གསེར་གྱི་ཉི་མ་འོད་ཆེན་ནུབ་ཏུ་བཞུད།

རྩོམ་ཡིག་འདི་ཐེངས། 285 བཀླགས་འདུག

cb2f6b0ffb5eb6c9ec1e4f5ec00a2fa3

མཁའ་ཡི་ཉི་མ་ནུབ་པའི་དགོང་མོ་སྟེ།།

དོག་གི་དྭ་ཕྲུག་ངུས་པའི་མིག་སྒོ་རུ།།

སྣང་སྲིད་མིག་ཆུ་རློན་པའི་འཇིག་རྟེན་ཞིག།།

འཛམ་གླིང་གོ་ལ་ཧྲིལ་པོའི་ཁྱོན་དུ་ཚེས།།

/

དེ་ནི་བྱམས་བརྩེ་བྱེ་བའི་རང་གཟུགས་ཏེ།།

ས་སྟེང་བོན་འབངས་ཡོངས་ཀྱི་ཕ་དང་མ།།

ཡབ་རྗེ་བླ་མ་དགུང་གི་ཉི་མ་མཆོག །

ཞིང་ཁམས་གཞན་དུ་གཤེགས་པའི་རྐྱེན་དེས་རེད།།

ཁྱེད་ཐུགས་ཉི་མ་ལས་ཀྱང་དྲོ་བ་དང་།།

བྱིན་རླབས་ཟླ་བ་ལས་ཀྱང་དཀར་བའི་འོག །

སྐྱིད་པའི་མི་ཚེ་བསྐྱལ་བའི་བོན་ཕྲུག་ཚོ།།

ཁ་སང་བཅུ་བཞིའི་དུས་ནས་དྭ་ཕྲུག་ལུས།།

ཉི་མའི་དྲོད་རླབས་མེད་པའི་འཁྱག་རོམ་དང་།།

ཟླ་བའི་དཀར་འོད་མེད་པའི་ལོ་ནག་ནང་།།

ཕ་མ་མེད་པའི་དྭ་ཕྲུག་ཁེར་རྐྱང་ཚོའི།།

མི་ཚེ་ལྷག་མ་ཆོད་པའི་ཐབས་མི་འདུག།

བཟོད་ཐབས་མེད་པའི་ནམ་ཟླ་གསར་པའི་ནང་།།

ཉིན་མོ་ཉི་མ་སེར་པོ་ངུ་བ་དང་།།

མཚན་མོ་ཟླ་བ་དཀར་ཆུང་བཤུམས་པ་སོགས།།

སྡུག་གི་མིག་ལ་འཇིག་རྟེན་སྡུག་ཏུ་ཤར།།

དུས་ཀྱི་རླུང་ནག་རྒོད་པའི་ཁུགས་སོ་ན།།

ཞི་བསིལ་སྣུམ་ཞག་འཁྱིལ་བའི་དྲང་སྲོང་ཁྱེད།།

མཉམ་མེད་བླ་མའི་ཁྱིམ་གཞིས་སྐྱོང་བཞིན་ངང་།།

ཞིང་ཁམས་གཞན་དུ་ཕེབས་པ་ཅི་ཡི་ལན།།

ས་མཐའི་བྱེ་ཐང་སྐྱ་མོའི་ཁུགས་སོ་ན།།

ཁྱེད་ཉིད་མ་གཏོགས་སེམས་ལ་མེད་པ་ཡི།།

ཕ་བྲལ་མ་བྲལ་ས་མཐའི་མགོ་ཟླུམ་ཚོས།།

ཤག་གི་ཕོར་གོག་སྟོང་པ་སུ་ལ་ཟེད།།

ནམ་མཁའ་སྟོང་པས་ང་ཚོའི་མགོན་མི་བྱེད།།

དོག་མོ་སྟོང་པས་ང་ཚོའི་སྐྱབས་མི་བྱེད།།

ཁེར་རྐྱང་ས་སྟེང་ལུས་པའི་བྱིས་པ་ཚོའི།།

སྐྱོ་བའི་མིག་ཆུ་བདག་པོ་སུ་ཡིས་བརྒྱག །

མི་ལོ་ཞེ་དགུ་ཐམ་པའི་དུས་ཡུན་རིང་།།

མཉམ་མེད་བླ་མའི་གསེར་གྱི་ཁྲི་འཕང་ནས།།

གཤེན་བསྟན་གདུག་དཀར་འདེག་པའི་ཡུ་བ་དེ།།

གས་ཆག་ཤོར་བའི་སྡུག་འདི་སུ་ཡིས་བཟོད།།

རྨད་བྱུང་མཛད་པའི་ཆ་ཤས་རེ་རེ་ཡི།།

བཀའ་དྲིན་ཟབ་མོ་སྙིང་ནས་དྲན་པའི་ཚེ།།

ཁྱེད་ཉིད་ཞིང་གཞན་ཕེབས་པའི་གྱོང་གུད་དེ།།

ཆུ་ཚོད་སྐར་མའི་ཡུན་ནང་ཇེ་གསལ་རེད།།

སེམས་ཀྱི་ཉི་མ་ནུབ་པའི་མུན་ཁྲོད་ནང་།།

ཁྱེད་ཉིད་དྲན་པའི་སྡུག་གི་རི་ཞབས་ནས།།

སྐྱོ་བའི་མིག་ཆུ་རློན་པའི་ཚོར་བ་འདི།།

ཀླུ་གྲུབ་རི་བོའི་མགུལ་ནས་ཕྱི་རུ་ལུད།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *