ཡིག་བྲིས་སྒྱུ་རྩལ་པ་མ་ནུ་བོན་ཉིད་རྣམ་དག་གི་མི་ཚེའི་ལོ་རྒྱུས།

རྩོམ་ཡིག་འདི་ཐེངས། 320125 བཀླགས་འདུག

ཁྱུང་ཡུལ་སྙུ་གུ་ལྡིང་འགྱུར་གྱི་སྒྱུ་རྩལ་པ་མ་ནུ་བོན་ཉིད་རྣམ་དག་གི་མི་ཚེའི་ལོ་རྒྱུས།

F49311AE-D74B-4E0F-ACEA-69388904A40C-16736-00000C92876CFA75_tmp

   མ་ནུ་རྣམ་དག་གི་ལོ་རྒྱུས་ངོ་སྤྲོད་འདི་རང་དང་ཐ་དམ་གཅིག་པའི་གཡུང་དྲུང་སྤུན་གྲོགས་ལྷག་བསམ་ཅན་འགའ་དང་། ཉེ་ཆར་རང་གི་མཆེད་གྲོགས<རྒྱལ་གཤེན་བོན་སྒྲའི་>རྩོམ་སྒྲིག་ཚོགས་མི་རྔ་རང་རིག་ཁོང་གིས་སྤྱིར་ད་ཡོད་བོན་གྱི་རིག་གཞུང་གི་སྒྱུ་རྩལ་མི་སྣ་དང་། ཤུལ་འཛིན་མི་སྣ་བཅས་ཀུན་གྱིས་ཤེས་རྟོགས་དང་འབྲེལ་འདྲིས་ཡོང་ཆེད་དང་། ཁོང་གིས་ལྷག་པར་དུ་ཕྲན་ལ་ཁྱོད་ཀྱི་ད་ཡོད་ཨ་མྱེའི་སྐོར་ནས་མི་སྣ་ངོ་སྤྲོད་ཆེད་འདི་ལྟར་བྲིས་ན་དགེ་མཚན་ཆེ་ཚུལ་གྱི་བློ་གྲོས་ཟབ་མོས་ཕྲན་ལ་སྐུལ་མ་བཏབ་པ་དང་། ལྷག་པར་དུ་མི་ཡི་ལོ་རྒྱུས་མི་ཡིས་མ་བྲིས་ན། བྱ་རྡོ་ཐོག་ནས་འཕུར་ཚར་རྗེས་ཤུལ་གང་ཡང་མེད་པ་བཞིན། མི་ཐོག་རྒན་པ་རྫོགས་ཚར་རྗེས་དེའི་ལོ་རྒྱུས་དང་རྗེས་ཤུལ་གྱི་རྗེས་བཞག་སོགས་གང་ཡང་གླེང་རྒྱུ་མེད་པ་དང་།གལ་སྲིད་མི་དེ་བྱས་རྗེས་ཅན་ཡིན་ཡང་བྱས་རྗེས་དང་རྗེས་བཞག་དེ་དག་མི་རབས་རྗེས་མའི་ལག་ཏུ་ཡོད་ནའང་ལོང་བའི་ལག་ཏུ་རྫས་ཁྲ་བོ་གཏད་པ་བཞིན་བྱུང་ཁུངས་དང་རྒྱུ་མཚན་ཤོད་མི་ཐུབ་པ་བཤད་རྒྱུ་མེད་པ། ངོ་མི་ཤེས་པ་སོགས་ང་ཚོའི་མི་རབས་ལ་མཚོན་ན་མི་ཐོག་རྒན་པས་དེའི་ཐོག་འགན་མ་ཁུར་བའི་སྐྱོན་མང་པོ་ཞིག་མཐོང་ཐོས་བྱུང་པ་སོགས་ཀྱིས་བསྐུལ་ཏེ་ཚིག་ཉུང་དོན་འདུས་སུ་འདི་ལྟར་བྲིས་ཁུལ་ཡིན།

    དེ་ལ་དང་པོ་ཁྱུང་ཡུལ་མ་ནུ་ཚང་གི་ལོ་རྒྱུས་ཉུང་ཙམ་དང་། གཉིས་པ་ད་ཡོད་ཨ་མྱེ་རྣམ་དག་གི་ལོ་རྒྱུས། གསུམ་པ་བཀའ་དང་བཀའ་རྟེན་བྲི་བཞེངས་བྱས་པ་ཡིད་ཡུལ་དུ་དྲན་ཚོད་རགས་ཟིན་ཙམ་ཐོ་འགོད། བཞི་པ་སྒོམ་སྒྲུབ་ཉམས་ལེན་ཇི་ལྟར་བྱེད་ཚུལ་དང་། ཁོང་གིས་སློབ་ཚོགས་གྲངས་ཇི་ལྟར་བསྐྱངས་ཚུལ་བཅས་ས་བཅད་བཞི་ཡི་སྒོ་ནས་རགས་ཙམ་བྲི་བར་འདོད་དོ།

    ༸དང་པོ་མ་ནུ་ཚང་ནི་ཁྱུང་ཡུལ་དུ་གཞིས་ཆགས་ནས་མི་རབས་ལྔ་ཙམ་ལས་སོང་མེད། མི་ཐོག་དང་པོ་མ་ནུ་སྟག་ལ་གཡུང་དྲུང་གི་མི་ཐོགས། གཉིས་པ་དེའི་བུ་མ་ནུ་ཡེ་ཤེས་བསྟན་འཛིན་དང་། བོན་བསྟན། ཚེ་རིང་ཨ་མཆོག ཚ་བོ་སྐལ་གཡུང་སོགས་ཀྱི་མི་ཐོགས། གསུམ་པ་མ་ནུ་ལྷ་སྐྱབས་དང་། ཤེས་སྒྲོག ཚེ་དབང་མཐར་ཕྱིན། དགའ་རིས། དཔལ་འབར། རྣམ་དག་བཅས་ཀྱི་མི་ཐོགས། བཞི་པ་མ་ནུ་ནོར་བུ་དང་། རིན་ཆེན། དགའ་འགྲུབ། མ་ནུ་འཆི་མེད་ཚེ་དབང་བཅས་ཀྱི་མི་ཐོགས་བཅས་མི་ཐོག་བཞི། མི་ཐོགས་ལྔ་པ་ད་ལྟ་ནི་མ་ནུ་ཚང་གི་ལོ་ཆུང་གི་དུས་ཚོད་དམ་མི་ཐོགས་ཡིན་པ་བཅས།

   ༸གཉིས་པ་ད་ཡོད་མ་ནུ་རྣམ་དག་གམ་བོན་ཉིད་རྣམ་དག་ནི་ཁྱུང་པོ་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་བརྡལ་ཟམ་ཞིག་ཚུན་མཁར་ཀླུ་གྲོང་ཞེས་མཁར་ཉག་དང་ཀླུ་ཐུང་མང་ཚེ་ཁ་བཅས་གྲོང་ཚོ་གསུམ་གྱི་ནང་ནས་མཁར་ཉག་སྒང་མ་ནུ་མན་ཆུང་ཚང་དུ་། ཡབ་མ་ནུ་བོན་བསྟན་དང་།མ་དབུར་ཏིས་བཟའ་ཁྲ་ཅོ་གཉིས་ལ་བུ་ཆེ་བ་མ་ནུ་དགའ་རིས་དང་། འབྲིང་བ་མ་ནུ་དཔལ་འབར་རམ་སྦ་སྦ། ཆུང་བ་མ་ནུ་རྣམ་དག་གམ་བོན་ཉིད་རྣམ་དག་གསུམ་ཡོད་པའི་ནང་ནས་ཆུང་བ་ཡིན། སྤྱི་ལོ་ ༡༩༣༤ ལོར་སྐྱེས། ཁོང་གི་མི་ཚེ་སྔ་མ་དང་འབྲེལ་བའི་གཏམ་རྒྱུད་དང་། སྐྱེས་དུས་རྟགས་ཡ་མཚན་ཅན་བྱུང་བ་སོགས་བཤད་རྒྱུ་ཡོད་ཀྱང་ད་ལན་དེ་དག་མི་བཤད་ནས་དོན་དངོས་དེ་བཤད་རྒྱུ་ཡིན། ཁོང་གི་བྲིས་གཙོ་བོ་བསླབ་མཁན་ནི་ཁོང་གི་ཕ་མ་ནུ་བོན་བསྟན་ཡིན། བོན་བསྟན་ནི་མ་ནུ་ཡེ་ཤེས་བསྟན་འཛིན་དང་། མ་ནུ་ཚེ་རིང་ཨ་མཆོག་གཉིས་ཀྱི་སྤུན་མཆེད་ཡིན། ད་ཡོད་ཨ་མྱེ་རྣམ་དག་གིས་ལོ་བདུན་གྱི་སྐབས་སུ་བྲི་འདོན་གཉིས་མཉམ་དུ་འགོ་བཙུགས་པ་རེད། ལོ་བཅུ་གསུམ་བཅུ་བཞིའི་སྐབས་སུ་འབྲུ་ལྗིབ་གཟབ་གསུམ་ལ་མཁས་པར་སོན་པས་ཕྲུ་གུ་ལག་པ་ཆུང་ཆུང་བྲིས་ལེགས་པ་འདིའི་ལག་ཆུང་འདི་ཟེར་ནས་མི་མང་པོས་ཧ་ལས་ལས་བྱེད་སྐད་འདུག ལོ་བཅུ་བདུན་དང་བཅོ་བརྒྱད་ཀྱི་སྐབས་སུ་ཧོར་ཁྱུང་གི་ཡུལ་ཁག་ཏུ་གསུང་རབ་འབྲི་བཞེངས་ཆེད་དུ་བླ་དཔོན་དང་ཕྱུག་བདག་དད་ལྡན་རྣམས་ཀྱིས་རེ་དོན་ལྟར་གསུང་རབ་བཞེངས་སུ་སོང་བར་བཤད། སྐབས་དེ་དུས་ཁྱུང་ཡུལ་དུ་མཁས་བཙུན་སྙན་གྲགས་ལྡན་པ་སྨོན་རྒྱལ་ནམ་མཁའ་གྲགས་པ་དང་། རྟོགས་ཤར་གྲུབ་པ་བརྙེས་པ་གྲུབ་ཆེན་བཟོད་པ་རྒྱལ་མཚན། རི་ཁྲོད་དགོན་དུ་མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན། ཀ་ལེགས་དགོན་དུ་ཀ་ལེགས་ཉི་མ་བསྟན་རྒྱལ། མཁར་སྤུང་དགོན་ནམ་སྤུ་གཞུང་དུ་མཛོ་བྱ་བྲལ་ལམ་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན། ཀླུ་ཕུག་དགོན་དུ་མཁའ་དམར་སྤྲུལ་སྐུ་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རྣམས་ཀྱིས་བཞེད་དགོངས་ལྟར་ཁོང་སྤུན་མཆེད་གསུམ་གྱིས་གསུང་རབ་པོ་ཏི་ཉུང་མཐར་ཁ་ཡར་རེའམ་ཆ་རེ་མ་བཞེངས་པ་གཅིག་ཀྱང་མེད་ཅེས་ལབ་སྲོལ་གདའ། 128C556D-3B7E-48B7-99AA-EE41B5D1B4E4-16736-00000C89D072EA42_tmp    

    ད་ནི་མ་ནུ་རྣམ་དག་གིས་མི་ཚེ་ལ་བཀའ་དང་བཀའ་རྟེན་བྲིས་བཞེངས་བྱས་པ་ཡིད་ཡུལ་དུ་དྲན་ཚོད་རགས་རགས་ཙམ་ཐོ་འགོད་པ་ལ། ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་དུ་སྨོན་རྒྱལ་ནམ་མཁའ་གྲགས་པ་རིན་པོ་ཆེའི་བཀའ་དགོངས་ལྟར་སྨོན་རྒྱལ་དགོན་དུ་སྤུན་མཆེད་ཆེ་བ་དགའ་རིས་དང་ལྷན་དུ་སོང་ཏེ་ཀུན་རིག་སྦྱིན་སྲེག་དང་།<གེ་སར་སྒྲུབ་སྐོར།>ད་དུང་གསར་བོན་མང་པོ་སོགས་པོ་ཏི་མ་ཉུང་བ་བྲིས་ནས་ལོ་བཞི་ལ་བསྡད་པ་ཡིན།

    དེའི་རྗེས་ང་ཚོ་ཀ་ལེགས་དགོན་དུ་སོང་ཏེ་ཡི་གེ་འགའ་ཙམ་བཞེངས་ལེ་ཡིན་དེ་གསལ་པོ་དྲན་རྒྱུ་མི་འདུག། དེའི་ཁྲོད་ནས་ད་ལྟ་དྲན་གསལ་ལ་ཕུར་པ་སྟོང་གསལ་མཁའ་འགྱིང་ཟེར་བའི་པོད་ཅིག་བྲིས་ལེ་ཡིན། སྐབས་དེའི་དུས་དབུ་བླ་དེ་ཀ་ལེགས་ཉི་མ་རིན་པོ་ཆེ་རེད། གཡུང་དྲུང་དཔལ་རི་ལ་ཤ་ཉེ་དགའ་རིས་འདས་པ་དེ་ལོ་མང་པོ་ལ་བསྡད་ནས་དཔེ་ཆ་པོ་ཏི་མང་པོ་བྲིས་རེད། སྐབས་དེ་དུས་གཡུང་དྲུང་དཔལ་རི་ལ་གསེར་དབུ་བརྒྱབ་རབས་མེད།ངས་<ཨ་མྱེ་རྣམ་དག>ནི་དེ་དུས་བཟོད་པ་རིན་པོ་ཆེར་མཇལ་བ་ཙམ་ལས་གཡུང་དྲུང་དཔལ་རི་དགོན་དུ་དཔེ་ཆ་པོད་གཅིག་གཉིས་ལས་མང་པོ་བྲིས་མྱོང་མེད། ཆོས་དད་རང་མོས་མགོ་བཙུགས་ཙམ་ནས་གྲུབ་ཐོབ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་ལ་མ་ནི་དཔལ་འབར་དང་མ་ནུ་རྣམ་དག་གཉིས་ཀྱིས་བྱམས་མའི་སྒྲུབ་སྐོར་བྲིས། ཀླུ་ཕུག་དགོན་དུ་དབལ་གསས་དང་། ལྷ་རྒོད། ཁྲོ་བོའི་སྒྲུབ་སྐོར་བྲིས། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་ལ་གྲུབ་དབང་བླ་སྒྲུབ་དང་། མདོ་རྣམ་རྒྱལ་བྲིས།

 7AA645BF-99AD-407C-AEC4-D51CFD1F0627-16736-00000C899888D353_tmp

     ངས་མཐོང་ཐོས་སུ་རག་ཤི་རྟོགས་ལྡན་ལ་བྱམས་མའི་གཟུངས་སྒྲུབ་སོགས་ཞལ་འདོན་པོད་གཅིག་བྲིས་གོ་མྱོང་ལ། ཕྱིས་སུ་དཔར་སྐྲུན་བྱས་འདུག་པས་ཟུར་ཙམ་མཇལ་རྒྱུ་བྱུང་། ཁྱུང་ཡུལ་མེ་སྟོན་རི་ཁྲོད་གནམ་ཚང་དུ་ཁོང་དང་ཤེས་དགའ་རྣམ་གཉིས་རྩ་རླུང་མཁའ་འགྲོ་གསང་མཛོད་སྦྱང་ནས་ཡར་འབྱོར་མཚམས་འཕོ་བ་འཇའ་ཟུག་མ་དང་། ཤུག་ཏོག་བཅུད་ལེན་དང་། ཨ་རུ་བཅུད་ལེན་བྱེད་ཐབས་གཙོས་པའི་ཁྲིད་རིམ་འགའ་ཤོག་བུ་ཁམ་ཁམ་ཐོག་ཏུ་འགའ་བྲིས་སོང་། གཏམ་སྟོད་མཁའ་གསལ་ཚང་ལ་ཞི་ཁྲོ་དགོངས་འདུས་པོད་གཅིག 

    <<བཀའ་འགྱུར་དང་བརྟེན་འགྱུར་གྱི་གསེར་དབུ་བརྒྱབ་གྲངས།>> ལྷ་ལྡན་ཉི་མའི་གྲོང་དུ་ནོར་བུ་དབང་འདུས་ཚང་དང་རིག་ཚ་ཚེ་དབང་འབུམ་གྲགས་ཚང་། དབང་འདུས་ཚང་། མན་ཚ་ཚེ་རིང་བཟང་པོ་ཚང་དང་། ཁྱུང་པོ་ག་ཤེལ་རྣམ་ཚང་། ཁྱུང་པོ་རིས་སར་ཉིན་ཐ་སེང་གེ་ཚང་། འབྲོང་ཧ་ཚེ་དབང་བཀྲ་ཤིས་ཚང་། སྒང་རུ་རྒྱལ་རྩ་ཚང་། གྱེར་དབྲ་ཚང་བཅས་དུད་ཚང་དགུ་ལ་གཡུང་དྲུང་བོན་གྱི་བཀའ་རྟེན་ཆ་ཚང་གི་གསེར་དབུ་དང་སོག་སྡེ་དུ་གྲ་པ་ཞིག་དང་། སྦྲ་ཆེ་འཇོབ་རྒན་ཚང་། ཁྱུང་སེར་སེང་ཚང་། བན་རུ་འཕྲུལ་ལྡན་ཚང་། བན་རུ་འཆི་མེད་ཚེ་དབང་བཅས་དུད་ཚང་ལྔ་ལ་རྒྱལ་བའི་བཀའ་འགྱུར་གྱི་གསེར་དབུ་དང་། ཧོར་དྲུག་ཅུ་རྨ་རི་ཚང་དང་། སྒང་རུ་དབྲ་ཁྱུང་ཚང་། ཉིན་ཐའི་འབྲོང་ཧ་བཀྲ་ཤིས་ཚེ་དབང་ཚང་། ཝག་ལྷུ་སེང་གེ་ཚང་། བོན་དར་ཚང་། ཡར་སྒྲོན་ཚང་བཅས་དུད་ཚང་དྲུག་ལ་གཡུང་དྲུང་བོན་གྱི་རྟེན་འགྱུར་ཆེན་མོའི་གསེར་དབུ་བརྒྱབ།

   <<གསེར་འོད་བྲིས་གྲངས།>> དཔོན་ཚང་རྒྱུ་ལྡི་ཚང་དང་། རིས་ཚ་ཚེ་དབང་འབུམ་གྲགས་ཚང་། རྨ་རི་དར་ཕྱུག་ཚང་བཅས་གསེར་གྱི་གསེར་འོད་དང་། གླིང་ཚང་དང་། མན་བཟའ་ནོར་འཛོམ་ཚང་། དབྲ་ཁྱུང་ཚང་། སྦྲ་ཆེན་བཙན་ཕྱུག་ཚང་། ཨར་བཟའ་ལྷ་དཔལ་བཅས་བསྡོམ་པའི་གསེར་འོད་པོད་བརྒྱད་བཞེངས།

A7C779EE-AB68-4BA8-BE1E-D1E7E4534CD7-16736-00000C898D978AFA_tmp

    གཞན་ཡང་དབྲ་ཁྱུང་ཚང་ལ་ཁྲོ་མདོ་གཅིག སྦྲ་ཆེན་བ་མཚེར་ནག་རུ་ཚང་ལ་ཁྲོ་སྒྲུབ་གཅིག།ཁོང་གི་ཁྱིམ་དུ་ཁྲོ་བོ་དང་སྟག་ལ་པོད་གཅིག འབྲོང་རྔ་ཚང་ལ་ཀློང་རྒྱས་པོད་གཅིག དཔོན་སང་ཚང་དང་། སྦྲ་ཆེན་རྗེས་ཚང་གཉིས་ལ་མདོ་རྣམ་རྒྱལ་པོད་གཉིས།བན་སར་བཀྲ་ཤིས་དཔལ་ལྡན་ལ་ཕུར་པ་པོད་གཅིག ད་དུང་ཁྲོ་བོ་སྨུག་ནག་འཁྱིལ་པ་དང་། ཕུར་པའི་ཟིན་རིས་ཤེས་རབ་བློ་ལྡན་ཅན། སོག་གྲུ་ཁུག་ཞུ་ཚང་ལ་ཚེ་སྒྲུབ་དང་ཁྱུང་དམར་པོད་གཅིག རྣམ་འཇོམས་སྒྲུབ་སྐོར་གཅིག འདི་དག་ཡིད་ཡུལ་དུ་དྲན་ཚོད་ཙམ་གྱི་ཐོ་ཡིན།

      ༸བཞི་པ་སྒོམ་སྒྲུབ་ཉམས་ལེན་གྱི་སྐོར་ནས་བླ་མ་གང་དང་གང་གི་མདུན་ནས་གང་ཞུས་ཡུལ་དུས་ཀྱིས་རྐྱེན་པས་གསལ་པོར་མ་བྱུང་ཡང་། ཁོ་བོ་ཆུང་ངུའི་སྐབས་སུ་མཐོང་ཐོས་ལ་གང་གནང་སྲོལ་ཡོད་པ་ལྟར་བྲིས་ན། ཞོགས་པ་ཆུ་ཚོད་ལྔ་ཙམ་ལ་ཡར་ལངས་ནས།ཨེ་མ་ཧོ། སྐྱེ་མེད་བོན་སྐུ་སོགས་དང་། ཡབ་སྲས་སྔོན་འགྲོའི་ངག་འདོན་ཆ་ཚང་དང་། དེའི་སྣེར་འཕོ་བ་དང་བཅས་པ་སྤར་རྗེས་ཐུན་མཉམ་བཞག་སྐར་མ་ཉི་ཤུ་ལས་མི་ཉུང་བ་དེ་འདྲ་གནང་གི་འདུག  །དེ་རྗེས་ཡི་གེ་མཐོང་ཙམ་ནམ་གསལ་རྗེས་བླ་མ་བརྒྱུད་པའི་གསོལ་འདེབས་གསར་རྙིང་ཅན་མང་པོ་དང་། བྱམས་མའི་སྙིང་ཏིག །ཉ་སྟོང་སོགས་ལ་སྐྱེ་སྒོ་གཅོད་པ་དམིགས་གསལ་འདོན། སྟག་ལ་སྤུ་གྲི་དམར་པོ་མ་རྒྱུད་སྐོང་བཤགས། ཡབ་སྲས་རྣམ་གསུམ་གྱི་སྨོན་ལམ་ཐུགས་རྗེས་མྱུར་གཟིགས་བཅས་ཧ་ཅང་ལས་ཀ་ཛ་དྲགས་སྐབས་སུ་ཁེལ་སོང་ན་མ་གཏོགས་ཆད་མེད་གནང་གི་རེད། དེའི་ཁར་སྤྱི་ལོ་ ༡༩༩༡ ཡས་མས་ཤིག་ནས་ཁྱུང་ཡུལ་རི་ཁྲོད་རྣམ་ཚང་དུ་གྲུབ་བརྙེས་བླ་མ་མེ་སྟོན་གནམ་ལྷའམ་ལྷུན་གྲུབ་རྒྱལ་མཚན་དམ་པ་ཁོང་གི་མདུན་དུ་ཁོང་གི་གྲོགས་པོ་ཁ་སྟོད་ཤེས་དགའ་དང་མཉམ་དུ་རྩ་རླུང་མཁའ་འགྲོ་གསང་མཛོད་སྦྱང་ལ་དགུན་ཚེར་ཕེབས་སོང་། དེ་ནས་བཟུང་གོང་གི་ཡབ་སྲས་སྔོན་འགྲོ་ཚར་མཚམས་རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི་གསོལ་འདེབས་དང་རླུང་རོ་དགུ་ཕྲུག འཇམ་རླུང་གི་རླུང་ཁུག་བདུན་ཡན་མན་ཞིག་ཉིན་ལྟར་དང་། ཕྱི་དྲོར་དྲེའུ་ནག་གཟེར་བུ་དང་། འགྲོ་ཞོར་འདུག་ཞོར་ལ་སྙིང་པོ་རྣམ་གསུམ་འདོན། དེའི་སྔ་གཞུགས་གོང་འོག་གང་ཡིན་ཁོ་བོས་གསལ་པོར་མ་དྲན་ཡང་རག་ཤི་རྟོགས་ལྡན་སལེ་དྲུང་མུའི་མདུན་དུ་ལོ་ངོ་གཉིས་གསུམ་ཙམ་ཞིག་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་འབུམ་དགུའི་བསགས་སྦྱང་དང་། དངོས་གཞི་སེམས་དོན་ཉམས་ལེན་གདར་ཤ་བཅད་པ་དང་། རྟོགས་ལྡན་རིན་པོ་ཆེ་ལ་ཞལ་འདོན་སོགས་ཡི་གེ་འགའ་བྲིས་པ་དང་། སྐབས་དེའི་དུས་དངོས་གཞི་སེམས་དོན་ཉམས་ལེན་ལ་བླ་མ་ཁོང་གི་བཀའ་དྲིན་གྱིས་ཕན་ཐོགས་ཆེན་པོ་བྱུང་བ་ཁོ་བོ་ཆུང་ཆུང་སྐབས་སུ་གོ་མྱོང་། དེ་བཞིན་དབང་ལུང་ཁྲིད་འགའ་ཐོབ།ད་དུང་རྟོགས་ལྡན་རིན་པོ་ཆེའི་རྣམ་ཐར་ངོ་མཚར་ཆེ་བ་འགའ་གོ་མྱོང་།

    དེ་ནས་ ༢༠༠༢  ལོར་རང་ལ་གཙིགས་ཆེར་འཛིན་པའི་གྲོགས་པོ་ལྔ་ལམ་དུ་གཤེགས་ཟིན་པ་བཀྲ་ཤིས་ལྷ་སྐྱབས་བྲིས་པ་ཁོང་དང་། གཤེར་པ་སྲིབ་ཐ་ནས་སྤྲེལ་ཕྲུག སོག་རུ་ནས་རྒད་པོ་ཧོར་འགྲུབ། རང་གི་ཚ་བོ་གཡུང་དྲུང་ཚུལ་ཁྲིམས། གུས་གཡུང་དྲུང་མཐར་ཕྱིན་དང་ལྷན་དུ་ཨ་མྱེ་རྣམ་དག་མུན་མཚམས་ཞེ་དགུ་ཞིག་བསྡད་པ་རེད། དེ་ནས་ ༢༠༡༣ ཡས་མས་ཞིག་ལ་གར་ཚ་བླ་མ་གཡུང་དྲུང་རྒྱལ་མཚན་གྱི་མདུན་དུ་ཞེ་དགུ་ཞིག་ལ་དབལ་གསས་སྒྲུབ་པ་དང་། སེམས་དོན་ཉམས་ལེན་ཁྲིད་ལུང་ཞུས་པ་བཅས་སོ།

       སྤྱིར་ཁོང་ནི་མི་མཐོ་དམན་སུས་ལས་ཀ་བཅོལ་ན་མངག་སྟབས་བདེ་ལ།ལས་ཀ་དེ་མ་ཐོན་ན་མི་ཐོན་ཟེར་ཐག་ཆོད་པོ་དང་།ཐོན་ན་ལས་ཀ་དེ་སྨར་དག་པ་བྱེད་ཀྱི་རེད་ཟེར་སྲོལ་འདུག །ད་ལོ་ཕོ་ལོ་བརྒྱད་ཅུ་གྱ་གཉིས་ཡིན་ཡང་།ད་དུང་འགྲོ་འདུག་ལངས་གསུམ་ལ་དཀའ་ངལ་མེད་པ་དང་།ཁྱིམ་ཚང་གི་འགན་ལེན་པ་དང་།ད་དུང་གསེར་དབུ་རྒྱག་བཞིན་པ་དང་།གཞུང་བྲིས་འབྲི་བཞིན་པ་བཅས་ནི་མང་དག་ཞིག་གིས་ངོ་མཚར་བར་བརྩི་ཡི་འདུག་གོ།>
         ༸ཞོར་བྱུང་ཁོང་གིས་བྲིས་སམ་ཐུ་རུ་ཆུ་ཁྲིད་ཀྱི་སློབ་མ་བསྐྱང་ཚུལ་སྐོར་ལ།ཉིན་ཐའི་སྲིབ་གཏའ་ནས་རྐོང་ཐུང་ནོར་བུ།ད་ལྟ་ཁྱུང་པོའི་བྲིས་རམས་པ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན།ཨ་མྱེ་ཁོང་གི་བུ་འདི་ལོར་ཚེ་ལས་འདས་པ་བུ་ཁྱི་ངན་ནམ་སྐལ་བཟང་དབང་རྒྱལ།སྐལ་བཟང་རྒྱལ་མཚན།རྗེས་དགེ།ཁ་སྟོད་གྲྭ་དག་ཞིང་གཡུང་དྲུང་ཡེ་ཤེས།སེང་གེ་གྲྭ་བློ་གྲོས་རྒྱལ་མཚན་དང་ཚུལ་ཁྲིམས་བསམ་གཏན།་སྒང་རུ་སྨན་པ་ཚང་གྲྭ་གཡུང་དྲུང་གཙུག་ཕུད།རིག་ཚ་གཡུང་དྲུང་ཚེ་དབང་།མན་ཚ་ཁྱུང་སྟག།ངའི་སྤུན་མཆེད་ཚེ་དབང་ལྷུན་གྲུབ།ཕྲན་མ་ནུ་གཡུང་དྲུང་མཐར་ཕྱིན་<བཅས་ལས་གཞན་ད་དུང་ཨ་མྱེ་ལ་དྲི་སྐབས་མ་རྙེད་པས་འདི་ཙམ་དུ་ལུས།གོང་གི་ས་བཅད་བཞི་ལྡན་གྱི་ལོ་རྒྱུས་འདི་ཡི་དྲི་ས་ནི་གཙོ་བོ་ཨ་མྱེ་རྣམ་དག་ཁོང་དང་།གཡུང་མཐར་རང་ཉིད་ཀྱིས་གང་ཐོས་དང་།>རང་གི་མཆེད་པོ་བློ་གྲོས་རྒྱལ་མཚན།རང་གི་ཚ་བོ་རིས་ཚ་གཡུང་དྲུང་ཚེ་དབང་བཅས་ཀྱིས་མཐོང་ཚོད་ཙམ་མ་གཏོགས་གཞན་གོང་ཞུས་བཞིན་ཡུལ་དུས་ཀྱིས་རྐྱེན་པས་གསལ་ཁ་མ་བྱུང་ལ་མ་བྱུང་ལ་འདི་ངའི་ཨ་མྱེ་ད་ལོ་ཕོ་ལོ་82 ཡན་གྱི་ལོ་རྒྱུས་ཐུང་ངུ་ཡིན་ཁུལ་ལགས་པས་ནོར་འཁྲུལ་མཆིས་ཚེ་མཁྱེན་ལྡན་ཀློག་པ་པོ་རྣམས་ལ་མཐོལ་བཤགས་བཟོད་གསོལ་ཞུ་རྒྱུ་དང་བཀའ་སློབ་ལམ་སྟོན་གནང་རོགས་ཞུ་ཞུ།
 
སྨྲས་པ།
ཕ་དང་ཨ་མྱེས་གདུང་མ་འདྲུད་ཤུལ་དུ།།
བུ་དང་ཚ་བོས་དབྱིག་ལྕེ་སྒག་སྒག་ཅིག །
བྱེད་མཁན་དཀོན་པའི་དུས་རབས་འདི་ན་རུ།།
དྲིན་ཅན་ཨ་མྱེའི་བཀའ་དྲིན་དྲན་བཞིན་བྲིས།།
རིགས་རུས་བླ་དཔོན་གྲགས་རབས་མེད་ན་ཡང་།།
བློ་ཕུགས་བོན་དང་བདེན་པར་གཏད་མཁན་གྱི།།
དྲིན་ཆེན་ཨ་མྱེའི་ལོ་རྒྱུས་ཐུང་ངུ་འདི།།
སྒྲོ་བཏགས་མ་ཡིན་ཡིན་ཚུལ་བརྗོད་ཁུལ་ལགས།།

རིག་ཁུག་གིས་ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༢༢ ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *