འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ས་ལམ་དུ་གསལ་བའི་མཁས་པ་བཅུ་དྲུག་གི་སྐོར་ལ་དཔྱད་ཞིབ་བྱས་པ།

རྩོམ་ཡིག་འདི་ཐེངས། 5539 བཀླགས་འདུག

IMG_0276        དེང་སྐབས་བོད་ཀྱི་མཁས་དབང་མི་ཉུང་བ་ཞིག་གིས་བོད་ལ་ཞིབ་འཇུག་བྱེད་པ་ལ། བོན་ལ་ཞིབ་འཇུག་བྱེད་དགོས་ཅེས་ཚ་ཚ་འུར་འུར་གྱི་ཐོག་ནས་བཤད་པ་ནི། ཐུགས་སེམས་ལྷོད་པོའི་ངང་ནས་ཅུང་ཟད་རྒྱང་གཟིགས་གནང་བའི་གསུང་གླེང་ཞིག་རེད། དེ་འདྲ་ཡིན་ཕྱིར་བོན་ལ་ཞིབ་འཇུག་གཏིང་ཟབ་པོ་ཞིག་དགོས་ན་བོན་གྱི་བླ་མ་དང་མཁས་པ་དག་གི་རྣམ་ཐར་དང་ལོ་རྒྱུས་ལ་ཞིབ་ཕྲའི་ཤེས་རྟོགས་དགོས་རྒྱུ་གལ་ཆེན་དུ་སོང་། གང་ཡིན་ཞེ་ན་ལོ་རྒྱུས་ནི་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་འགྲོ་དགོས་ཤིང་། བོན་གྱི་ཆོས་རིག་ནི་བོན་གྱི་མཁས་པས་སྲོལ་བཏོད་པ་ཞིག་ཡིན་སྟབས་དོན་གྱི་ཐུག་ས་གཙོ་བོ་ནི་བོན་གྱི་མཁས་པ་ཆགས་ཡོད། དེ་ཕྱིར་བོན་ལ་ཞིབ་འཇུག་བྱེད་པའི་མི་སྣ་ཞིག་ཡིན་ན་ངེས་པར་དུ་རྩ་བའི་བོན་བསྟན་བརྒྱུད་རིམ་གྱི་བླ་མ་དག་གིས་ལོ་རྒྱུས་ལ་མཁྱེན་རྟོགས་གང་འཚམས་རེ་ལྡན་དགོས་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་། དེ་ནི་སྐབས་གླེང་ཀྱི་གཞི་དང་འབྲེལ་བའི་ཟུར་བཤད་ཙམ་མོ།། ད་ལན་ཁོ་བོས་འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ནང་དུ་གསལ་བའི་མཁས་པ་བཅུ་དྲུག་གི་སྐོར་ནས་ཟིན་ཐུན་ཡི་གེ་ཉུང་ངུ་ཞིག་འདིར་འགོད་འདོད། ཕྲན་རང་གིས་ཉིས་སྟོང་བཅུ་གཅིག་ལོར་བོན་གྱི་ས་ལམ་སྐོར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་། སྐབས་དེར་འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལ་ལྟ་ཀློག་བྱེད་པའི་རྒྱུད་རིམ་ནས། རྩོད་པ་རྩོད་སྤོང་གི་ཁྲོད་དུ་མཚན་གསལ་པོ་མ་བོས་པའི་ཁ་གཅིག་རང་ལུགས་ཅི་རིགས་སུ་བཞག་པའི་བླ་མ་མང་པོ་ཞིག་མཐོང་བྱུང་། ཕྲན་ནས་བླ་མ་དེ་དག་གང་ལ་ངོས་འཛིན་དགོས་མིན་དཔེ་ཆ་བ་མང་པོར་འདྲི་རྩེད་བྱས་ཀྱང་ཁོང་རྣམས་ནས་གསལ་ཁ་དོད་པའི་ཚིག་གཅིག་ལབ་མཁན་མ་བྱུང་། ཕྲན་རང་ཉིད་ནས་འགྲོ་མགོན་ས་ལམ་ལ་མུ་མཐུད་ཞིབ་ཀློག་དང་དེ་བཞིན་རྗེ་ཡི་ས་ལམ། སྒ་སྟོན་ས་ལམ། བསྟན་འབྱུང་ཁག་བཅས་སུ་དུས་ཡུན་གང་འཚམས་བསྐྱར་ཞིབ་བྱས་ཁུལ་གྱི་མཐའ་སྡོམ་ཉུང་ངུ་ཞིག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་འདོད་པ་ཡིན།

་་་་་་་་་་་་་་་་་སྤྱིར་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(༡༡༩༨-༡༢༦༣)མཆོག་གིས་བརྩམས་པའི་(ས་དང་ལམ་གྱི་རིམ་པ་རིན་པོ་ཆེའི་འཕྲུལ་གྱི་ལྡེ་མིག)ཅེས་བྱ་བ་འདི་ནི་དུས་རབས་བཅུ་གསུམ་པའི་ནང་དུ་བརྩམས་པ་ཞིག་ཡིན་ཞིང་། གཞུང་འདི་ཉིད་ཀྱི་ནང་དུ་རྩོད་སྤང་དང་དགག་སྒྲུབ་ཤུགས་ཆེན་མཛད་ཡོད་པས། ནམ་རྒྱུན་རྣམ་ཐར་དང་ལོ་རྒྱུས་ཉུང་བའི་བོན་གྱི་མཁས་པ་མང་པོའི་དཔེ་ཆའི་མགོ་རྔ་ཙམ་མཐོང་རྒྱུ་ཡོད། དེ་ཕྱིར་དཔེ་ཆ་འདི་ཉིད་ཀྱི་མགོ་མཇུག་བར་གསུམ་ལ་ཞིབ་འཇུག་གཏིང་ཟབ་པོ་ཞིག་བྱེད་ཐུབ་ན་མཁས་པ་དེ་དག་གི་རྣམ་ཐར་ལ་གོ་རྟོགས་ཅུང་ཙམ་འཕེལ་ངེས་ཡིན། གཞན་ལུགས་དགག་པའི་ཁྲོད་ནས་ཁ་ཅིག་ཅེས་པའི་ཚིག་ཕལ་ཆེར་བརྒྱ་ཙམ་ཐོན་པ་དང་། དངོས་སུ་མཚན་ཚབ་དང་ཆེ་མིང་ཅི་རིགས་སྨོས་པའི་མཁས་པ་བཅུ་དྲུག་ཙམ་གྱི་མཚན་ཐོན་འདུག་པ་ནི་འདི་ལྟར། བདག་ཉིད་ཆེན་པོ་དང་། བློ་གྲོས་ཀྱི་བདག་ཉིད་ཆེན་པོ། ལུང་རིག་དབང་ཕྱུག། རྨེའུ་དཔལ། དོ་པ། བླ་མ་དྲི་མེད་སྤྱན་ལྡན། ལུང་རིག་མངའ་བདག། ཞུ་སྟོན། ཞུ་བཙུན། ཞུ་ཆེན་པོ། སྤ་སྟོན། འབྲེ། རོང་སྟོན། ཞང་། བྲུ་ལ་སྟོད་པ་ཆེན་པོ། བྲུ་ནམ་མཁའ་འོད་དང་བཅུ་དྲུག་གོ། མཁས་པ་དེ་དག་གིས་བརྩམས་པའི་གཞུང་ལུགས་མང་ཆེ་བ་ད་ཆ་ནུབ་ཟིན་པས་ཚུལ་འདི་ཡི་ཐད་ལ་དཔྱད་གཞི་ཤིན་ཏུ་ཉུང་བ་མ་ཟད། ཁོང་རྣམས་མང་ཆེ་བའི་རྣམ་ཐར་གྱི་སྐོར་ལ་ཁ་གསལ་དང་རྒྱས་པོ་དེ་བས་ཀྱང་མི་འདུག། འདིར་བསམ་དགོས་པ་ཞིག་ནི་ཁོ་བོས་གོང་དུ་མཁས་པ་བཅུ་དྲུག་གི་མཚན་རིམ་བགྲང་བ་འདི་མཐའ་གཅིག་ཏུ་རྩོམ་པ་པོ་མི་འདྲ་བ་བཅུ་དྲུག་ཡིན་པའི་ངེས་པ་མེད། དཔེར་ན་ཞུ་སྟོན་དང་། ཞུ་བཙུན། ཞུ་ཆེན་པོ་གསུམ་མི་གཅིག་ཡིན་མིན་དོགས་པ་ཡང་ཡོད། གདུང་རུས་ཞུ་ལ་སྟོན་པ་ཡིན་པའི་ཆ་ནས་ཞུ་སྟོན་དང་། ཞུ་གང་ཞིག་བཙུན་པ་ཡིན་པའི་ཆ་ནས་ཞུ་བཙུན། མཁྱེན་རྟོགས་དང་མཛད་པ་ཆེ་བས་ཞུ་ཆེན་པོ་སོགས་མི་གཅིག་ལ་མིང་གི་རྣམས་གྲངས་ཡང་ཡིན་སྲིད། ཞིབ་ཕྲ་གཤམ་ནས་གསལ་བས་དེར་གཟིགས་པར་ཞུ། ཡང་འགྲོ་མགོན་ས་ལམ་དུ་ཁ་གསལ་མེད་པའི་ངོས་ཀྱི་བླ་མ་དང་། བླ་མས་ཟེར་བ་འགའ་གསལ་ཡོད་པ་ནི་བླ་མ་དྲི་མེད་སྤྱན་ལྡན་དང་གཅིག་པ་ཡིན་པས་འདིར་དེ་རྣམས་ལོག་ཏུ་བཀོད་མེད། བླ་མ་དེ་རྣམས་བསྟན་པ་ཕྱི་དར་སྐབས་ཀྱི་གདན་ས་བྲུ་ཞུ་སྤ་རྨེའི་མཁས་པ་ཤ་སྟག་ཡིན་ཚོད་འདུག་པས། ཚུལ་འདི་རྣམས་ཀྱི་ཐད་ལ་ཞིབ་འཇུག་ཤ་བཙིར་རུས་བཙིར་རེ་བྱེད་ཐུབ་ན། སྐབས་དེ་ཤད་བོན་གྱི་གདན་ས་ཁག་གི་མཁས་པ་རྣམས་ཀྱིས་ལྟ་གྲུབ་ལམ་རིམ་ལ་དགོངས་པ་བཞེད་ཕྱོགས་མི་འདྲ་གང་མཆིས་གསལ་པོར་རྟོགས་ནུས་པ་དང་། བོན་གྱི་མཚན་ཉིད་རིག་པའི་འཕེལ་རྒྱས་ཀྱི་གནས་བབས་ཀྱང་གསལ་རུ་འགྲོ་བ་ཡིན་པས་དཔྱད་རིན་ཚད་མཐོར་སོང་ཡོད་སྙམ། དོགས་མེད་ཁུ་སིམ་དུ་སྣང་བ་སྐྱིད་པོར་ཉི་མ་འདེ་མཁན་རྣམས་ལ་དཔྱད་པ་འདི་ཚོ་རྩམ་པ་ཁེམ་བེ་གང་གི་རིན་ཐང་མེད་པས་བཏང་སྙོམ་དུ་གཡུག་འོས་སོ།། མཐོ་སྒང་ཤེས་རིག་གི་བླ་སྲོག་འཚོལ་བའི་བོན་རིག་པའི་སློབ་གཉེར་བ་རྣམས་ཀྱིས་ལོ་རྒྱུས་འདི་དག་གི་ཐད་ལ་མུ་མཐུད་ནས་དཔྱད་ཞིབ་དང་དོགས་སློང་མི་ཉུང་བ་གནང་བའི་རེ་བ་ཆེ།

དང་པོ། བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་གཉིས་ཀྱི་སྐོར།

་་་་་་་་་་་་་་་་་་དེ་སྔོན་ས་ལམ་གྱི་གཞུང་ཆེན་མོ་འདི་ཉིད་ལ་སློབ་གཉེར་གནང་བའི་རང་རེའི་དཔེ་ཆ་བ་རྣམས་ཀྱིས་གོང་གསལ་མཁས་པ་དག་གི་ལོ་རྒྱུས་གནས་བབས་ལ་དོ་སྣང་དེ་ཙམ་མ་མཛད་པ་ནི། དོན་དམར་འཇུའི་ཕྱོགས་སུ་འགྲོ་ཆེ་བ་ཞིག་ཡིན་པ་ལས། ཚིག་རིས་ཐ་ཐོར་ལབ་གླེང་བྱེད་མ་ཤེས་པ་ཞིག་ནི་ག་ལ་ཡིན་ཏེ་ཡིན་མི་སྲིད་དོ། །ལར་དགོད་བྲོ་བ་ཞིག་ལ་བདག་ཉིད་ཆེན་པོ་ནི་འགྲོ་མགོན་བློ་གྲོས་ཡིན་པར་རྨོངས་མཁན་མང་དུ་སྣང་། ཕྲན་རང་ཉིད་གནད་དོན་དེའི་ཐད་ལ་དེ་སྔོན་ཡིད་ཚིམ་པ་ཞིག་མ་བྱུང་བས། འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལ་ཅུང་ཟད་ཅིག་ལྟ་ཁུལ་བྱས་པས་བདག་ཉིད་ཆེན་པོ་ནི་འགྲོ་མགོན་བློ་གྲོས་མ་ཡིན་པ་མ་ཟད། བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞེས་པའི་མཁས་པ་མི་འདྲ་བ་གཉིས་ཡོད་པར་མཐོང་། དེའི་སྐོར་འགྲོ་མགོན་ས་ལམ་ནས་གསལ་བ་དག་དིར་ངོ་སྤྲོད་བྱེད་རྒྱུ་ཡིན། ས་ལམ་འཕྲུལ་གྱི་ལྡེ་མིག་(1)ལས་ལམ་གྱི་མཚན་ཉིད་བསྟན་སྐབས། “གཞན་ལུགས་དགག་པ་དང་། རང་ལུགས་གཞག་པ། རྩོད་པ་སྤོང་བ”གསུམ་བསྟན་པའི་ཁྲོད་ནས། གཞན་ལུགས་དགག་པ་ལ། “ལམ་སྤྱི་ཡི་མཚན་ཉིད་མི་འདོད་པའི་ལུགས་དགག་པ་དང་། འདོད་ཀྱང་འཁྲུལ་པའི་ལུགས་དགག་པ། ཕྱོགས་ཙམ་དོན་ལྡོག་ཡིན་ཡང་དགག་པ”དང་གསུམ་བསྟན་ཡོད། དང་པོ་ནི་མཁས་པ་དཔལ་ཆེན་བཞག་པ་དང་། གཉིས་པ་སྤ་སྟོན། གསུམ་པ་བདག་ཉིད་ཆེན་པོ་བཅས་ཁ་ཅིག་གྲས་སུ་བཞག་ཡོད། རང་ལུགས་ལ་བློ་གྲོས་ཀྱི་བདག་ཉིད་ཀྱིས་ཕྱིན་པར་བྱེད་པ་ཞེས་གསུངས་པ་དེ་ཡིན་ཞེས་གསལ་ཡོད། མ་ཟད་བདག་ཉིད་ཆེན་པོས་ལམ་གྱི་མཚན་ཉིད་བགྲོད་པར་བྱེད་པ་ལ་བཞེད་པ་མ་ཡིན་ཏེ་མ་བགྲོད་པའི་གནས་སུ་ཕྱིན་པར་བྱེད་པ་ལ་མ་ཁྱབ་པ་དང་ཞེས་གསུངས་ནས་དགག་པ་ཚ་ཐག་ཆོད་གནང་ནས་གཞན་ལུགས་སུ་བཞག་པ་དང་། སྐབས་དེ་ཤད་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་དང་བདག་ཉིད་ཆེན་པོ་ཞེས་པའི་མཁས་པ་མི་འདྲ་བ་གཉིས་ཡོད་པ་གསལ་པོར་བསྟན་ཡོད། འོ་ན་དེ་གཉིས་ཀྱི་ཁྱད་པར་གང་གིས་འབྱེད་ཅེ་ན་མཉམ་མེད་ཤེས་རབ་རྒྱལ་མཚན(༡༣༥༦-༡༤༠༥)དང་། འ་ཞ་འགྲོ་མགོན་གཉིས་ཀྱི་ས་ལམ་གོ་བསྡུར་ན་གོ་བ་ཞིག་སྟེར་བ་འདི་ལྟར། རྗེ་ཡི་ས་ལམ་ལེའུ་བདུན་པ་ལས(2)་ཐར་པའི་ལམ་བརྒྱད་བསྟན་སྐབས་དེ་ཡི་རྩ་ཚིག། སློབ་དཔོན་ཉི་རྒྱལ་གྱིས་ཚིགས་སུ་བཅད་པ་ཞེས་གསལ། འ་ཞའི་ས་ལམ་ལས་(3)གོང་གི་རྩ་ཚིག་དེ་བློ་གྲོས་ཀྱི་བདག་ཉིད་ཆེན་པོས་གསུངས་སོ་ཞེས་གསལ་བས་བྲུ་སྟོན་ཉི་རྒྱལ་ལ་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུ་བ་གསལ་པོར་རྟོགས་ནུས་ལ། ད་དུང་རྗེ་ཡི་གབ་འགྲེལ་(4)ལས། བྲུ་སྟོན་ཉི་རྒྱལ་ལ་བློ་གྲོས་གཏེར་ཆེན་ཞུ་ཚུལ་འཁོད་པ་ནི་ལུང་གོང་འོག་གི་དགོངས་དོན་གནད་གཅིག་ཏུ་གྲུབ་པ་ཡིན། གཞན་ཡང་བྲུ་རྗེ་གཡུང་དྲུང་བླ་མ(1040འཁྲུངས)ལ་བདག་ཉིད་ཆེན་པོ་ཟེར་ཏེ། སློབ་དཔོན་ཚུལ་རྒྱན་པའི་སྙན་ངག་རིན་ཆེན་ལྡེ་མིག་གི་སྒྲ་རྒྱན་དབུས་ཟུང་ལྡན་(5)སྐབས། བྲུ་རྗེ་བཙུན་ལ་བསྟོད་ཚིག་ཞིག་མཛད་ཡོད་པ་དེ་སྙན་ངག་གི་ཚིག་སྦྱོར་ཙམ་མ་ཡིན་པར་ཁོང་ལ་བདག་ཉིད་ཆེན་པོ་ཞུ་བའི་རྒྱབ་ལྗོངས་དང་བཅས་པར་གསལ་འདོན་བྱས་འདི་ལྟར། བྲུ་རྗེ་གཡུང་དྲུང་བླ་མ་ཡིས།། དགེ་ལེགས་མཛད་བཟང་རླབས་ཆེ་བས།། མདོ་སྔགས་གཡུང་དྲུང་བོན་བསྟན་གྱི།། བདག་ཉིད་ཆེན་པོ་ཞེས་སུ་གྲགས།།” ཞེས་གསལ་བས་བྲུ་རྗེ་ལ་བདག་ཉིད་ཆེན་པོ་ཞུ་བ་གསལ་པོར་བསྟན་ཡོད། དེར་བརྟེན་གོང་གི་ལམ་གྱི་མཚན་ཉིད་སྐབས་བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུ་བའི་མཁས་མི་འདྲ་བ་གཉིས་བྱུང་བ་དེ་ནི་བྲུ་རྗེ་དང་བྲུ་སྟོན་ཉི་རྒྱལ་གཉིས་ལ་གོ་དགོས་པར་སེམས། བདག་ཉིད་ཆེན་པོ་ཞུ་བའི་མཚན་འདི་བླ་མ་རྣམས་ལ་དུས་རབས་བཅུ་གཅིག་དང་བཅུ་གཉིས་བཅུ་གསུམ་པའི་གཡས་གཡོན་ཙམ་ནས་འདོགས་སྲོལ་ཡོད་པར་སྣང་། དཔེར་ན་ས་སྐྱ་པཎ་ཏྲི་ཏ(༡༡༨༢-༡༢༥༡)སོགས་ས་སྐྱའི་བླ་མ་མང་པོར་བདག་ཉིད་ཆེན་པོ་ཟེར་བཞིན་ཡོད་པས་ཐ་སྙད་དེ་ནི་དེང་སང་བླ་ཆེན་ཁ་ཤས་ལ་སྐྱབས་མགོན་ལབ་པ་ལྟར་གལ་ཆེའི་ཆེ་མིང་ཞིག་ལ་རྩི་བཞིན་ཡོད་འདུག། དེ་བརྟེན་གོང་གི་མཁས་གྲུབ་གཉིས་པོ་ནི་དབེན་ས་ཁའི་གྲགས་ཅན་ཁྲི་འཛིན་གཉིས་ཡིན་པས་མཚན་དེ་ལྟར་བཏགས་པར་སྣང་། ཡང་ན་བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་གཉིས་བླ་མ་གང་དང་གང་ལ་ངོས་འཛིན་ཞེ་ན་སྤྱིར་འ་ཞའི་ས་ལམ་ནང་དུ་གསལ་བའི་བཤད་མ་ཐག་པའི་བླ་མ་གཉིས་ནི་གདན་ས་བྲུ་ཚང་གི་བླ་མ་ཡིན་པར་དགག་བཞག་སྤོང་གསུམ་ཁྲོད་ནས་ཕལ་ཆེར་བ་རང་ལུགས་སུ་བཞག་ཡོད་(6)པས་ཤེས་ནུས་ལ། འགྲོ་མགོན་བློ་གྲོས་ཀྱིས་གདན་ས་སྤ་རྨེའུ་ཞུ་གསུམ་གྱི་མཁས་པ་ནི་རང་ལུགས་སུ་འཇོག་སྲོལ་ལར་ནས་མེད་དོ། །

་་་་་་་་་་་་་་་་་་འགྲོ་མགོན་གྱི་གོང་གི་གཡས་རུའི་སྟོན་པ་བདུན་པོ་(7)དག་གི་ནང་ནས་བྲུ་ཆེན་ཡབ་སྲས་ནི་མ་ཡིན་ཏེ་སྐབས་དེར་གཡས་རུའི་ཁྲི་འཛིན་གོང་མ་དག་ལ་ཐུན་མིན་གྱི་ཆེ་མིང་རེ་ཡོད་པའི་ཁྲོད་ནས། བྲུ་ཆེན་ནམ་མཁའ་གཡུང་དྲུང་ལ་སྲོལ་འཛིན་ཆེན་པོ་དང་། བྲུ་ཤ་ཁྱུང་གི་རྒྱལ་མཚན་ལ་ལུང་རིགས་དབང་ཕྱུག་ཞུ་བ་ཡིན། མེ་གཉོས་གཉིས་ལས་གཡོར་པོ་མེ་དཔལ་ནི་མ་ཡིན་ཏེ་ཁོང་ལ་བསླབ་གསུམ་དབང་ཕྱུག་ཞུ་བ་ལས་བློ་གྲོས་ཀྱི་བདག་ཉིད་དང་། བདག་ཉིད་ཆེན་པོ་ནི་ཞུ་སྲོལ་མེད་དོ། །གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནི་གོང་གསལ་མཁས་པ་བཅུ་དྲུག་ནང་ནས་ལུང་རིག་མངའ་བདག་ཞེས་པ་དེ་ཉིད་ཡིན་སྐོར་གཤམ་གསལ་པོར་ཡོང་བས་འདིའི་ཐད་ལ་དོགས་གནས་མེད་དོ། །དུས་ཕྱིས་བླ་མ་རྣམས་ལ། ལུང་རིགས་དབང་ཕྱུགས་དང་། བློ་གྲོས་ཆེན་པོ། བདག་ཉིད་ཆེན་པོ། ལུང་རིགས་མངའ་བདག་ཞེས་པའི་མཚན་དེ་གང་ལ་གསོལ་གསོལ་ལྟ་བུར་གྱུར་རུང་། དབེན་ས་ཁ་དར་རྒྱས་སུ་འགྲོ་བའི་སྐབས་དེར་གོང་གསལ་བླ་མ་རྣམས་ཀྱི་ཆེ་མིང་དེ་དག་ཐུན་མིན་གྱི་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི་འགྲོ་མགོན་གྱི་ས་ལམ་དང་། རྗེ་ཡི་གབ་འགྲེལ་ཀུན་བཟང་དགོངས་རྒྱན་(8)གཉིས་ནས་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། འདིར་གབ་འགྲེལ་གྱི་ལུང་རྣམས་ཐད་ཀར་དྲངས་ན་དམིགས་བསལ་གོ་བ་ཞིག་ཀྱང་སྟེར་ངེས་ཡིན། “ལུང་རིགས་ཀྱི་དབང་ཕྱུག་གི་ཁྱུང་རྒྱལ་མཚན་དང་། བསྟན་པའི་མངའ་བདག་ཆེན་པོ་རྗེ་བཙུན་དང་། བློ་གྲོས་གཏེར་ཆེན་ཉི་རྒྱལ་དང་། བསླབ་གསུམ་དབང་ཕྱུག་གཡོར་མེ་དང་། ལུང་རིགས་མངའ་བདག་གཉོས་རྒྱལ་དང་། དྲི་མེད་སྤྱན་ལྡན་བདུད་རྩི་དང་། འཕྲིན་ལས་རྒྱ་མཚོ་འགྲོ་མགོན་བློ་གྲོས་དང”་ཞེས་པའི་ཚིག་ཕྲེང་དག་གིས་ཁོང་རྣམས་ཀྱི་མཁྱེན་རྟོགས་དང་འབྲེལ་བའི་ཆེ་མིང་ཡིན་པ་གསལ་སྟོན་བྱས་ཡོད། གོང་དུ་དྲངས་མ་ཐག་པའི་བསྟན་པའི་མངའ་བདག་ཆེན་པོ་རྗེ་བཙུན་དང་། བློ་གྲོས་གཏེར་ཆེན་ཉི་རྒྱལ་དང་ཞེས་པའི་ཚིག་གཉིས་པོས། འགྲོ་མགོན་ས་ལམ་ནས་གསལ་བའི་བདག་ཉིད་ཆེན་པོ་དང་། བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཟུང་ནི་དང་པོ་བྲུ་རྗེ་བཙུན་གཡུང་དྲུང་བླ་མ་དང་། གཉིས་པ་བྲུ་སྟོན་ཉི་མ་རྒྱལ་མཚན་གཉིས་ལ་ངོས་འཛིན་བྱེད་ཆོག་པའི་བདེན་དཔང་གསལ་པོ་བྱས་པ་མ་ཟད། གོང་དུ་འགྲོ་མགོན་བློ་གྲོས་དང་། མཉམ་མེད་ཤེས་རབ་རྒྱལ་མཚན་གཉིས་ཀྱི་ས་ལམ་གོ་བསྡུར་དང་ད་དུང་སྙན་ངག་རིན་ཆེན་ལྡེ་མིག་བཅས་ཀྱི་ལུང་ཚན་མང་པོ་དཔྱད་བསྡུར་ཁྲོད་ནས་ཁོ་བོས་མཐར་སོན་གྱི་རྙེད་ཚོད་དེ། བདག་ཉིད་ཆེན་པོ་ནི་བྲུ་རྗེ་གཡུང་དྲུང་བླ་མ་དང་ བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ནི་བྲུ་སྟོན་ཉི་མ་རྒྱལ་མཚན་གཉིས་ལ་ངོས་འཛིན་བྱེད་དགོས་པ་ལྟ་བུར་ཡིན་རུང་། འོན་ཀྱང་ད་དུང་དཔྱད་པ་རྫོགས་པའི་གཏམ་མིན་པས་དོགས་སློང་དཔྱད་བརྗོད་མ་ཆུང་བར་གནང་བར་མཁྱེན།

་་་་་་་་་་་་་་་་་ཡང་བྲུ་རྗེ་བཙུན་ལ་བདག་ཉིད་ཆེན་པོ་ཞེས་པའི་ཆེ་མིང་དང་། བྲུ་སྟོན་ཉི་རྒྱལ་ལ་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞེས་པའི་ཆེ་མིང་དེ་ཅིས་ཕྱིར་བཏག་མིན་སྐོར་ཞིག་ཞུས་ན། སྤྱིར་མཛད་འཕྲིན་ཆེ་ཞིང་མཁྱེན་རྟོགས་ཟབ་པའི་བླ་མ་ཚང་མ་ལ་མཚན་དེ་གཉིས་འཇུག་རུང་། ཡིན་ན་སྐབས་དེར་དམིགས་བསལ་མཁས་པ་འདི་གཉིས་ལ་མཚན་དེ་སྨོས་པར་འབྲེལ་བ་གང་འདྲ་ཞིག་ཡོད་མེད་ཤེས་དགོས་པ་དེ་རེད། བྲུ་རྗེ་བཙུན་ཁོང་ཉིད་ཀྱིས་གཙང་གཡས་རུ་དབེན་ས་ཁར་བོན་གྱི་གཞུང་ལུག་སློབ་གཉེར་བྱེད་སའི་འདུལ་དགོན་ཕྱག་བཏབས་གནང་བ་དང་། དགོན་དེའི་རྟེན་དང་བརྟེན་པར་བཞེངས་བསྐྲུན་བླ་མེད་གནང་བ་མ་ཟད། སློབ་ཁྲིད་ཀྱི་ཐུགས་འགན་བཞེས་ནས་སློབ་མ་སྟོང་ཕྲག་ལྷག་གསོ་སྐྱོང་མཛད་ཅིང་མཛོད་དང་ས་ལམ་སྐོར་ནས་གསུང་རྩོམ་རྒྱ་ཆེར་རྗེས་བཞག་གནང་། བོན་ལ་རྙིང་གཏོར་གསར་འཛུག་གི་གོད་ཆགས་ཚབས་ཆེན་ཐེབས་ཤུལ་ནས་མདོ་སྔགས་སེམས་གསུམ་གྱི་རྒྱུད་ལུང་ཐམས་ཅད་དམ་པ་ཁོང་ཉིད་ལ་འདུས་ཤིང་། དུས་ཚོད་གཅིག་ལ་གཤེན་བསྟན་རིན་པོ་ཆེར་མངའ་དབང་བསྒྱུར་བའི་སྟོན་པའི་རྒྱལ་ཐེབས་མཛད་པས་ན་ཆེ་བའི་མཚན་ལ་བདག་ཉིད་ཆེན་པོ་གསོལ་བ་སེམས། ཡང་བྲུ་སྟོན་ཉི་རྒྱལ་ལ་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུ་དོན་ནི། ཁོང་ཉིད་བླ་མ་གཞན་དང་མ་འདྲ་བའི་མཁྱེན་རྟོགས་ཟབ་ཅིང་། ཐུགས་རིག་གྲུང་བ་ཞིག་ཡིན་སྐོར་ཁོང་གི་རྣམ་ཐར་ནས་(9)ཚིག་ཁ་ཤས་འདིར་དྲངས་ན། “བྲུ་རྗེ་བཙུན་ཆེན་པོའི་སྐུ་ཡི་དབང་པོ། ཐུགས་ཀྱི་སྲས་མཆོག་ཐུ་བོ་ཆེ། སྨྲ་བའི་སེང་གེ། ལྟ་བའི་ཁྱུང་ཆེན། སྒོམ་པའི་རུས་སྦལ། སྤྱོད་པའི་གླང་ཆེན། དམ་ཚིག་གི་གསེར་སྦྲམ། ཕྲིན་ལས་ཀྱི་འཁོར་ལོ། འབྲས་བུ་མི་ནོར་བའི་མཆོག་དམ་པར་གྱུར་པ་སྟེ་བྲུ་སྟོན་ཉི་མ་རྒྱལ་མཚན”་ཞེས་གཡས་རུའི་སྟོན་པ་གཞན་དང་མ་འདྲ་བའི་དམིགས་བསལ་བསྟོད་བསྔགས་ཆེར་ཆེར་མཛད་ལུགས་ལ་གཞིགས་ན་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུ་དོན་ཧ་གོ་བར་འདུག་གོ།

གཉིས་པ། ལུང་རིག་དབང་ཕྱུག་གི་སྐོར།

ལུང་རིག་དབང་ཕྱུག་ཞེས་པའི་བླ་མ་འདི་གཡས་རུའི་སྟོན་པ་གདན་རབས་གཉིས་པ་བྲུ་ཤ་ཁྱུང་གི་རྒྱལ་མཚན་ཡིན་པར་མངོན། མཁས་པ་འདི་ཉིད་འགྲོ་མགོན་ས་ལམ་ནས་དགག་རྒྱག་ཐེངས་མང་(10)དུ་མཛད་ཡོད། གོང་གསལ་གཡས་རུའི་སྟོན་པ་རེ་ལ་མཁྱེན་རྟོགས་ཡོན་ཏན་དང་འབྲེལ་ཆེ་བའི་མཚན་རེ་ཡོད་ཚུལ་གོང་དུ་ཞུས་ཟིན་ལ་ལྟར། འདིར་ལུང་རིག་དབང་ཕྱུག་ཞེས་པ་འདི་འང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱི་ཆེ་བའི་མཚན་ཡིན་པར་འདོད་ལ། བྲུ་ཤ་ཁྱུང་གི་རྒྱལ་མཚན་ལ་ལུང་རིག་དབང་ཕྱུག་ཞུ་སྐོར་རྗེ་ཡི་གབ་འགྲེལ་གྱི་ལུང་ཁོ་བོས་གོང་དུ་དྲངས་ཟིན་པས་འདིར་བསྐྱར་འདྲེན་བྱེད་པ་ལ་དགོས་པ་མ་མཐོང་ངོ་། །བླ་མ་ཁོང་ཉིད་ནི་ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་། ཡུམ་ར་ཤག་བཟའ་གཉིས་ཀྱི་སྲས་སུ་ཕྱི་ལོ༡༠༡༢ལོར་སྐུ་འཁྲུངས། ཁོང་ན་ཆུང་ངུས་དུས་ནས་ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་བླ་མ་གཤེན་ཆེན་ཀླུ་དགའ་བཅས་ཀྱི་དྲུང་ནས་ཐོས་བསམ་ཆེ་ཆེར་མཛད་ནས་མཁས་པའི་རྩེར་སོང་མཛད། འདུས་གནས་གཡས་རུ་དབེན་ས་ཁའི་སྒྲུབ་སྡེ་རུ་གབ་མཛོད་ས་གསུམ་གྱི་གཞུང་ཆེན་ཁག་ལ་འཆད་རྩོད་ཞུན་བརྡར་རྒྱ་ཆེར་གནང་བས་ལུང་རིག་དབང་ཕྱུག་ཞེས་པའི་མཚན་གྱི་ཅོ་པན་གསོལ། དབེན་གནས་མང་པོར་སྒོམ་སྒྲུབ་ཀྱི་སྡེ་རྒྱ་ཆེར་བསྐྱངས་པ་དང་སྟོད་ཕྱོགས་མངའ་རིས་ཀྱི་ས་གནས་དུ་མར་བོན་འཁོར་བསྐོར་ནས་རྒྱལ་པོ་དུ་མའི་མཆོད་གནས་མཛད། ཉིད་ཀྱི་གསུང་རྩོམ་ལ་ས་ལམ་དང་མཛོད་སོགས་ལེགས་བཤད་དུ་མ་ཡོད་འདུག་རུང་དེང་སྐབས་འོ་སྐོར་གྱི་མཇལ་ཡུལ་དུ་མ་གྱུར་རོ།།

གསུམ་པ། རྨེའུ་དཔལ་གྱི་སྐོར།

་་་་་་་་་་་་་་་་་་་་་འགྲོ་མགོན་ས་ལམ་ནས་རྨེའུ་དཔལ་ཞེས་དགག་པ་ཁོ་ན་བྱེད་ས་དེ་ནི་ཕྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་སྐུ་འཁྲུངས(༡༠༥༢-༡༡༠༦༠)པའི་གདན་ས་རྨེའུ་ཚང་གི་མཁས་མཆོག་ཚུལ་ཁྲིམས་དཔལ་ཆེན་ཡིན་པ་རྩོད་བྲལ་ཡིན། འགྲོ་མགོན་མཛོད་ནས་རྨེའུ་ཞེས་པའི་མཁས་པ་གཅིག་དང་། རྨེའུ་དཔལ་ཞེས་པའི་མཁས་པ་གཉིས་ལ་དགག་པ་ཆེ་ཆེར་མཛད་ཡོད། དེ་གཉིས་ནི་དང་པོ་རྨེའུ་ལྷ་རི་གཉེན་པོ་དང་། གཉིས་པ་རྨེའུ་མཁས་པ་དཔལ་ཆེན་རྣམ་གཉིས་ཡིན། ཁོང་རྣམ་གཉིས་འ་ཞའི་མཛོད་ནས་སྐབས་འགར་རྨེའུ་ཡབ་སྲས་(11)ན་རེ་ཞེས་དགག་པ་ཤུགས་ཆེར་མཛད་ཡོད། འདིའི་སྐོར་ནི་ལེ་ཚན་གཞན་ཞིག་ནས་འཆད་འཆར་ཡོད་པས་ད་ལན་དེ་ཙམ་མོ། །འདིར་དོ་སྣང་མཛད་དགོས་པ་ཞིག་ནི་འགྲོ་མགོན་ས་ལམ་ལེའུ་སྟོད་སྨད་ཆ་ཚང་དུ་གཞན་ལུགས་དགག་པའི་ཁྲོད་ནས་རྨེའུ་དཔལ་ཞེས་ཐོན་ཡོད་མོད། དེར་ལུང་འདྲེན་བྱས་པའི་ཚིག་རྣམས་ད་ལྟའི་ཁམས་འགྲེལ་དུ་ཡོད་མེད་དང་། དགེ་བཤེས་བརྩོན་འགྲུས་གོང་འཕེལ་གྱི་མཛད་པའི་རྟེན་འབྲེལ་ལུང་རིག་བང་མཛོད་དུ་(12)རྨེའུ་དཔལ་གྱི་མདོ་ཡི་རྣམ་བཤད་གསལ་སྒྲོན་ཞེས་པ་ལུང་འདྲེན་བྱས་པ་དེ་རྣམས་ཕན་ཚུན་དཔྱད་བསྡུར་བྱས་ན། མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་དང་། མདོ་ཡི་རྣམ་བཤད་གསལ་སྒྲོན་ཞེས་པའི་དཔེ་ཆ་མི་འདྲ་བ་གཉིས་ཡོད་མེད་ཞིབ་འཇུག་གི་ཐལ་ལམ་གལ་ཆེན་ཞིག་རེད་སྙམ། རྨེའུ་མཁས་པ་དཔལ་ཆེན་མཆོག་ནི་ཡབ་རྨེའུ་ལྷ་རི་གཉེན་པོ་དང་ཡུམ་འབྲམ་ཟ་བསོད་མཚོ་གཉིས་ཀྱི་སྲས་སུ་འཁུངས། སྐུ་ན་ཆུང་སྐབས་ཡབ་ཀྱི་མདུན་ནས་ཐོས་བསམ་ལེགས་པོར་མཛད་དེ་མཛོད་སོགས་ལ་ཏི(13)་ཀ་བཏབ་པས་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ། གདན་ས་རྨེའུ་ཚང་གི་སློབ་དཔོན་མཛད་ནས་སྙེ་མོ་བཟང་པོའི་རི་ལ་འདུས་སྡེ་སུམ་བརྒྱ་ལྷག་འཕེལ་ཏེ་བོན་བསྟན་ཕྱི་དར་གྱི་ཁྲོད་ནས་བསྟན་པའི་མེ་རོ་སློང་བའི་མཁས་གྲུབ་ཞིག་ཡིན། བླ་མ་འདིའི་ལོ་རྒྱུས་རྒྱས་པར་མཁྱེན་འདོད་ན་སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་མཛད་པའི། རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ་(14)ཞེས་པར་གཟིགས་པར་ཞུ།།

བཞི་པ། དོ་པ་ཟེར་བའི་མཁས་པའི་སྐོར།

་་་་་་་་་་་་་་་་་འགྲོ་མགོན་གྱི་ས་ལམ་ནས་དོ་པ་ཟེར་བའི་མཁས་པ་འདི་ནི་སྒ་སྟོན་གྱི་ས་ལམ་ནང་དུ་གསལ་བའི་གཡོར་དད་ཞེས་པ་དེ་དང་གཅིག་ཨེ་ཡིན་ན་སྙམ་པ་རེ་བྱུང་ལ། སྒ་སྟོན་གྱི་མཛོད་ནས་ཀྱང་གཡོར་དད་ཞེས་པའི་མཁས་པ་དེ་མགོ་མཇུག་བར་གསུམ་ནས་ཐོན་ཡོད་སྟབས་དེ་མཛོད་འགྲེལ་རྩོམ་པ་པོ་ཞིག་ཡིན་པ་ར་སྤྲོད་བྱུང་སོང་། འོན་ཀྱང་ཁོ་བོས་ད་བར་མཁས་པ་དེའི་སྐོར་ལ་དཔྱད་ཞིབ་གང་འཚམས་བྱས་ཀྱང་ཡོངས་གྲགས་བོན་གྱི་མཁས་པ་འདི་ཡིན་ཟེར་བ་ཐག་ཆོད་པ་མ་བྱུང་རུང་། གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱི་དངོས་སློབ་རྒྱལ་མཚན་བརྒྱད་ཀྱི་ནང་ཚན་གཡོད་པོ་དད་པ་རྒྱལ་མཚན་ཞེས་པ་ཁོང་ཕལ་ཆེར་ཡིན་པར་མངོན་རུང་སྐབས་འདིར་དཔྱད་གཞི་རུ་འབུལ་བ་ཡིན། འདིར་དཔྱད་གཞི་འབུལ་དོན་ཡང་མཚན་དངོས་ལ་གཡོར་པོ་དད་པ་རྒྱལ་མཚན་དང་དེ་ལ་འཕོ་འགྱུར་ཕྱིན་ནས་གཡོར་པོ་དཔོན་དད་པ་དང་། གཡོར་དད། དོ་པ་ཟེར་བ་བཅས་ནི་འགྱུར་ཕྱིར་པར་མངོན། ཡང་རྟོགས་ལྡན་སྒོམ་འབར་གྱི་ཐུགས་སྲས་དྲུག་གི་ནང་ཚན་ཞང་གནམ་མཚོ་དོ་པ་ཞེས་པའི་བླ་མ་ཞིག་ཡོད་པ་དེ་ཡིན་མིན་དཔྱད་པ་བྱེད་སྲིད་ཀྱང་། ཁོང་ནི་རི་སྒོམ་མཛད་པའི་རྟོགས་ལྡན་ཉམས་རྒྱུད་ཀྱི་བླ་མ་ཞིག་ཡིན་པ་ལས། མདོ་མཚན་ཉིད་བོན་ལ་ཚིག་གིས་བརྡར་ཤ་གཅོད་མཁན་ཞིག་མིན་ཚོད་རེད། འདིར་གསལ་བའི་དོ་པ་ནི་མཛོད་དང་ས་ལམ་སོགས་མདོ་ཕྱོགས་གཞུང་ཆེན་ཁག་དག་ཐེར་མཛད་མཁན་ཞིག་རེད་འདུག་པས་ཞང་དོ་པ་ནི་མིན་པར་མངོན་ནོ། །ཞང་དོ་པ་ཟེར་དོན་གདུང་རུས་ཞང་དང་ས་གནས་གནམ་མཚོ་དོ་རུ་བཞུགས་མཁན་ཡིན་པས་ན་དེ་སྐད་ཟེར་བར་སྙམ། གཤམ་ནས་སྒ་སྟོན་གྱི་ས་ལམ་དང་། འགྲོ་མགོན་ས་ལམ་གཉིས་ཕན་ཚུན་ལུང་ཚན་གོ་བསྡུར་ཐོག་ནས་དོད་པ་དང་གཡོར་དད་གཉིས་མཁས་པ་གཅིག་ཡིན་མིན་དཔྱད་བསྡུར་བྱེད་ཀྱི་ཡིན། གོང་གསལ་ས་ལམ་གཉིས་པོ་ནས་ཀུན་རྫོབ་ཀྱི་མཚན་ཉིད་དང་། ཚོགས་ལམ་ཀྱི་མཚན་ཉིད་སྒོམ་ལམ་ཀྱི་མཚན་ཉིད་བཅས་བསྟན་སྐབས། སྒ་སྟོན་གྱི་དགག་བྱའི་གཡོར་དད་དང་འགྲོ་མགོན་གྱི་དགག་པའི་དོ་པ་གཉིས་གང་ཟག་གཅིག་ཡིན་པ་ལུང་ཚིག་གོ་བསྡུར་གྱི་ཐོག་ནས་ཕལ་ཆེར་ར་འཕྲོད་བྱེད་ཐུབ་པར་འདུག་སྟེ། དང་པོ་སྒ་སྟོན་གྱི་གཞི་རྣམ་འབྱེད་ཀྱི་འགྲེལ་ལས་(15)ཀུན་རྫོབ་ཀྱི་མཚན་ཉིད་སྐབས་སུ་དགག་ཡོད་པ་འདི་ལྟར། གཡོར་པོ་དཔོན་དད་ན་རེ་”ཐ་སྙད་ཀྱི་ཤེས་ངོར་བདེན་ཙམ་ཞེས་པ་ཡང་། འཕགས་པའི་རྗེས་ཐོབ་ཀྱི་སྣང་ཡུལ་བོན་ཅན། ཀུན་རྫོབ་མ་ཡིན་པ་ཐལ། ཐ་སྙད་ཀྱི་ཤེས་ངོར་གྲུབ་པ་མ་ཡིན་པའི་ཕྱིར”ཞེས་གསལ་བ་དང་། འགྲོ་མགོན་ས་ལམ་ལས་(16)”དོ་པས་ཐ་སྙད་ཀྱི་ཤེས་ངོར་བདེན་ཙམ་འདོད་པ་ནི། འཕགས་པའི་རྗེས་ཐོབ་ལ་མ་ཁྱབ་བོ་”གསུངས་ནས་དགག་ཡོད། དེ་བཞིན་ཚོགས་ལམ་མཚན་ཉིད་སྐབས་སྒ་སྟོན་ས་ལམ་ལས་(17)”གཡོར་དད་ཀྱི་སྒྲ་རྟོག་ལ་བརྟེན་ནས་བོན་ཐམས་ཅད་རང་བཞིན་མེད་པ་ཤེས་པ་ཐབས་ཀྱིས་ཟིན་པ་ནི་ཚོགས་ལམ་ཆེན་པོ་མ་ཁྱབ་སྟེ་”ཞེས་གསལ་བ་དང། ཡང་འགྲོ་མགོན་ས་ལམ་ལས་(18)”དོ་པས་སྒྲ་རྟགས་ལ་བརྟེན་ནས་བོན་ཐམས་ཅད་རང་བཞིན་མེད་པ་ཤེས་ཐབས་ཀྱིས་ཟིན་ཟེར་བ་སྦྱོར་ལམ་ལ་ཁྱབ་ཆེ”ཞེས་གསལ། ཡང་སྒོམ་ལམ་གྱི་མཚན་ཉིད་སྐབས་སྒ་སྟོན་ས་ལམ་ལས་(19)”གཡོར་དད་ཀྱིས་རང་བཞིན་མེད་པ་མངོན་སུམ་གྱིས་མཐོང་ཟིན་བསྒོམ་པར་བྱེད་པ་”ཞེས་གསལ། འགྲོ་མགོན་ས་ལམ་ལས་(20)”དོད་པ་ན་རེ་རང་བཞིན་མེད་མངོན་སུམ་མཐོང་ཟིན་གོམས་པར་བྱེད་པ”་ཞེས་གསལ་བ་དག་ནི་གནད་གཅིག་ཏུ་གྲུབ་འདུག་མོད། གོང་གི་གཡོར་དད་ཟེར་བ་དེ་སྒྲ་ཟུར་ཆག་ནས་དོ་པ་ཞེས་གྱུར་བ་མིན་ནམ་སྙམ། དཔེར་ན་སྒ་སྟོན་གྱིས་གཡོར་དད་དང་། གཡོར་པོ་དཔོན་དད་རེས་མོས་སུ་བྲིས་ཡོད་པས་མཚན་དངོས་ལ་གཡོར་པོ་དད་པ་རྒྱལ་མཚན་དང་། དེ་ལས་བསྡུས་ན་གཡོར་པོ་དཔོན་དད། དེ་ལས་ཅུང་བསྡུས་ན་གཡོར་དད། དེ་ལས་ཅུང་བསྡུས་པ་ད་ཡི་རྗེས་འཇུག་བོར་ནས་དོ་པ་ཞེས་གྱུར་བའི་ཚོད་དུ་འདུག་གོ། སྒ་སྟོན་རིན་པོ་ཆེས་གཡོར་པོ་དཔོན་དད་ཞེས་གསུངས་ཡོད་པས་ཁོང་གི་འཁྲུངས་ཡུལ་བོད་ལྗོངས་ལྷོ་ཁའི་ས་གནས་གྲྭ་ཡི་ནང་རྒྱུད་ཁུལ་ཡིན་པ་གསལ་སྟོན་མཛད་པ་ཡིན།།

ལྔ་པ། བླ་མ་དྲི་མེད་སྤྱན་ལྡན་གྱི་སྐོར།

་་་་་་་་་་་་་་་་་བླ་མ་དྲི་མེད་སྤྱན་ལྡན་ཞུ་བ་དེ་ནི་གཡས་རུའི་ཁྲི་རབས་བདུན་པ་འགྲོ་མགོན་བདུད་རྩི་རྒྱལ་མཚན(༡༡༥༦འཁྲུངས)ཡིན་པར་སྣང་། དྲི་མེད་སྤྱན་ལྡན་ཞེས་པ་འདི་འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱི་ཆེ་མིང་ཡིན་སྐོར་གོང་དུ་རྗེ་ཡི་གབ་འགྲེལ་(21)ལུང་དྲངས་པ་དེས་འཐུས་པར་གྱིས། འགྲོ་མགོན་ཁོང་གི་ས་ལམ་ནས “ངོས་ཀྱི་བླ་མ་དྲི་མེད་སྤྱན་ལྡན་ཞེས”་ཐེངས་(22)མང་དུ་གསལ་བས། དེ་ན་ཁོང་ལ་དངོས་སུ་འབྲེལ་བ་དམ་ཟབ་ཞིག་ཡོད་པར་རྟོགས་ཐུབ་པ་མ་ཟད། འགྲོ་མགོན་ཁོང་གི་རྩ་བའི་བླ་མ་ཡིན་པར་བསྟན་པ་རེད་སྙམ། ཁུ་བོ་འགྲོ་མགོན་བདུད་རྩི་རྒྱལ་མཚན་ནི་ཁོང་གི་རྩ་བའི་བླ་མ་སྟེ་ཐོག་མར་རབ་ཏུ་བྱུང་ནས་ཕྱི་ནང་གི་རྒྱུད་སྡེ་བཀའ་ལུང་མཐའ་དག་ལ་ཉན་བཤད་རྩོལ་སྒྲུབ་ཕུལ་དུ་ཕྱིན་པར་མཛད་ས་དེ་ཡིན། བླ་མ་དྲི་མེད་སྤྱན་ལྡན་ནི་ཁོང་ལ་དངོས་སུ་འབྲེལ་བ་ཡོད་པ་ཞིག་རེད་འདུག་པས་གཡས་རུའི་ཁྲི་འཛིན་བྲུ་ཆེན་ཡབ་སྲས་(23)མ་ཡིན་པར་རྟོགས་ཐུབ་པ་ཡིན། བྲུ་རྗེ་ཁུ་བོན་(24)གྱི་སྐོར་ནི་གོང་དུ་བཤད་ཟིན་པས་འདི་རུ་དྭོགས་གཞི་འབྱུང་མི་དགོས། མཁས་པ་གཉོས་རྒྱལ(༡༡༤༤)འཁྲུངས་མ་ཡིན་པར་མཇུག་ཏུ་གསལ། དེ་ནི་གཡས་རུའི་སྟོན་པ་ཞིག་ཡིན་པར་གསལ་ཏེ་རྩོད་པ་རྩོད་སྤོང་སྐབས་སུ་རང་ལུགས་ཐེངས་མང་དུ་བཞག་ཡོད་སྟབ། གཞན་སྤ་ཚང་དང་རྨེའུ་ཚང་ཞུ་ཚང་བཅས་ཀྱི་མཁས་པ་ནི་གཞན་ལུགས་ཁོ་ནའི་གྲས་ལས་རང་ལུགས་ལ་ནམ་ཡང་བཞག་གི་མེད་པས་ཤེས་ནུས་པ་ཡིན།

དྲུག་པ། ལུང་རིག་མངའ་བདག་གི་སྐོར།

་་་་་་་་་་་་་་་་་བླ་མ་ལུང་རིག་མངའ་བདག་ནི་གཡས་རུའི་ཁྲི་རབས་དྲུག་པ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནམ་མཁས་པ་དབྱར་མོ་ཐང་ཡིན་པར་བདེན་པ་ར་སྤྲོད་བྱུང་ཡོད། ཤེར་ཕྱིན་སྐབས་གཉིས་(25)པར་གཉོས་རྒྱལ་ས་ལམ་ལུང་དྲངས་པ་”ཡུལ་ལ་ཉོན་མོངས་སྐྱེ་ན་སྒོམ་སྤང་ཡིན་ལ་འདིར་ལྟ་བ་ལ་སྐྱེ་བས་མཐོང་སྤང་ཡིན་ཞེས་ལུང་རིག་མངའ་བདག་གཉོས་རྒྱལ་གྱིས་བཞེད་དོ”ཞེས་གསལ་བས། ལུང་རིག་མངའ་བདག་ནི་མཁས་པ་གཉོས་རྒྱལ་ཡིན་པ་ལུང་ཚིག་དེས་ལན་གསལ་པོ་ཞིག་བརྒྱབས་ཡོད་པ་མ་ཟད། གོང་གསལ་རྗེ་ཡི་གབ་འགྲེལ་ལས(26)”ལུང་རིག་མངའ་བདག་གཉོས་རྒྱལ་དང”ཞེས་གསུངས་པས་མཁས་པ་གཉོས་རྒྱལ་ལ་ལུང་རིག་མངའ་བདག་ཞུ་བ་གསལ་པོ་བྱུང་བ་ཡིན། ད་དུང་འགྲོ་མགོན་ས་ལམ་དང་གཞི་ལམ་རྣམ་འབྱེད་གཉིས་གོ་བསྡུར་བྱས་ན་དེ་བས་ཀྱང་ངེས་ཤེས་འདྲོང་སླ་བ་བྱུང་ཡོད། འ་ཞའི་ས་ལམ་ལས་(27)གནས་སྐབས་བདེན་པའི་མཚན་ཉིད་བསྟན་སྐབས། “ལུང་རིག་མངའ་བདག་ན་རེ་རང་གི་བློ་ངོར་གྲུབ་པའམ་གཡུང་དྲུང་སེམས་དཔའི་བློ་ངོར་གྲུབ་གསུངས་པ་མ་ཡིན་ཏེ”་ཞེས་གསལ། སྐབས་དེ་ཤད་གཞི་ལམ་རྣམ་འབྱེད་ལས་(28)”གཉོས་རྒྱལ་གྱིས་དེ་ཡིས་མཚན་ཉིད་ནི་གཡུང་དྲུང་སེམས་པའི་བློ་ངོར་གྲུབ་ཞེས་པ་ནི་གཡུང་དྲུང་སེམས་དཔའི་གོ་དོན་འཕགས་ལམ་ལ་བྱེད་དམ་བདག་མེད་རྟོགས་པ་གཉིས་གང་ལ་བྱེད”ཅེས་དགག་ཡོད། དེས་ན་ལུང་གོང་འོག་ཕན་ཚུན་གོ་བསྡུར་ན་ལུང་རིག་མངའ་བདག་དང་གཉོས་རྒྱལ་གཉིས་མི་གཅིག་ཡིན་པ་གསལ་པོ་བྱུང་འདུག་པས་ཚུལ་འདི་ཡི་ཐད་ལ་སོམ་ཉི་དང་བྲལ་ཆོག་པ་ཡིན།

བདུན་པ། ཞུ་སྟོན་དང་ཞུ་བཙུན་ཞུ་ཆེན་པོ་གསུམ་གྱི་སྐོར།

་་་་་་་་་་་་་་་་་་་ང་ཚོས་ཐད་ཀར་བལྟས་པ་ཙམ་གྱིས་མཁས་པ་དེ་གསུམ་ནི་གདུང་རུས་ཞུ་ཡིན་པའི་བླ་མ་ཞིག་ཡིན་པ་རྟོགས་སླ་ན་ཡང་། འོན་ཀྱང་མཁས་པ་རེ་རེའི་འཁྲུངས་ཡུལ་ས་གནས་དང་། འཁྲུངས་འདས་ལོ་ཚིགས་གདན་ས་གང་གི་མཁས་པ་ཡིན་སྐོར་རེ་རེར་ཞིབ་ཕྲ་བྱེད་ཐབས་བྲལ། ཞུ་སྟོན་དང་ཞུ་ཆེན་པོ་ཞེས་པའི་མཁས་པ་འདི་གཉིས་ལ་འགྲོ་མགོན་མཛོས་(29)ནས་ཀྱང་དགག་པ་མཛད་ཡོད། ཁོ་བོས་འགྲོ་མགོན་གཡས་གཡོན་དུ་ཞུ་སྟོན་ཞེས་པའི་བླ་མ་གསུམ་ཙམ་མཐོང་སོང་བ་ནི། ཞུ་ཡས་ལེགས་པོའི་སློབ་དཔོན་ཞུ་སྟོན་དྲང་ར་བོན་པོ་དང་། མཁས་པ་དཔལ་ཆེན་གྱི་དངོས་སློབ་ཞུ་སྟོན་འོད་རྒྱལ། ཞུ་སྒྲོལ་བ་གཤེན་རྒྱལ་གྱི་སྲས་ཞུ་སྟོན་རིན་ཆེན་འོད་དང་གསུམ་རེད། འགྲོ་མགོན་ས་ལམ་ནས་གསལ་བའི་ཞུ་སྟོན་ཞེས་པའི་བླ་མ་དེ་ནི་གོང་གསལ་ཞུ་སྒྲོལ་བའི་སྲས་ཞུ་སྟོན་རིན་ཆེན་འོད་དང་། ཡང་ན་མཁས་པ་དཔལ་ཆེན་སློབ་མ་ཞུ་སྟོན་འོད་རྒྱལ་གཉིས་གང་རུང་ཞིག་ངོས་འཛིན་བྱེད་དགོས་པར་སེམས། སྒ་སྟོན་ས་ལམ་ནས་ཞུ་སྟོན་རིན་ཆེན་འོད་ལ་དགག་རྒྱག་མཛད་ཚུལ་ལ་གཞིག་ན་ཁོང་ས་ལམ་དང་འབྲེལ་བའི་དཔེ་ཆ་རྩོམ་པ་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ་པ་དང་། གོང་གསལ་ཞུ་སྟོན་འོད་རྒྱལ་ནི་དཔལ་ཆེན་སློབ་མ་དབུ་ཚད་ལ་མཁས་པའི་སློབ་དཔོན་གལ་ཆེན་ཞིག་ཡིན་སྐོར་རྣམ་ཐར་ནོར་བུའི་ཕྲེང་ལས་གསལ་ཡོད་པས། འ་ཞའི་ས་ལམ་ནང་གི་ཞུ་སྟོན་ཞེས་པའི་བླ་མ་དེ་མཁས་པ་འདི་གཉིས་གང་རུང་ལ་ངོས་འཛིན་དགོས་པ་ལྟ་བུར་མཐོང་། མ་གཞི་མཁས་པ་དེ་གཉིས་གཅིག་ཡིན་ནམ་ཐ་དད་ཡིན་དཔྱད་གཞིར་ལྷག་ཡོད། ཞུ་ཚང་བླ་རབས་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས་བསྟན་རྩིས་དང་བསྟན་འབྱུང་ཁག་ལ་གསལ་པོ་མེད་པ་མ་ཟད། ཁོང་རྣམས་པས་བརྩམས་པའི་ཡིག་ཆ་ཞིག་ཀྱང་ད་ལན་འདི་རུ་གོ་བསྡུར་བྱེད་ས་མ་རྙེད་པས་བྱ་ཐབས་བྲལ། ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་ནང་དུ་ཡང་ཞུ་ཚང་གི་བླ་མ་དག་གི་ལོ་རྒྱུས་ཆེར་མི་གསལ། ཞུ་ཚང་གི་ལོ་རྒྱུས་རྒྱས་ཤོས་ནི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་དང་། དཔོན་སློབ་ཀུན་བཟང་བློ་གྲོས(༡༩༢༨འཁྲུངས)་ཀྱིས་མཛད་པའི་དབང་ལྡན་ཞུ་ཡི་གདུང་རབས་བྱོན་རིམ་ཞེས་པ་དེ་གཉིས་ཡིན་ཤས་ཆེ་ཡང་དེར་སྲས་སྐྱིད་པོས་སེམས་ཕྱོགས་ཀྱི་བོན་སྡེ་འགའ་ཞིག་གསར་བརྩམས་མཛད་སྐོར་གསལ་བ་ལས་མཁས་པ་གཞན་གྱིས་མཛད་པའི་དཔེ་ཆའི་སྐོར་མི་གསལ།  གོང་གི་ཞུ་བཙུན་ཞེས་པའི་བླ་མ་འདི་མདོ་མཚན་ཉིད་བོན་སྐོར་དགག་སྒྲུབ་མཛད་མཁན་ཞིག་ཡིན་པ་འགྲོ་མགོན་ས་ལམ་ནས་གསལ་ཡོད། དེས་ན་གོང་གསལ་ཞུ་སྟོན་རིན་ཆེན་འོད་དང་ཡང་ཞུ་སྟོན་འོད་རྒྱལ་རྣམ་གཉིས་གང་རུང་ལ་ངོས་འཛིན་བྱེད་དགོས་མིན་གནས་སྐབས་དཔྱད་གཞི་རུ་འབུལ་བ་ཡིན། སྤྱིར་དབང་ལྡན་ཞུ་ཚང་ལ་མཁས་གྲུབ་མང་པོ་ཕེབས་ཀྱང་ཁོང་རྣམས་མང་ཆེ་བ་སྔགས་སེམས་སྒོམ་སྒྲུབ་གཙོ་བོར་མཛད་མཁན་ཡིན་པ་ལས་མདོ་ཕྱོགས་ལ་དེ་ཙམ་འཆད་རྩོད་བྱེད་སྲོལ་མེད་དོ། །ཞུ་ཆེན་པོ་ཞེས་པའི་བླ་འདི། ཞུ་སྟོན་རིན་ཆེན་འོད་ཡིན་མིན་ལ་དོགས་པ་ཞིག་ཡོད་ཁོང་ལ་དཔེ་ཆ་ཁ་ཤས་ནས་(30)ཞུ་ཆེན་ཡེ་ཤེས་རིན་ཆེན་ཞེས་གསལ་ཡོད་པ་དང་། ཡང་ཞུ་སྐྱེ་སེ་ཆེན་པོ་ལ་སྐབས་འགར་ཞུ་ཆེན་གོ་བ་ལྟ་བུར་སྣང་། ཡང་ཞུ་ལྷ་རྗེ་ཇོ་ཐོག་གི་སྲས་རྒྱུད་སངས་རྒྱས་ཞུ་ཆེན་ཞེས་པ་དེ་ལ་གོ་བ་ཡིན་ཐག་ཆོད་མ་བྱུང་རུང་དེ་གསུམ་གང་རུང་ངོས་འཛིན་བྱེད་རིག་པར་སྣང་། ཁོང་རྣམས་ཀྱི་གསུང་རྩོམ་ཕལ་མོ་ཆེ་ད་ལྟ་ང་ཚོའི་མཇལ་ཡུལ་དུ་མ་གྱུར་བས་ཁ་གསལ་གཏིང་གསལ་གྱི་སྡོམ་ཚིག་ནི་རྒྱག་ཐབས་བྲལ།  གལ་སྲིད་རྗེས་སོར་ཞུ་ཚང་གིས་མཁས་པས་བརྩམས་པའི་མངོན་རྟོགས་ལམ་རིམ་དང་ས་ལམ་གྱི་གཞུང་འདྲ་རག་ན་འགྲོ་མགོན་ས་ལམ་དང་གོ་བསྡུར་ནས་བསྐྱར་དུ་དབྱེ་ཞིབ་བྱེད་འདོད།

བརྒྱད་པ། སྤ་སྟོན་དང་འབྲེ་རོང་སྟོན་གསུམ་གྱི་སྐོར།

་་་་་་་་་་་་་་་སྤ་སྟོན་ཞུ་བའི་མཁས་པ་འདི། འགྲོ་མགོན་གྱི་ས་ལམ་དང་སྒ་སྟོན་གྱི་ས་ལམ། འགྲོ་མགོན་གྱི་མཛོད་དང་སྒ་སྟོན་གྱི་མཛོད་བཅས་ནས་ཐེངས་མང་དུ་གསལ་བའི་མཁས་པ་དེ་རང་ཡིན་དགོས་པར་སྙམ། སྤྱིར་བཏང་སྤ་ལ་བཟང་པོ་བཅུ་གསུམ་སོགས་གྲུབ་ཐོབ་སྤ་ཚང་ལ་མཁས་གྲུབ་མང་དུ་བྱོན་པའི་ཁྲོད་ནས་ཕལ་མོ་ཆེ་བ་གསང་སྔགས་སྒོམ་སྒྲུབ་གཙོ་བོ་བྱེད་མཁན་ཡིན་པ་ལས། མདོ་ཕྱོགས་ལ་དེ་ཙམ་འཆད་ཉན་བྱེད་སྲོལ་མེད་པས་མདོ་མཚན་ཉིད་ཀྱི་བོན་ལ་ཚིག་གིས་གདར་ཤ་གཅོད་མཁན་ཉུང་ཉུང་ཡིན་པའི་ཚོད་དུ་འདུག་སྙམ། གོང་གསལ་འགྲོ་མགོན་དང་སྒ་སྟོན་གཉིས་ཀྱི་དཔེ་ཆ་ནས་སྤ་སྟོན་ཞེས་པའི་དགག་པ་གནང་ས་དེ་མདོ་ཕྱོགས་ཀྱི་གཞུང་ལ་ཞིབ་ཚག་བྱེད་མཁན་ཞིག་ཡིན་པ་གོང་གསལ་དཔེ་ཆ་དག་གི་ར་སྤྲོད་ཐུབ་ཀྱི་ཡོད།  དེ་ན་སྐབས་འདིར་སྤ་སྟོན་ཞེས་པའི་མཁས་པ་འདི། སྤ་སྟོན་དཔལ་མཆོག་བཟང་པོའི་སྲས་མཁས་པ་དཔལ་ཆེན་པོའི་དངོས་སློབ། གདན་ས་རྨེའུ་ཚང་གི་གྲགས་ཅན་སློབ་དཔོན་སྤ་སྟོན་འོད་གསལ་རྒྱལ་མཚན་ལ་ངོས་འཛིན་བྱེད་དགོས་པར་སྣང་། བླ་མ་དེ་ཉིད་གདུང་རུས་སྤ་ཡིན་ཀྱང་དོན་ཐོག་གདན་ས་རྨེའུ་ཚང་གི་བླ་མ་ཡིན། བླ་མ་འདི་ཉིད་མཚན་ཉིད་སྦྱངས་རྗེས་ཐུགས་སྤོབས་པ་ཆེར་ཆེར་ཐོག་ནས་མཁས་པ་དཔལ་ཆེན་རྩོད་པ་མཛད་རུང་། དཔལ་ཆེན་པོའི་མཁྱེན་དཔྱོད་ལ་རྒོལ་དུ་མ་ཐུབ་པས་ཕྱིས་ཁོང་གི་སློབ་མའི་ཐུ་བོ་རུ་གྱུར། དམ་པ་འདི་ཉིད་མཚན་ཉིད་རྩོད་པའི་ཕྱོགས་ལ་མཁས་པ་ཞིག་ཡིན་སྐོར་དཔལ་ཆེན་རྣམ་ཐར་དུ་གསལ། འདིར་སྒ་སྟོན་གྱི་ས་ལམ་ནས་གསལ་བའི་སྤ་སྟོན་ཞེས་པའི་མཁས་པ་འདི་སྤ་སྟོན་འོད་གསལ་རྒྱལ་མཚན་ཡིན་པ་སྒྲུབ་བྱེད་བཙན་པོ་ཞིག་རག་པ་ནི།  རྨེའུ་སྟོན་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི་དབུ་མའི་རྣམ་བཤད་(31)སྐལ་ལྡན་རྗེས་འཛིན་ལས་བདེན་གཉིས་ངོ་བོ་གཅིག་དང་ཐ་དད་བསྟན་སྐབས། ‘’སྡེ་སྣོད་ཀྱི་དོན་ལ་བློ་གྲོས་ཀྱི་སྣང་བ་མཐའ་དག་རྒྱས་པའི་བླ་མ་འོད་གསལ་རྒྱལ་མཚན་གྱི་བཞེད་པ་བཞིན། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་འདོད་པའི་རྣམ་བཞག་ལེགས་པར་མཐོང་ངོ”ཞེས་གསལ་བ་དང་། སྐབས་དེར་སྒ་སྟོན་ས་ལམ་ལས་(32 )”སྤ་སྟོན་གྱིས་བྱས་པ་དང་མི་རྟག་པར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅེས་པ་ཡང་། ཀུན་རྫོབ་སྣང་ན་དོན་དམ་སྣང་བར་འགྱུར་རོ”ཞེས་པའི་ལུང་ཚིག་གོང་འོག་གཉིས་པོ་གོ་བསྡུར་ན་སྒ་སྟོན་གྱི་ས་ལམ་ནས་སྤ་སྟོན་ཞེས་པའི་བླ་མ་དེ་སྤ་སྟོན་འོད་གསལ་རྒྱལ་མཚན་ཡིན་པ་ངོ་འཛིན་གསལ་པོ་བྱེད་ཐུབ་ཁར་འགྲོ་མགོན་གྱི་ས་ལམ་ནས་སྤ་སྟོན་ཞེས་པའི་བླ་མ་དེའང་འོད་གསལ་རྒྱལ་མཚན་ཡིན་པ་ཕར་ཆེར་སྒྲུབ་ཐུབ་སྙམ། འགྲོ་མགོན་ས་ལམ་ནས་བདེན་གཉིས་ངོ་བོ་གཅིག་དང་ཐ་དད་བཤད་སྐབས་སྤ་སྟོན་གྱི་དཔེ་ཆ་ལུང་འདྲེན་བྱས་པ་ཡོད་ན་དེ་ལས་ཁ་གསལ་པོ་ཡོང་རུང་། སྐབས་དེར་འགྲོ་མགོན་གྱིས་སྤ་སྟོན་གྱི་དཔེ་ཆ་ལུང་འདྲེན་མཛད་པ་མེད་པས་ཕངས་སེམས་ཤོར་དགོས་པ་བྱུང་། སྤ་ཚང་གི་ལོ་རྒྱུས་ཅུང་ཁ་གསལ་འཁོད་པ་ནི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་དང་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱིས་མཛད་པའི་གྲུབ་ཐོབ་སྤ་ཡི་གདུང་རབས་བྱོན་རིམ་ཞེས་པ་བཅས་ཡིན་མོད། ཁོང་རྣམས་ཀྱིས་གསང་སྔགས་སྒྲུབ་པ་བླ་མེད་གནང་ཚུལ་དང་སྤ་སྟོན་དཔལ་མཆོག་གིས”ཐིག་ལེ་དབྱིངས་འཆད་ཏི་ཀ་བཏབ”ཅེས་གསལ་བ་ལས་འ་ཞའི་གོང་གི་སྤ་ཡིས་མཁས་པ་དག་གིས་བརྩམས་པའི་དཔེ་ཆའི་སྐོར་མི་གསལ། གཉིས་པ་འབྲེ་ཞེས་པའི་མཁས་པའི་མིང་དེ་ཐེངས་གཅིག་རང་ལས་ཐོན་མེད། དེ་སྔོན་ཕྲན་རང་ནས་འདི་སྐོར་ཐོག་དང་པོར་དཔྱད་ཞིབ་བྱེད་དུས་ཡང་འབྲེ་ཞེས་ཡང་དང་འབྲེ་གཉིས་མིང་གཅིག་ཏུ་བསྡུས་ནས་གོ་བ་བླངས་པ་ནོར་བ་ཆེན་པོ་སོང་འདུག། འདིར་དེ་ལྟར་མ་ཡིན་པར་ཡང་ནི་རྒྱན་སྡུད་ཀྱི་ཕྲད་དང་འབྲེ་ནི་སྐབས་ཀྱི་རུས་མིང་ཡིན་འདུག དཔེར་ན་ཡང་ཞུ་ན་རེ་ཞེས་བཤད་པ་ལྟར་གོ་བ་ལེན་དགོས། ས་ལམ་ནས་འབྲེ་ན་རེ་ཞེས་པའི་གོང་དུ་མཁས་པ་གཞན་ཞིག་དགག་ཡོད།  དེ་མཚམས་རྒྱན་སྡུད་ཀྱི་ཕྲད་བཀོལ་ནས་ཡང་འབྲེ་ན་རེ་ཞེས་དགག་པ་མཛད་པ་ཞིག་ཡིན་པ་ཞིབ་དུ་དཔྱད་པར་གསལ་པོར་མཐོང་།  དོན་ཐོག་མཁས་པ་དེ་ཉིད་སུ་ལ་ངོས་འཛིན་དགོས་མིན་ཐག་གཅོད་དང་དོགས་སློང་ཅི་ཡང་མ་ཤེས་པར་གནས་སྐབས་དེ་ཙམ་དུ་ལྷག་གོ།

་་་་་་་་་་་་་་་་་་་གསུམ་པ་རོང་སྟོན་ཟེར་བའི་མཁས་པ་དེ་འགྲོ་མགོན་ས་ལམ་ནས་ཐེངས་གཉིས་གསུམ་(33)ཞིག་མཐོང་རྒྱུ་འདུག། དེ་ཉིད་བོན་གྱི་བླ་མ་ཞིག་ཡིན་པ་མཚན་ཉིད་འཇོག་ཕྱོགས་ནས་ཚོད་དཔག་བྱས་ན་ཧ་གོར་བར་འདུག། སྤྱིར་རོང་སྟོན་ཟེར་བའི་མཁས་པ་ལ་སྒ་སྟོན་གྱི་དངོས་སློབ་གཏན་ཚིགས་ཐེག་པའི་མདོ་འགྲེལ་རྩོམ་པ་པོ་རོང་སྟོན་ཤེས་རབ་འོད་ཟེར་དང་འདི་ལ་ཡོངས་གྲགས་སུ་སྒ་སྟོན་ཤེས་རབ་འོད་ཟེར་འབོད། རོང་སྟོང་ཆེན་པོ་ཤེས་བྱ་ཀུན་རིག་ཞུ་བ་བཅས་བྱུང་རུང་། གོང་གསལ་རོང་སྟོན་ཞེས་པའི་བླ་མ་གཉིས་པོ་འགྲོ་མགོན་ས་ལམ་ནས་གསལ་བའི་རོང་སྟོན་ཞེས་པའི་བླ་མ་དེ་ནི་མ་ཡིན་དགོས་ཏེ། རོང་སྟོན་ཤེར་འོད་ནི་སྒ་སྟོན་གྱི་དངོས་སློབ་ཡིན་པར་བཤད་ཟིན་ལ་སྒ་སྟོན་ནི་འགྲོ་མགོན་ལས་དུས་ཡུན་གང་འཚམས་ཕྱི་བ་ཡིན་པས་འགྲོ་མགོན་དཔེ་ཆ་ནས་སྒ་སྟོན་ཤེ་འོད་གསལ་དོན་ལར་ནས་མེད་དོ། རོང་སྟོན་ཤེས་བྱ་ཀུན་རིག་ནི་དེ་བས་མ་ཡིན་ཏེ་སྤྱིར ཁོང་ཉིད་ལ་འཁྲུངས་འདས་ལོ་ཚིགས་སྔ་ཕྱི་མི་མཐུན་པ་དུ་མ་ཡོད་པའི་ཁྲོད་ནས་འདིར་སྔ་གྲས་ཀུན་མཁྱེན་བསྟན་རྩིས་ལྟར་ན་(༡༣༤༥)ལོར་འཁྲུངས་པ་དང་(༡༤༢༥)ལོར་འདས་ཚུལ་འཁོད་ཡོད་པས་འགྲོ་མགོན་སྐུ་དུས་སུ་རྗེ་འདི་ཉིད་མི་ཡུལ་ན་མེད་དོ། །ཁོང་རྣམས་རོང་སྟོན་ཞུ་དོན་འཁྲུངས་ཡུལ་རྒྱ་རོང་ནས་ཡིན་ཞིང་གདན་ས་ཁག་ནས་སྟོན་པ་ཐོན་ཕྱིར་རོང་སྟོན་ཞུ་གྱིན་ཡོད་པའི་ཚོད་དུ་མཆིས།  སྐབས་ཀྱི་བཤད་བྱ་རོང་སྟོན་ཞེས་པའི་མཁས་པར་ད་བར་དཔྱད་ཞིབ་བྱས་ཀྱང་ཁ་གསལ་ཞིག་མ་རྙེད་རུང་འདི་ནས་དཔྱད་གཞི་ཞིག་འབུལ་རྒྱུ་ཡོད་པ་ནི་འགྲོ་མགོན་ཁོང་ལ་ཚད་མ་ཀུན་བཏུས་རྩོམ་པར་རེ་སྐུལ་ཞུ་མཁན་རོང་སྟོན་ཚུལ་སེང་ཞེས་པའི་བླ་མ་ཞིག་ཡོད་པས་དེ་ཨེ་ཡིན་དཔྱད་པ་བྱེད་དགོས།

དགུ་པ། ཞང་ཟེར་བའི་མཁས་པའི་སྐོར།

་་་་་་་་་་་་་་་་་་་དུས་རབས་བཅུ་གཅིག་དང་བཅུ་པའི་གཡས་ཡོན་དུ་ཞང་ཟེར་བའི་མཁས་པ་ནི་མང་པོ་ཕེབས་མྱོང་འདུག། ཞུ་ཡས་ལེགས་པོ(༡༠༠༢འཁྲུངས)ལས་ཅུང་ཟད་སྔ་བའི་ཞང་སྟོན་ཉི་མ་བཟང་པོ་དང་། དུས་རབས་བཅུ་གཅིག་པའི་དཀྱིལ་སྨད་དུ་སྐུ་འཁྲུངས་པའི་གདན་ས་རྨེའུ་ཚང་གི་སྨྲ་སེང་བླ་རབས་བདུན་པ་ཞང་སྟོན་ཚུལ་ཁྲིམས་བློ་ལྡན་(༡༠༧༥འཁྲུངས)་དུས་ཚོད་དེ་ཙམ་དུ་སྐུ་འཁྲུངས་པའི་བླ་མ་ཇོ་ཡུང་གི་དངོས་སློབ་ཞང་དམ་པ་ཚུལ་ཤེས་འདི་ལ་ཞང་འབྲི་ལུང་པ་ཆེན་པོ་ཡང་ཟེར། སྒ་སྟོན་གྱི་སློབ་དཔོན་ཞང་ཞུང་བསོད་ནམས་རིན་ཆེན་བཅས་ཞང་གི་བླ་མ་ནི་མང་པོ་ཡོད། ཁོང་རྣམས་ཞང་ཞེས་འབོད་དོན་གདུང་རུས་ཞང་ཡིན་པར་བཤད། འ་ཞའི་ས་ལམ་ནང་དུ་ཞང་ཟེར་བའི་མཁས་པ་ནི་གཅིག་(34)རང་ལས་ཐོན་མེད། དེ་ཡང་ཚོགས་ལམ་གྱི་མཚན་ཉིད་སྐབས་དགག་པ་མཛད་ཡོད།  ངོས་ཀྱི་བསམ་པར་བླ་མ་དེ་ཉིད་ཞང་ཚུལ་ཁྲིམས་བློ་ལྡན་ཡིན་པར་སྙམ་ཁོང་གིས་བརྩམས་པའི<<མདོ་ལེའུ་བཅོ་བརྒྱད་པའི་བཀའ་འགྲེལ>>ཞེས་པ་ཞིག་ཡོད་པ་ཀུམ་མཁྱེན་གྱི<<ཤེར་ཕྱིན་སྐབས་དང་པོར(35)>>གསལ་བ་དང་། དུས་འགྱུར་གོང་རབ་ལེགས་གཡུང་དྲུང་གླིང་གི་དཔེ་མཛོད་ཁང་དུ་ཡོད་ཚུལ་སློབ་དཔོན་སྐལ་བཟང་དར་རྒྱས་ཀྱི་གླེགས་བམ་གཏེར་གྱི་ཁ་བྱང་དུ་(36)འཁོད་ཡོད། ཞང་སྟོན་ཚུལ་ཁྲིམས་བློ་ལྡན་ནི་མཁས་པ་རྨེའུ་ཚང་གི་མདོ་མཚན་ཉིད་བོན་སྐོར་གྱི་སློབ་དཔོན་གལ་ཆེན་ཞིག་ཡིན་པས་ལམ་རིམ་གྱི་སྐོར་ལ་ལྗགས་རྩོམ་ཡོད་ངེས་ཡིན། ཞང་ཞུང་བསོད་ནམས་རིན་ཆེན་གྱིས་མཛད་པའི་ལམ་རིམ་སྐོར་གྱི་ཕྱག་དཔེ་ཡོད་ཀྱང་། འགྲོ་མགོན་གྱི་ས་ལམ་ནས་གསལ་བའི་ཞང་ཞེས་པའི་མཁས་པ་དེ་མ་ཡིན་པར་སེམས།  གོང་གསལ་འགྲོ་མགོན་ས་ལམ་ནས་དགག་པའི་ཞང་གིས་ཚོགས་ལམ་མཚན་ཉིད་བཞག་པ་དེ། ཐད་ཀར་སྒ་སྟོན་གྱི་ས་ལམ་(37)ནས་ཞང་ཞུང་བསོད་ནམས་རིན་ཆེན་གྱིས་ཚོགས་ལམ་མཚན་ཉིད་ལུང་དྲངས་པ་དེ་དང་དཔྱད་བསྡུར་བྱེད་སྐབས་རྦད་དེ་མི་འདྲ་འདུག་པས་འ་ཞའི་ས་ལམ་ནང་གི་ཞང་གི་བླ་མ་དེ་ཞང་བསོད་རིན་མ་ཡིན་པར་གནད་དོན་དེ་རང་ནས་མཁྱེན་ཐུབ་པ་འདུག་གོ  །གཞན་ཡང་ཞང་སྟོན་ཚུལ་ཁྲིམས་འབྱུང་གནས་ཀྱིས་བརྩམས་པའི<<བླ་མ་གྲུབ་ཐོབ་ཀྱི་ཞལ་གདམ>>དང་། <<གག་སེལ་གཞུང་བཞི་བསྒྲིགས་ཅན>>བཅས་དཔེ་འགའ་ཡོད་པ་བཤད་ཀྱང་ལམ་རིམ་གྱི་སྐོར་ཡོད་པ་མི་གསལ།  ཞང་ཞུང་བསོད་ནམས་རིན་ཆེན་གྱིས་མཛད་པའི<<རྫོགས་ཆེན་ཡོངས་རྩེའི་ཀློང་ཆེན་དྲངས་དོན>>ཞེས་པའི་དཔེ་ཆ་ཞིག་ཞིབ་འཇུག་པ་ཏུའུ་ཆིས་ནས་རྙེད་པའི་བོན་གྱི་དཔེ་ཆའི་གྲས་ལ་འདུག་པ་ཉེ་ཆར་གུས་པས་འཕྲིན་ཕྲན་གསེང་ནས་མཐོང་ཡང་དེ་རུ་ལམ་རིམ་གྱི་སྐོར་ཡོད་པ་ཁག་པོ་ཡིན། རྗེས་མར་ཞང་གི་མཁས་པ་ཁག་གིས་བརྩམས་པའི་དཔེ་ཆ་མཇལ་ན་འ་ཞའི་ས་ལམ་དང་གོ་བསྡུར་བྱེད་འདོད།

བཅུ་པ། བྲུ་ལ་སྟོད་པ་ཆེན་པོ་དང་བྲུ་ནམ་མཁའ་འོད་གཉིས་ཀྱི་སྐོར།

་་་་་་་་་་་་་་་་བླ་མ་འདི་གཉིས་ཡོངས་གྲགས་བོན་གྱི་མཁས་པ་འདི་ཡིན་ཟེར་བར་ངོས་འཛིན་བྱེད་དཀའ་བའི་གནས་སུ་གྱུར་ཏེ་འདི་དག་གི་རྣམ་ཐར་ཐུང་ངུ་ཞིག་ཀྱང་མེད་པ་མ་ཟད། ཁོང་རྣམ་གཉིས་ཀྱིས་བརྩམས་པའི་དཔེ་ཆ་ཡང་མཇལ་ཡུལ་དུ་མ་གྱུར། ཚོད་དཔག་བྱས་ན་བྲུ་ལ་སྟོད་པ་ཆེན་པོ་ནི་ལ་སྟོད་བྲུ་ཚང་གི་བླ་མ་ཞིག་ཏུ་གོ་བ་ལེན་ཐུབ་པ་ཡིན། ལ་སྟོད་བྲུ་ཚང་ལ་མཁས་པ་མང་པོ་ཕེབས་མྱོང་ཡོད། འགྲོ་མགོན་གྱི་དངོས་སློབ་གྲགས་ཅན་ལ་སྟོད་བྲུ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་། རྗེ་རིན་པོ་ཆེའི་འདུལ་བའི་མཁན་པོ་ལ་སྟོད་བྲུ་སྟོན་ཚུལ་ཁྲིམས་ཡེ་ཤེས་སོགས་མང་པོ་བྱུང་། ལ་སྟོད་བྲུ་ཚང་ཟེར་བ་འདི་ས་གནས་སྟོད་ཀྱི་ཕྱོགས་སུ་ཡོད་པའི་བྲུ་ཡི་ཁྱིམ་ཚང་ཞིག་ལ་ངོས་འཛིན་བྱེད་རིག་པར་མཐོང་། ཡང་འགྲོ་མགོན་མཛོད་འགྲེལ་གནས་དྲུག་པ་(38)བཅུད་ཀྱི་སྐབས་ནས་ལ་སྟོད་པ་ཞེས་པ་ཞིག་ཐེངས་གཉིས་དགག་པར་མཐོང་རྒྱུ་ཡོད་པ་ནི་བླ་མ་འདི་ཉིད་ཡིན་པར་མངོན།  བྲུ་ནམ་མཁའ་འོད་ནི་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་དུས་མཉམ་ཡིན་པའི་བྲུ་ནམ་མཁའ་འོད་ཟེར་བ་ཞིག་འདུག་དེ་ཨེ་ཡིན་ན་སྙམ།  གཞན་མཚན་ལ་དེ་ལྟར་ཞུ་བའི་འགྲོ་མགོན་གཡས་གཡོན་ཙམ་གྱི་གཡས་རུའི་ཁྲི་འཛིན་ཁག་གི་ནང་དུ་ཡང་མེད་ལ།  དབེན་ས་ཁའི་ཁྲི་འཛིན་མ་ཡིན་པའི་བྲུ་ཚང་གི་སྔགས་འཆང་མང་པོ་ཡོད་པའི་ནང་དུ་ཡང་མཐོང་རྒྱུ་མི་འདུག། ཡང་འགྲོ་མགོན་མཛོད་འགྲེལ་39གནས་གསུམ་པ་དབྱིངས་བསྟན་པའི་སྐབས་བྲུ་ནམ་འོད་ཐེངས་གཅིག་དགག་ཡོད་རུང་ཁོང་གི་སྐོར་གསལ་ཁ་ཐོན་པ་ཅི་ཡང་མ་བྱུང་ངོ་།  །འདིར་མཐའ་སྡོམ་གྱི་ཚུལ་དུ་ཞུ་རྒྱུར་ས་ལམ་འཕྲུལ་གྱི་ལྡེ་མིག་གི་ནང་དུ་གསལ་བའི་མཁས་པ་བཅུ་དྲུག་པོ་དེ་དག་གི་ནང་ནས། བདག་ཉིད་ཆེན་པོ་དང།བློ་གྲོས་ཀྱི་བདག་ཉིད་ཆེན་པོ། རྨེའུ་དཔལ། དོ་པ། ལུང་རིག་མངའ་བདག་བཅས་ནི་ལམ་རིམ་གྱི་རྣམ་གཞག་ཆ་ཚང་རྩོམ་པ་པོ་ཡིན་པ་ཁོ་བོས་གསལ་བཤད་ནན་པོ་བྱེད་ཐུབ་ཀྱི་ཡོད་པ་ནི། འགྲོ་མགོན་ས་ལམ་ཚོགས་སྦྱོར་མཐོང་སྒོམ་བཞི་སོགས་མགོ་ནས་མཇུག་བར་ལེའུ་ཆ་ཚང་ནས་གསལ་ཡོད་པ་དང་། ད་དུང་ཞུ་ཡི་བླ་མ་དང་སྤ་སྟོན་བཅས་ཀྱིས་ཀྱང་ལམ་རིམ་གྱི་སྐོར་ཆ་ཚང་བརྩམས་ཡོད་པ་ཕར་ཆེར་ཡིད་ཆེས་བྱེད་ཆོག་པར་འདུག་གོ། །།

དཔྱད་གཞིའི་ཡིག་ཆ་དང་མཆན་བུ།

1 འགྲོ་མགོན་བློ་གྲོས་རྒྱལ་མཚན། ས་ལམ་འཕྲུལ་གྱི་ལྡེ་མིག་ཤོག་ངོས་༥༦་ལས་གསལ་རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༠༢ལོར་ལྡི་ལི་ནས་དཔར་དུ་བསྐྲུན།

2 མཉམ་མེད་ཤེས་རབ་རྒྱལ་མཚན། ས་ལལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་ཤ་༡༢༦ལས་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༠༦ལོར་ལྡི་ལི་ནས་དཔར་དུ་བསྐྲུན།

3འགྲོ་མགོན་བློ་གྲོས་རྒྱལ་མཚན། ས་ལམ་འཕྲུལ་གྱི་ལྡེ་མིག་ཤ་༢༣༢ལས་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༠༢ལོར་དཔར་བསྐྲུན་ཞུས།

4 མཉམ་མེད་ཤེས་རབ་རྒྱལ་མཚན། གབ་འགྲེལ་ཀུན་བཟང་དགོངས་རྒྱན་ཤ་༢་ལས་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས༢༠༠༥ལོར་དཔར་དུ་བསྐྲུན།

5 ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན། སྙན་ངག་རིན་ཆེན་ལྡེ་མིག་ཤ་58ལས་གསལ། རྒྱ་གར་སྨན་དགོན་བཤད་བསྒྲུབ་འདུས་སྡེས་༢༠༡༤ལོར་དཔར་དུ་བསྐྲུན།

6 འགྲོ་མགོན་བློ་གྲོས། ས་ལམ་འཕྲུལ་གྱི་ལྡེ་ལིག་ལས་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༠༢ལོར་དཔར་བསྐྲུན་ཞུས།

7 བྲུ་ཆེན་ནམ་མཁའ་གཡུང་དྲུང་། བྲུ་ཤ་ཁྱུང་གི་རྒྱལ་མཚན། བྲུ་རྗེ་བཙུན་གཡུང་དྲུང་བླ་མ། བྲུ་སྟོན་ཉི་མ་རྒྱལ་མཚན། སུམ་ལྡན་གཡོར་པོ་མེ་དཔལ། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན། འགྲོ་མགོན་བདུད་རྩི་རྒྱལ་མཚན་དང་བདུན་ཡིན་ནོ།

8 མཉམ་མེད་ཤེས་རབ་རྒྱལ་མཚན། གབ་འགྲེལ་ཀུན་བཟང་དགོངས་རྒྱན་ཤ་༢་ལས་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༠༥ལོར་དཔར་དུ་བསྐྲུན།

9 བླ་མའི་རྣམ་ཐར་ཕྱོགས་བསྒྲིགས་ལས།  བྲུ་སྟོན་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་ཤ་༧༡ལས་གསལ་ལག་བྲིས་དབུ་མེད་དེབ་གཟུགས་ཅན།

10 འགྲོ་མགོན་བློ་གྲོས་རྒྱལ་མཚན། ས་ལམ་འཕྲུལ་གྱི་ལྡེ་མིག་ཤ༡༢་དང་༢༠་སོགས་ལ་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༠༢ལོར་དཔར་དུ་བསྐྲུན།

11འགྲོ་མགོན་བློ་གྲོས་རྒྱལ་མཚན། མཛོད་འགྲེལ་ཤ༧༩ལས་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༠༢ལོར་དཔར་དུ་བསྐྲུན།

12  དགེ་བཤེས་བརྩོན་འགྲུས་གོང་འཕེལ། རྟེན་འབྲེལ་གྱི་རྣམ་བཤད་ལུང་རིག་བང་མཛོད་ཤ་༢༦༣ལས་གསལ། ཞང་བོད་ཤེས་རིག་དཔེ་ཚོགས་ནས་དཔར་དུ་བསྐྲུན།

13 སྤ་སྟོན་འོད་གསལ་རྒྱལ་མཚན། མཁས་པ་དཔལ་ཆེན་པོའི་རྣམ་ཐར་ནོར་བུའི་ཕྲེང་བ་ཤ་༡༠ལས་གསལ།  བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་ཁམས་འགྲེལ་དང་མཉམ་དུ་༢༠༠༥ལོར་དཔར་བསྐྲུན་ཞུས།

14གོང་གསལ་དཔལ་ཆེན་རྣམ་ཐར་ལས་གསལ།

15སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། གཞི་ལམ་རྣམ་འབྱེད་ཀྱི་འགྲེལ་བ་ཤ་༤༤ལས་གསལ། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ནས་༢༠༡༢ལོར་དཔར་བསྐྲུན་ཞུས།

16 འགྲོ་མགོན་ས་ལམ་གོང་མཚུངས་ཤ་༢༣ལས་གསལ།

17 སྒ་སྟོན་ས་ལམ་གོང་མཚུངས་ཤ་༥༨ལས་གསལ།

18 འགྲོ་མགོན་ས་ལམ་གོང་མཚུངས་ཤ་༡༣༠ལས་གསལ།

19 སྒ་སྟོན་ས་ལམ་གོང་མཚུངས་ཤ་༡༩ལས་གསལ།

20  འགྲོ་མགོན་ས་ལམ་གོང་མཚུངས་ཤ་༢༢༡ལས་གསལ།

21 རྗེ་ཡི་གབ་འགྲེལ་གོང་མཚུངས་ཤ་༢་ལས་གསལ།

22 འགྲོ་མགོན་ས་ལམ་གོང་མཚུངས་ཤ༡༦༨དང་༡༨༥་སོགས་ལ་གཟིགས།

23 ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་། སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་གཉིས་ཡིན།

25རྩོམ་པ་པོ་མཁན་ཆེན་ཉི་མ་བསྟན་འཛིན། ཤེར་ཕྱིན་སྐབས་གཉིས་པའི་ཤ་༨༧ལས་གསལ། རྒྱ་གར་སྨན་དགོན་བཤད་སྒྲུབ་འདུས་སྡེས་༢༠༡༤ལོར་དཔར་དུ་བསྐྲུན།

26རྗེ་ཡི་གབ་འགྲེལ་གོང་མཚུངས་ཤ་༢ལས་གསལ།

27 འགྲོ་མགོན་ས་ལམ་གོང་མཚུངས་ཤ་༢༦ལས་གསལ།

28སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། གཞི་ལམ་རྣམ་འབྱེད་འགྲེལ་བ་གོང་མཚུངས་ཤ་༣༦ལས་གསལ།

29 འགྲོ་མགོན་བློ་གྲོས་རྒྱལ་མཚན། སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་པ་དབབ་པའི་འགྲེལ་བ་ཤ་༡༨དང་༨༦-༩༡་བཅས་ལས་གསལ། རྒྱ་གར་སྨན་དགོན་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེས༢༠༠༢ལོར་དཔར་བསྐྲུན་ཞུས།

30 བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་ལས་སྐུ་ཞབས་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས་པའི་བོན་གྱི་བསྟན་རྩིས་དང་བཀའ་བརྟེན་འགྱུར་རེའུ་མིག་ཤ་༤༦༩ལས་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་༢༠༡༠ལོར་དཔར་བསྐྲུན་ཞུས།

31རྨའུ་སྟོན་རྒྱལ་མཚན་མཆོག་ལེགས། དབུ་མའི་རྣམ་བཤད་སྐལ་ལྡན་རྗེས་འཛིན་ཤ་༡༢༣་ལས་གསལ། ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེས་༢༠༡༠ལོར་དཔར་བསྐྲུན་ཞུས།

32 སྒ་སྟོན་གཞི་ལམ་རྣམ་འབྱེད་འགྲེལ་གོང་མཚུངས་ཤ་༤༥་ལས་གསལ།

33 འགྲོ་མགོན་ས་ལམ་གོང་མཚུངས་ཤ༢༠༢དང་༢༣༣བཅས་ལས་གསལ།

34 འགྲོ་མགོན་ས་ལམ་གོང་མཚུངས་ཤ་༡༣༠ལས་གསལ།

35 མཁན་ཆེན་ཉི་མ་བསྟན་འཛིན། ཕར་ཕྱིན་སྐབས་དང་པོའི་རྣམ་བཤད་ཤ་༦༩ལས་གསལ།  རྒྱ་གར་སྨན་དགོན་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེས་༢༠༡༤ལོར་དཔར་དུ་བསྐྲུན།

36 དཔོན་སློབ་སྐལ་བཟང་དར་རྒྱས། གླེགས་བམ་གཏེར་གྱི་ཁ་བྱང་ཤ༤༧༥ལས་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས༢༠༠༩ལོར་དཔར་དུ་བསྐྲུན།

37 སྒ་སྟོན་གཞི་ལམ་རྣམ་འབྱེད་འགྲེལ་གོང་མཚུངས་ཤ་༥༨ནས་༥༩བར་གསལ།

38འགྲོ་མགོན་མཛོད་གོང་མཚུངས་ཤ༡༠༥་ལས་གསལ།

39 འགྲོ་མགོན་མཛོད་གོང་མཚུངས་ཤ་༩༡ལས་གསལ།

 

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *