅེས་ཟུར་ཆག་པ་ཡིན་ན་རང་རེའི་ཡུལ་འདི་ལ་བོད་ཅེས་པའི་མིང་འདི་རྗེ་གཉའ་ཁྲིའི་ཡར་སྔོན་ནས་གྲགས་པས་བོན་ཞེས་པའི་ཐ་སྙད་འདིའང་དེ་དུས་ཤིག་ནས་ཡོད་དམ་ཟེར་ན་བོན་ཞེས་པའི་ཐ་སྙད་འདི་ཆེས་སྔ་མོ་གཤེན་རབ་བོད་དུ་མ་བྱོན་པའི་སྔོན་ནས་ཡོད་པ་《དྲི་མེད་གཟི་བརྗིད》སོགས་ཆོས་འབྱུང་དུ་མ་ལས་གསལ་བ་དང་། བོད་ཅེས་པའི་མིང་འདི་མངའ་མཛད་བཅུ་གཉིས་ལས་གསུམ་པ་ཀླུ་བཙན་གྱིས་དབང་བྱས་པའི་སྐབས་ནས་ཡོད་པ་《རྒྱལ་པོ་བཀའ་ཡི་ཐང་ཡིག་》ལས་གསལ་བས་བོན་ཞེས་པའི་མིང་འདི་དེ་ཡི་སྔོན་ནས་ཡོད་དགོས་པ་ཡིན་ཞིང་དེའི་སྔོན་ནས་ཡོད་པ་མངའ་མཛད་བཅུ་གཉིས་ལས་དང་པོ་གནོན་སྦྱིན་གྱིས་དབང་བྱས་པའི་དུས་ནས་ཡོད་པ་ཡང་《ཤེལ་བྲག་རིའི་གཏེར་བོན》ལས་དང་པོ་གནོན་སྦྱིན་གྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ནི་ཁ་རག་སྒོ་དགུ་བཏགས་སོ། དེའི་དབུས་སུ་བདུན་བོན་ཁ་སྟ་འགྲེང་ཡུག་བྱུང་སྟེ་བདུད་ཀྱི་གོང་ན་གཤེན་གཉན་པ་ལགས།བདུད་རོང་རོང་རྩོལ་བ་ལ་སོགས་པས་བཀུར་སྟི་བོན་ལ་བྱས་པ་ལགས་སོ་ཅེས་དང་བོན་གྱི་ལོ་རྒྱུས་《གླེང་བཞི་བསྟན་པའི་བྱུང་ཁུངས》ལས་ཀྱང་དེས་ན་བོད་འདིར་རྒྱལ་པོ་བས་ཀྱང་བོན་སྔ། དབུ་ནག་ཕལ་པ་བས་ཀྱང་བོན་པོ་སྔ་ཞེས་དང་བཀའ་བྱང་ཁ་ཅིག་ལས་བོད་དུ་ལྷ་མ་སྲིན་སྡེ་བརྒྱད་ལས་ཀྱང་བོན་སྔ་བར་བཤད་པས་བོན་ཞེས་པའི་མིང་འདི་ཆེས་སྔ་མོ་ཞིག་ནས་ཡོད་པ་ལོ་རྒྱུས་ཡིག་ཆ་དུ་མ་ལས་གསལ་བའོ།།

   ལོ་རྒྱུས་ཁ་ཅིག་ནས་”བོད་ཁམས་མ་ཡིན་བོན་ཁམས་ཡིན”ཞེས་པ་འདི་ལའང་གནས་ལུགས་དང་རྒྱུ་མཚན་དུ་མ་ཞིག་ཡོད་པ་ཡིན་ཏེ། སྔོན་དུས་སུ་ལྗོངས་འདིར་བོན་ཆོས་དར་ཁྱབ་ཆེ་ཞིང་ཆོས་ལུགས་ཀྱི་མིང་ཡུལ་མིང་ལ་ཐོགས་སྲིད་པ་དང་། ད་དུང་གནའ་ཡི་ཐ་སྙད་མང་པོར་རྗེེས་འཇུག་ད་ན་གཉིས་རེ་མོས་སུ་བྲིས་པ《དེབ་ཐེར་དཀར་པོ》ལས་དཔེར་ན་བཙན་པོ་དང་བཙད་པོ་ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པས་བོད་དང་བོན་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ་ཞེས་གསུངས་པ་དང་།

     རྒྱ་ནག་པ་རྣམས་ཀྱིས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཅེས་བྱ་བའི་སྒྲ་དང་ཉེ་བ་དགེ་ཆོས་ཀྱི་དེབ་དཀར་ལས་གསུངས་ཤིང་ལྷ་སའི་རྡོ་རིང་སོགས་སུ་ཡང་རང་རེའི་ཡུལ་ལ་ཕོན་གྱི་ཡུལ་ཞེས་བྲིས་ཡོད་པས་གནའ་དུས་སུ་རང་རེའི་ཡུལ་འདི་ལ་བོན་གྱི་ཡུལ་ཞེས་གྲགས་པའི་རྒྱུ་མཚན་ཡང་དེ་ལྟར་ཡོད་པ་ཡིན་ནོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *