ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི།

རྩོམ་ཡིག་འདི་ཐེངས། 4867 བཀླགས་འདུག

35310868-F55E-43B8-AE62-2E9A420B3C74-1943-000001F076185B5F_tmp
        ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་ཆུ་འགོའི་ཕུག་ནི་འཛམ་གླིང་གནས་ཀྱི་རྒྱལ་པོ་གངས་དཀར་ཏི་སེ་དང་མཚོ་མོ་མ་པང་གཡུ་མཚོའོ་ཕྱོགས་བཞི་ནས་འབབ་བཞིན་ཡོད་ཅིང་། དེ་ནི་ཆེས་གནའ་བོའི་དུས་སུ་གཡུང་དྲུང་བོན་དང་ཤེས་བྱ་དང་རིག་གནས་སོགས་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པའི་ཞང་ཞུང་རྒྱལ་ཁབ་ཀྱི་ལྟེ་བའམ་ས་ཚིག་གི་ཡུལ་དབུས་སུ་གྲགས་ཤིང་། འདི་ཡི་བཞུར་རྒྱུན་དུ་ཞང་ཞུང་གི་རིག་གནས་དར་སའི་ཡུལ་ལམ་རྒྱལ་ཁམས་དུ་བརྩི་བ་ཡིན། ཆུ་བཞིའི་འཇུག་ཏུ་རྒྱ་གར་ཤར་ནུབ་བམ་སྟོད་སྨད་ཀྱི་མཚོ་ཁུག་ལ་ཐུག་ཡོད་ཅིང་མཚོ་ཁུག་རེ་ལ་ཁ་འབབ་ཀྱི་ཆུ་བོ་གཉིས་རེ་འབབ་བཞིན་ཡོད། དོན་དུ་ཁ་འབབ་ཀྱི་ཆུ་བཞི་ལྷན་དུ་འདུས་ཏེ་ཧིན་རྡུ་རྒྱ་མཚོ་ལ་འདྲེས་པ་ནི། རྒྱ་གར་བ་དག་གིས་ལོ་རྒྱུས་དང་བཤད་སྲོལ་ལས་གླང་ཆེན་ཁ་འབབ་ལ་ཆུ་བོ་གང་གཱ་དང་། རྨ་བྱའི་ཁ་འབབ་ལ་སི་ཏ(སིནྡྷུ)། རྟ་མཆོག་ཁ་འབབ་ལ་པཀྵུ། སེང་གེའི་ཁ་འབབ་ལ་སིནྡྷུ་(སི་ཏ)ཞེས་བརྗོད་ཅིང་ཆུ་བོ་དེ་ཚོའི་བཞུར་རྒྱུན་དེར་ཡར་ཡར་དུ་དེད་ནས་རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་ཡིན་པའི་ངོས་འཛིན་བྱེད་ཅིང་ལྷག་ཏུ་སེང་གེ་གཙང་པོའི་རྒྱུད་ནས་གནའ་བོའི་རྒྱ་གར་གྱི་རྒྱལ་རྒྱུད་དམ་ཨརྱ་ནའི་མི་རིགས་དང་དེའི་སྐད་ཡིག་ནི་ལེགས་སྦྱར་གྱི་སྐད་དམ་སཾསྐྲྀཏ་ཡིན་པ་དང་། ད་དུང་རིག་བྱེད་ཀྱི་གཞུང་གི་ཕུག་སོགས་བཞུར་རྒྱུན་དེ་ནས་རྒྱ་གར་དུ་དར་བར་བཤད་ཅིང་། གནའ་ནས་ད་བར་དུ་ཆུ་བོ་དེ་རྣམས་ལ་རྒྱ་གར་གྱི་ལོ་རྒྱུས་ཐོག་ཏུ་གལ་ཆེན་ཞིག་བརྩི་སྲོལ་བྱུང་ཡོད་པས་ད་ཆ་ཆུ་བོ་དེ་རྣམས་ཀྱི་བཞུར་རྒྱུན་གང་ལའང་ཁྲུས་བྱས་ནས་སྒྲིབ་པ་དག་པར་བཤད་པའི་རྒྱུ་མཚན་གཙོ་བོ་འདི་ལ་ཐུག་ཡོད་པ་ཡིན་ནོ།།


་་་་་་་་་་་་་བཀའ་གདམས་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གངས་རི་མཚོ་གསུམ་གྱི་དཀར་ཆག་ལས སངས་རྒྱས་བསྟན་པའི་གཙོ་བོ་དེ། །གངས་ཅན་བོད་དུ་ཕེབས་ནས་ཀྱང་། །ཆུ་བཞི་འདུས་པའི་འགོ་བོ་ལ། །བོན་ཀྱང་རྣམ་པ་ལྔ་རུ་གསུངས། ། དང་པོ་གླང་ཆེན་ཁ་བབ་དུ། །གཡུང་དྲུང་སེམས་དཔའ་ལྔ་བརྒྱ་དང་། །ལྷ་ཀླུ་མིའི་སློབ་མ་ལ། །པད་མ་ཀློང་གི་འབུམ་ཆེན་གསུངས། །གླང་ཆེན་སྤུངས་པའི་རི་བོ་ལ། །མིང་ཡང་པད་མ་སྤུངས་པར་བཏགས། །མི་འགྱུར་བཀའ་བཏགས་ཞབས་རྗེས་བཞག །དེ་ནས་རྨ་བྱ་ཁ་འབབ་དུ། །གཡུང་དྲུང་སེམས་དཔའ་ལྔ་བརྒྱ་དང་། །ལྷ་ཀླུ་མིའི་སློབ་མ་ལ། །རིན་ཆེན་སྤུངས་པའི་ཐུགས་འབུམ་གསུངས། །རྨ་བྱ་སྤུངས་པའི་རི་བོ་ལ། །མིང་ཡང་རིན་ཆེན་སྤུངས་པར་བཏགས། །མི་འགྱུར་བཀའ་རྟགས་ཞབས་རྗེས་བཞག །དེ་ནས་རྟ་མཆོག་ཁ་འབབ་དུ། །གཡུང་དྲུང་སེམས་དཔའ་ལྔ་བརྒྱ་དང་། །ལྷ་ཀླུ་མིའི་སློབ་མ་ལ། །མི་འགྱུར་གཡུང་དྲུང་གདལ་འབུམ་གསུངས། །རྟ་མཆོག་སྤུངས་པའི་རི་བོ་ལ། །མིང་ཡང་གཡུང་དྲུང་སྤུངས་པར་བཏགས། །མི་འགྱུར་བཀའ་རྟགས་ཞབས་བཞག །དེ་ནས་སེང་གེ་ཁ་འབབ་ཏུ། །གཡུང་དྲུང་སེམས་དཔའ་ལྔ་བརྒྱ་དང་། །ལྷ་ཀླུ་མིའི་སློབ་མ་ལ། །འཁོར་ལོ་རྩེག་པའི་རྒྱུད་འབུམ་གསུངས། ། སེང་ཆེན་སྤུངས་པའི་རི་བོ་ལ། །མིང་ཡང་འཁོར་ལོ་སྤུངས་པར་བཏགས། །མི་འགྱུར་བ་ཡི་བཀའ་རྟགས་བཞག །དེ་ནས་གངས་དཀར་ཏི་སེ་ཡི། །ཤར་ལྷོ་ནུབ་བྱང་བཞི་རུ་བྱོན། །གསང་སྔགས་ཞི་ཁྲོ་སྤྱི་སྤུངས་བཤད། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །བཀའ་རྟགས་ཞབས་རྗེས་བཞི་རུ་བཞག །དེ་ལྟར་ས་གནས་སེམས་དཔའ་འོ། །དེ་ཀུན་མ་བརྗེད་ཐུགས་ལ་ཞོགས། ཞེས་གསུངས།


་་་་་་་་་་་་་་་་་་་་་་་་་་་ཤར་དུ་རྟ་མཆོག་ཁ་འབབ།
་་་་་་་་་་་་་གྲུབ་དབང་བསྟན་འཛིན་རིན་རྒྱན་གྱིན་མཛད་པའི་འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།། དེ་ལྟར་དུའང་ཁྲུས་ཀྱི་སྒོ་བཞིའི་ཁ་ནས་འབབ་པའི་ཆུ་ཆེན་པོ་བཞི་རུ་སྲིད་པ་ནི། ཤར་དུ་རྟ་མཆོག་ཁ་བབ་ཅེས་བྱ་བ། ཞང་ཞུང་ཡུལ་གྱི་ཤར་ཕྱོགས་རྟ་མཆོག་འཛིན་གྱི་རི་བོ། རི་ཅང་ཤེས་རྟ་ཡི་དབྱིབས་ཅན་གྱི་ཁ་ནས་ཆུ་བོ་ཆེན་པོ་གྱིམ་ཤང་འཁྱིལ་བ་གཡུང་དྲུང་ལུ་གུ་རྒྱུད་ལྟ་བུ་མར་ལ་བབ་པ་ཡང་ཡོད་ཅེས་དང་། དེ་ལྟར་དུ་ཆུ་བོ་གྱིམ་ཤང་འཁྱིལ་བའི་ལོགས་སུ། བྲག་དམར་རིན་ཆེན་སྤུངས་པ་རིག་འཛིན་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བསྒྲུབས་པའི་གནས་ཞེས་བྱ་བ། བྲག་རི་ཐམས་ཅད་རིན་ཆེན་སྤུངས་པ་(ལང་ཀ་ཤག་པའི་རི་ཟེར)ལྟ་བུ། གསང་ཕུག་ཐམས་ཅད་འདོད་འབྱུང་གི་གསེར་མདངས་ལྡན་པ། རྩི་ཤིང་དང་མེ་ཏོག་ཐམས་ཅད་རྟག་ཏུ་ངུ་བའི་སྨན་དང་ལྡན་པ། ཆུ་དང་ཆུ་མིག་ཐམས་ཅད་ཁ་ལ་རག་ཆོག་གི་གསོས་དང་ལྡན་པ་ཐོད་པ་བོར་ཆོག་འཕོ་བ་རི་ཞེས་བྱ་བ་ཡིན་ནོ། །ཞེས་སོ། ༈གནས་དེ་རུ་ཆུ་བོ་གྱིམ་ཤང་ཤར་ལ་འབབ་པའི་ཆུ་ལ་ནི། ཁྲུས་སྒོ་ལྷོ་ཡི་ཆུ་བོ་བྲག་དམར་རིན་ཆེན་སྤུངས་པའི་མདུན་དུ། ཆུ་མིག་གཞའ་ཚོན་དུ་བརྡོལ་བ་དེ་ཟག་མེད་ཀྱི་ལམ་ནས་བརྒྱུད་དེ། རི་རྟ་མཆོག་ལྟ་བུའི་ཁ་ནས་མར་ལ་འབབ་པ་ཡང་ཡོད་ཅེས་གསུངས་པས། དེའང་རྟ་མཆོག་ཁ་འབབ་ཀྱི་ཆུ་འགོ་ནི་གངས་མཚོའི་ལྷོ་ཤར་ཕྱོགས་གཙང་བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་མཆོག་འདྲ་བའི་ཁ་ནས་འབབ་ཅིང་། གྲོ་ཤོད་གཞུང་ཞང་ཞུང་དུམ་པ་ཚལ། འབྲོང་པ་ཚོ་དགུའི་ལྷོ་ཕྱོགས་དང་། རུ་གསར། འབའ་བ། བཀྲ་དུན། གཞུང་རུ། ས་ག ཟང་ཟང་ལྷོ་བརྒྱུད་དེ་གཙང་བཀྲ་ཤིས་ལྷུན་པོའི་གཡས་ཕྱོགས་ནས་བཞུར་ཏེ་ལྕགས་ཟམ་ཆུ་བོ་རིར་ལྷ་སའི་སྐྱིད་ཆུ་དང་འདྲེས་ནས་ཡར་ཀླུང་གཙང་བོར་འབོད། དེ་ནས་ལྷོ་ཁ། དྭགས་པོ་དང་ཀོང་པོ་བརྒྱུད་དེ་རིམ་བཞིན་གཡུ་འབྲུག་འཕྱོ་བ་བཞིན་ཀོང་པོ་བོན་རིའི་གཤམ་ནས་ཁ་བྱང་ཤར་ངོས་སུ་འཁོར་ནས་བཞུར་ཞིང་། རི་བོ་གནམ་ལྕགས་འབར་བར་བསྐོར་བ་རྟ་རྨིག་འདྲ་བ་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་གློ་ཡུལ་བརྒྱུད་རྒྱ་གར་དུ་བཞུར་ཏེ་གཙང་བོ་པུ་ལ་མ་བོ་ཐེ་ལ་བྱ་སྟེ། དེ་ནས་བྷང་ག་ལ་མཚོ་དབུག་ཏུ་འདྲེས།

་་་་་་་་་་་་་་་་་་་་་་་་་་་་་བྱང་དུ་སེང་གེ་ཁ་འབབ།

་་་་་་་་་་་་་་་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།། དེ་ལྟར་དུའང་བྱང་སེང་གེའི་ཁ་འབབ་ཅེས་བྱ་བ། ཞང་ཞུང་ཡུལ་གྱི་བྱང་ཕྱོགས་སེང་ཆེན་འགྱིང་བའི་རི་བོ། རི་རྩལ་ཆེན་སེང་གེའི་དབྱིབས་ཅན་ཁ་ནས་ཆུ་བོ་ཆེན་པོ་སེང་ང་པཀྵུ་བྱང་དུ་འཁྱིལ་བ་(ཟོམ་ཤངལྕགས་མཚོ་ཡིན)ཡང་ཡོད་ཅེས་དང་། དེ་ལྟར་དུའང་ཆུ་བོ་སིང་ང་པག་ཤུའི་ལོགས་སུ། ཞང་ཞུང་རུ་ཐོག་(ར་བཞི་རྒྱ་ཡང་ཟེར)རི་ཡི་གནས་ཞེས་བྱ་བ། རིག་འཛིན་རྒྱལ་བ་མ་ལུས་ཀུན་འདུས་པའི་རི། རི་བྲག་ཐམས་ཅད་དཔའ་མོ་དང་མཁའ་འགྲོའི་ལྷ་ཚོགས་འདུས་པ་ལྟ་བུ། དཔག་བསམ་ཤིང་དང་བདུད་རྩིའི་ཆུ་བོ་ལ་སོགས་རང་བྱུང་དུ་ཡོད་པ། གསང་ཕུག་ཐམས་ཅད་མ་རིག་མུན་པ་སེལ་བའི་འོད་གསལ་དང་ལྡན་པ། ཆུ་དང་ཆུ་མིག་་ཅད་ཁ་ལ་བཏུང་ཆོག་གི་བདུད་རྩི་ལྟ་བུ། ནེའུ་གསིང་དང་ཐང་དམར་རྣམས་ནི་ལྷ་ཀླུ་མི་ཡི་དཀྱིལ་འཁོར་ལྟ་བུ། ཟོམ་ཤང་ལྕགས་ཀྱི་མཚོ་(རུ་ཐོག་མཚོ་ཟེར)ཞེས་བྱ་བ། གཟུགས་དང་དབྱིབས་ཀྱང་ནོར་བུ་དགའ་འཁྱིལ་ལྟ་བུ་ཡང་ཡོད་ཅེས་གསུངས་པས། །སེང་གེ་ཁ་འབབ་ཀྱི་ཆུ་འགོ་ནི་ནི་གངས་མཚོའི་བྱང་དུ་འབྲོང་པ་སེང་སྟོད་ཡུལ་གྱི་བྲག་རུ་སེང་གེའི་ཁ་འདྲ་བ་ནས་ཐོན་ཏེ་འབྲོང་བ་སེང་སྨད། འབྲི་བྱི། གཞུང་པ་མ་ཟན་གྱི་ནུབ་བརྒྱུད། གཙོ་ཚོ། རྒྱ་སྨུག གླང་བཅུ། ར་ལ་མཁར་དམར། སྒར་བཀྲ་ཤིས་སྒང་། བདེ་མཆོག ལ་དྭགས། སྦལ་ཏི།ཁ་ཆེའམ་ཀསྨིར། ལ་ཧོར་སོགས་བརྒྱུད་དེ་པ་ཀི་སི་ཐན་གྱི་ཤར་ངོས་དང་ཧིན་དྷུའི་བྱེ་ཐང་ཆེན་མོའི་ནུབ་ངོས་བབས་ནས་གླང་ཆེན་ཁ་འབབ་དང་འདྲེས་ཏེ་གྲོང་ཁྱེར་ཧེ་དྷི་རོས་བྷ་དྷི་ནས་ཨ་རབ་འབི་ཨན་མཚོ་ཁུག་ཏུ་འབབ་བོ།།


་་་་་་་་་་་་་་་་་་་་་་་་་་་་་ནུབ་ཏུ་གླང་ཆེན་ཁ་འབབ།
་་་་་་་་་་་་་་་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།། དེ་ལྟར་དུའང་ནུབ་ཏུ་གླང་ཆེན་ཁ་འབབ་ཅེས་བྱ་བ། ཞང་ཞུང་ཡུལ་གྱི་ནུབ་ཕྱོགས་ཁྱུང་ལུང་སྤུངས་པའི་རི་བོ་ཁྱུང་ལུང་དངུལ་མཁར(མཁར་གདོང་)། རྒྱལ་བ་མཉེས་པའི་ཡུལ་དེ་རུ་རི་གླང་ཆེན་འགྱིང་བ་ལྟ་བུའི་ཁ་ནས་ཆུ་བོ་གང་གཱ་ནུབ་ཏུ་ཡར་ལ་བབ་པའང་ཡོད་ཅེས་དང་། ༈དེ་ལྟར་དུའང་ཆུ་བོ་ཆེན་པོ་དེ་བཞིའི་ལོགས་སུ་སྒྲུབ་པའི་གནས་བཞི་རུ་སྲིད་པ་ནི། ཆུ་བོ་གང་གའི་(གྲོག་པོ་རབ་གསུམ་གྱི་ཆུ་ཟེར)ལོགས་སུ་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་ཞེས་བྱ་བ། རིག་འཛིན་རྒྱལ་བ་ཀུན་གྱིས་སྐུ་ཡི་སྒྲུབ་པའི་གནས། རི་བྲག་ཐམས་ཅད་ཀྱང་ཁྱུང་ཆེན་རྫོང་ལ་སྤུངས་པ་ལྟ་བུ། གསང་བའི་བྲག་ཕུག་(དཔལ་གྱི་ཕུག་གུ་ཟེར)ཐམས་ཅད་ཀྱང་གཡུང་དྲུང་དང་འཁོར་ལོ། པད་མ་དང་ནོར་བུ་ལ་སོགས་རིགས་རྟགས་ལྔ་ཡི་རྟགས་དང་ལྡན་པ། རྩི་ཤིང་དང་ནགས་ཚལ་ཐམས་ཅད་བྱང་ཆུབ་འབྱུང་བའི་རྒྱུ་དང་ལྡན་པ། ཆུ་དང་ཆུ་མིག་ཐམས་ཅད་ཀྱང་བདུད་རྩི་གསོས་ཀྱི་རྒྱུ་དང་ལྡན་པའི་གནས་ཡུལ་དེ་རུ། གླང་ཆེན་ཁ་འབབ་ཀྱི་ཆུ་བོ་གང་ག་ལ་ནས་བབས་པའི་ཚུལ་ནི། མཚོ་མ་པང་གི་ཤར་ཕྱོགས་ཆུ་མིག་འཐུང་བ་རང་གྲོལ་གྱི་མགོ་བོ་རུ། རི་གླང་ཆེན་ལྟ་བུའི་གདོང་ནས་ཆུ་བོ་གང་ག་མཚོ་མ་པང་དུ་བབས། མཚོ་མ་པང་ནས་ཟངས་ཀྱི་སྦུ་གུའི་ནང་དུ་རྒྱུ་ནས། ལ་ངག་གསེར་མཚོའི་ནང་དུ་བབས། ལ་ངག་གི་ནང་ནས་ལྕགས་ཀྱི་སྦུ་གུ་རུ་རྒྱུ་སྟེ་ཞང་ཞུང་ཁྱུང་ལུང་གིས་ཡུལ་དུ་འབབ་པའང་སྲིད་ཅེས་གསུངས་པས། གླང་ཆེན་ཁ་འབབ་ཀྱི་ཆུ་འགོ་ནི་གངས་མཚོའི་ནུབ་ཕྱོགས་གུ་གེའི་ཡུལ་གྱི་སྟོད་རྡུལ་ཆུ་ཞེས་པའི་རི་གླང་ཆེན་གྱི་ཁ་འདྲ་བ་ནས་ཐོན་ཏེ་པྲེ་ཏ་པུ་རི། ཁྱུང་ལུང་དངུལ་མཁར། ཁ་ཡུག་འདམ་མཁར་གྱི་མདའ་བའི་མཐུད་ཟམ། གདོང་པོ། མ་ནང་། མཐོ་ལྡིང་ལྕགས་ཟམ། རྩ་རང་རྫོང་གི་ཡར་འདྲེས་ཀུ་ལི། རོང་ལྗོངས་རྒྱ་ཟམ། སྤྲིན་ཟམ་འོབ། སིབ་སྐྱིད་ལ་གཞོལ་ནས་ཁུ་ནུ་རམ་པུར་དང་། སིམ་ལ་ཧི་མ་ཅལ། བྷཀ་ར་ནང་གལ། པན་འཇབ་ཅན་གྲི་གྷཀྲ། པ་ཀི་སི་ཐན་གྱི་ཤར་ངོས་དང་ཧིན་དྷུའི་བྱེ་ཐང་ཆེན་མོའི་ནུབ་ངོས་བབས་ནས་སེང་གེ་ཁ་འབབ་དང་འདྲེས་ཏེ་གྲོང་ཁྱེར་ཧེ་དྷི་རོས་བྷ་དྷི་ནས་ཨ་རབ་འབི་ཨན་མཚོ་ཁུག་ཏུ་འབབ་བོ།།

།།
་་་་་་་་་་་་་་་་་་་་་་་་་་་་་་ལྷོ་རུ་རྨ་བྱ་ཁ་འབབ།
་་་་་་་་་་་་་་་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།། དེ་ལྟར་དུའང་ལྷོ་རྨ་བྱའི་ཁ་འབབ་ཅེས་བྱ་བ། ཞང་ཞུང་ཡུལ་གྱི་ལྷོ་ཕྱོགས་རྨ་བྱ་མཛེས་བརྗིད་ཀྱི་རི་བོ། རི་རྨ་བྱ་གཉིས་བསྣོལ་ལྟ་བུའི་ཁ་ནས་ཆུ་བོ་ན་ར་ཛ་ར་ལྷོ་རུ་བབས་པའང་ཡོད་ཅེས་དང་། ༈དེ་ལྟར་དུའང་ཆུ་བོ་ན་ར་ཛ་རའི་གཡོན་དུ། ཞང་ཞུང་བྱ་རི་གཙུག་ལྡན་(ནམ་མཁའ་ཁྱུང་རྫོང་ཟེར)རིག་འཛིན་རྒྱལ་བ་ཀུན་གྱི་གསུང་གི་བསྒྲུབ་པའི་གནས་ཅེས་བྱ་བ། རི་བྲག་ཐམས་ཅད་ཀྱང་གཡུང་དྲུང་སྤུངས་པ་ལྟ་བུ། གསང་ཕུག་ཀྱང་ཐམས་ཅད་བཀྲ་ཤིས་པའི་རང་རྟགས་གསལ་བ། ཆུ་དང་ཆུ་མིག་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩི་རུ་བབས་པ། རྩི་ཤིང་དང་མེ་ཏོག་ཐམས་ཅད་འགྲོ་བ་འདྲེན་པའི་སྨན་དུ་འཁྲུངས་བ། ས་རྡོ་ཐམས་ཅད་བྱིན་རླབས་ཀྱི་ཡོན་ཏན་བསམ་གྱི་མི་ཁྱབ་པ་ཡང་ཡོད། ཅེས་སོ། །དེ་ལྟར་དུ་ཆུ་བོ་ན་ར་ཛ་ར་དེ་རུ་འབབ་པའི་ཚུལ་ནི། གངས་ཏི་སེའི་གཡས་ཀྱི་ལྷ་ཆུ་ཞེས་བྱ་བ་དེ་ལ་ངག་གསེར་མཚོ་རུ་བབས། དེ་ཡང་ལྕགས་ཀྱི་སྦུ་གུའི་རྒྱུད་ནས་རི་བྱ་རི་གཙུག་ལྡན་གྱི་མདུན་དུ་འབབ། དེ་ནས་བྲག་ཚེ་བུམ་(རྒྱ་གར་གྱི་ཆུ་ཡིན་ཟེར་པ་བྲག་གི་དཀྱིལ་ནས་ཐོན་པ་ཡོད)ལྟ་བུའི་ནང་ནས་རྒྱུད་དེ་རྨ་བྱ་ཁ་བབ་རྒྱ་གར་གྱི་ཡུལ་དུ་འབབ་པའོ། །ཅེས་དང་། དེ་རྣམས་བསྒྲུབས་གནས་བཞི་རུ་སྲིད་པའི་ཚུལ་ལོ། །ཅེས་གསུངས་པས། རྨ་བྱ་ཁ་འབབ་ཆུ་འགོ་ནི་གངས་མཚོའི་ལྷོ་ནུབ་ནམ་མཁའ་ཁྱུང་རྫོང་མ་སླེབས་ཙམ་ན་བྲག་རྨ་བྱའི་ཁ་འདྲ་བ་ནས་ཐོན་ཏེ་སྤུ་རང་སྟག་ལ་རྫོང་གཤམ་ནས་པུ་རང་ཚོ་དྲུག་དང་ཁྭོ་ཆར། ཞེར། སླེ་མི། འོམ་གློ་བཅས་བརྒྱུད་དེ་བལ་ཡུལ་ཛུམ་ལང་། ཀར་ན་ལི་བརྒྱུད་ནས་རྒྱ་གར་གྱི་ཨུ་ཏར་པར་སྡེ་ཤ་དང་། བྷི་ཧར་གྱི་གཞུང་གཤགས་ནས་བྷེ་གོལ་བརྒྱུད་དེ་འབང་ལ་སྡེ་ཤའི་ཌ་ཀ་ནས་བྷེ་གོལ་མཚོ་ཁུག་ཏུ་འབབ་ཅིང་མཐར་ཧིན་རྡུ་རྒྱ་མཚོ་ཆེན་པོར་འདྲེས་ཤིང་འཛམ་གླིང་ཞི་བདེ་རྒྱ་མཚོ་ཆེན་པོའི་མ་མ་རུ་གྱུར་ཏོ།།
་་་་་་་་་་་་་་་་་་་་་་་་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་བསྒྲིགས། ༢༠༢༧/༡༠/༣༠ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *