༧སྐྱབས་རྗེ་དམ་པ་སྐུ་ཞི་བར་གཤེགས་པའི་སྔ་རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ།

རྩོམ་ཡིག་འདི་ཐེངས། 5361 བཀླགས་འདུག

IMG_3691 (1)

          ད་ལྟའི་ཆར་སྐད་འཕྲིན་སོགས་དྲ་རྒྱའི་འོད་རླབས་ཀྱི་ཤུགས་ཚད་མགྱོགས་དྲགས་པས་ཁྱེད་ཚོས་གོ་ཐོས་སུ་མ་གྱུར་བའི་སྐབས་བབ་ཀྱི་བརྗོད་བྱའི་གནས་ཚུལ་ཞིག་ཕལ་ཆེར་མེད་པའི་ཚུལ་དུ་སྣང་། འོན་ཀྱང་། རང་ཉིད་ཀྱི་མཐོང་ཐོས་དང་འབྲེལ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་སྐུ་ཞི་བར་གཤེགས་པའི་སྔ་རྗེས་ཀྱི་གནས་ཚུལ་འགའ་ཞིག་ཅུང་ཁ་གསལ་གྱི་ལམ་ནས་ཡིག་ཐོག་ཏུ་འགོད་རྒྱུ་ཡིན། དེ་ཡང་ཕྲན་རང་ཉིད་༧སྐྱབས་རྗེ་ཞིང་གཤེགས་མཆོག་ལ་སྙིང་ནས་དད་མོས་རབ་ཏུ་ཆེ་བའི་རྒྱུ་མཚན་དང་། ཡང་ན་སྣང་བ་དག་པ་རབ་འབྱམས་འབའ་ཞིག་ཏུ་སྒོམ་པའི་རྟོག་བཏགས་ཀྱི་སྣང་ཚུལ་ཙམ་མ་ཡིན་པར་མིག་ལྡན་ཀུན་གྱིས་མཐོང་ན་བློ་ངོར་འབབ་པ་དང་ཐོས་ན་སྤྲོ་བས་འཇུག་པར་བྱ་བའི་གནས་སུ་འགྱུར་ངེས།

       སྤྱིར་སོ་སྐྱེས་ཐ་མལ་པ་ཞིག་གི་ངོས་ནས་བསམ་ན་རླབས་ཆེན་གྱི་སྐྱེས་བུ་ཁོང་ལྟ་བུ་ཞིག་ལ་གློ་བུར་བའི་བསྙུང་གཞི་བཞེས་དོན་མ་མཆིས་པའི་ཚུལ་དུ་སྣང་ན་ཡང་། སངས་རྒྱས་དངོས་ཀྱི་འོད་ཟེར་ཕོག་པའི་སྐྱེས་བུ་དམ་པ་ཁོང་ཡང་འགྲོ་བ་མིའི་ལུས་རྟེན་དུ་གྲུབ་ཡོད་པས་སྐྱེ་རྒ་ན་འཆིའི་ཕུང་པོས་བདག་ཏུ་བཅིངས་པ་སྨྲོས་མེད་ཡིན་པ་དང་གཅིག གཉིས་ནས་༧སྐྱབས་རྗེ་མཆོག་གིས་བསྟན་འགྲོ་སྤྱི་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་དང་། ཡང་ཁྱད་དུ་༧གདན་ས་སྨན་རི་དང་འབྲེལ་བའི་སྣོད་བཅུད་ཀྱི་བཀོད་པའམ་ཕྱི་ནང་བར་གསུམ་གྱི་བྱ་བཞག་ཆེ་ཕྲ་ཚང་མའི་ཐད་མི་ལོ་བཞི་བཅུ་ལྷག་གི་རིང་སྐད་ཅིག་ཙམ་དུའང་ཐུགས་བློས་མ་བཏང་བའམ་མཛད་འགན་ལྕི་དྲགས་པས་སྐུ་གཟུགས་ལ་འཕྲོད་བསྟེན་གྱིས་མ་འདང་བས་བསྙུང་གཞི་བཞེས་པ་ཡང་ཡིན་སྲིད། གང་ལྟར་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བསྟན་འགྲོའི་ཉིན་བྱེད་ཆེན་པོ་ཁོང་གིས་འགྲོ་བ་མིའི་ཚུལ་ཇི་ལྟར་བསྙུང་གཞི་བཞེས།

     སྤྱིར་སྐྱེ་བོ་ཐ་མལ་པ་ཞིག་ལ་མཚོན་ན་འཆི་བའི་རྐྱེན་དང་། དུས། གནས་སོགས་ལ་ངེས་པ་མེད་མོད། ༧སྐྱབས་རྗེ་མཆོག་སྐུ་ཞི་བར་མ་གཤེགས་པའི་ཉིན་ཤས་སྔོན་སྨན་ཁང་དུ་བཞུགས་སྐབས་སྟོན་འཁོར་རྣམས་ལ་ཁོང་གདན་ས་སྨན་རི་རུ་ཕྱིར་ཕེབས་དགོས་པའི་བཀའ་སློབ་ནན་གྱིས་གནང་བ་དང་། སྟོན་འཁོར་རྣམས་ཀྱིས་ཀྱང་༧སྐྱབས་རྗེ་མཆོག་༧དཔལ་ལྡན་སྨན་རིའི་གཟིམ་ཆུང་དུ་གདན་འདྲེན་ཞུས་པའི་ཉིན་ཤས་རྗེས་སུ་ད་ནི་ཁོང་ཉིད་ཕེབས་རན་ཡོད་པའི་བརྡ་ཚིག་གསལ་བོ་གསུངས་པ་སོགས་ནི་སྐྱེས་བུ་དམ་པ་ཁོང་ལ་ནམ་འཆི་ཆ་མེད་མ་ཡིན་པར་རང་དབང་ཅན་གྱི་རྟགས་མཚན་ཞིག་ཡོད་པའང་མངོན་ནོ།

       དེ་བཞིན་སྤྱིར་བཏང་གི་མི་ཕལ་མོ་ཆེར་མཚོན་ན་འཆི་བའི་འཇིགས་པ་མ་སླེབས་པའི་སྔོན་རོལ་དུ་རང་ཉིད་ཀྱི་ནང་མི་སྤུན་མཆེད་དང་། དགའ་ཉེ་སྤུན་གྲོགས། ཡང་ན་རྒྱུ་ནོར་དང་དཔལ་འབྱོར་སོགས་ལ་ཆགས་ཞེན་གྱི་འདུན་པ་ཤུགས་ཆེན་ཡོད་པ་དང་དུས་པོ་ཆེ་སླེབ་ཁར་ཁ་ཆེམས་འཇོག་པ་སོགས་རང་ཅག་འཇིག་རྟེན་པ་མང་པོར་ལྟོས་བཅས་སུ་གྲུབ་མོད། ༧སྐྱབས་རྗེ་ཞིང་གཤེགས་དམ་པ་འདི་བས་ཞིང་གཞན་དུ་མ་ཕེབས་པའི་ཉིན་སྔོན་མར་ཁོང་གི་ཐུགས་བརྩེ་དང་བཀའ་དྲིན་ཁོ་ནའི་འོག་མི་ཚེ་དོན་ཡོད་དུ་སྒྲུབ་པར་ཐུགས་རེ་ཆེ་བའི་ཧི་མ་ལ་ཡི་རི་རྒྱུད་གཙོས་མཐའ་མཚམས་ཁུལ་ནས་ཡོང་བའི་བྱིས་པ་ཉམ་ཆུང་རྣམས་ལ་ལན་ཅིག་ངོ་ཐུག་གནང་དགོས་པའི་བཀའ་ཆབ་དྲོན་མོ་བསྩལ་བ་ནི་༧སྐྱབས་རྗེ་མཆོག་གི་ཐུགས་བརྩེའི་རྒྱ་ཁྱོན་ནི་འགྲོ་བ་སྤྱི་དང་ཁྱད་པར་དུ་ཉམ་ཆུང་མགོན་མེད་ཚོའི་མགོ་ཐོག་ཏུ་རིས་སུ་མེད་པར་ཁྱབ་པའི་གནམ་ཆེན་པོ་ཞིག་ཡིན་པ་གསལ་བོ་རེད།

21463078_1535920236475498_3362722170667897604_n

       ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༤ ཉིན་ཞིང་གཤེགས་དམ་པ་ཁོང་སྐུའི་གཟིམ་ཆུང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཤེགས། སྐུ་ཞི་བར་གཤེགས་རྗེས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སོགས་ཀྱིས་སྐུའི་སྙན་ལམ་དུ་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དབུ་ནས་བཀླགས་པའི་སྐར་མ་ཁ་ཤས་ཀྱི་རྗེས་ནས་ཞིང་གཤེགས་དམ་པའི་སྐུའི་གཟི་མདངས་སྔར་བས་རྒྱས་པར་མ་ཟད་ཐུགས་དམ་མ་གྲོལ་བར་དུ་ཉིན་གསུམ་རིང་ཉིན་རེ་ནས་ཉིན་རེར་ཞལ་རས་ལ་སྣུམ་ཤ་དང་བཀྲག་མདངས་དོད་པ་སོགས་ཆེས་ངོ་མཚར་བའི་རྟགས་མཚན་མང་པོ་སྐུའི་ཞབས་འཁོར་བ་ཚང་མའི་ཆུ་བུར་མིག་གི་མཇལ་ཡུལ་དུ་གྱུར།  དེར་མ་ཟད་ཞག་གསུམ་ཀའི་རིང་ཕྱི་དྲོར་མེ་ཏོག་གི་ཆར་པ་སིམ་སིམ་དུ་བབ་པ་སོགས་བྱུང་། སྤྱིར་སྐུ་ཞི་བར་གཤེགས་པའི་རྟགས་མཚན་འདི་དག་དམ་པ་ཁོང་ལ་བླ་མ་ཆེན་པོ་ཞིག་གི་མཚན་གནས་ཡོད་པའི་རྒྱུ་མཚན་མ་ཡིན་པར་༧རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་དང་འོད་ཟེར་གང་ལ་ཕོགས་པའི་ལྷ་སྐལ་གཅིག་པུ་དེའང་ཁོང་ཡིན་པས་ཅི་ལ་མིན། ཕྱོགས་གཅིག་ནས་རིན་པོ་ཆེ་མཁའ་ཡགས་མཁས་པ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཀྱང་ཁོང་གིས་ཞལ་བཞེས་གཙང་མ་གནང་མྱོང་མེད། འོན་ཀྱང་མཁའ་ཡགས་མཁས་པ་མ་དང་རིན་པོ་ཆེ་རྣམ་གཉིས་སྐུ་གཤེགས་པའི་ཟླ་ཚེས་ཏག་ཏག་གཅིག་ཏུ་བྱུང་བའི་གནས་ཚུལ་ཡ་མཚན་པ་དེ་འདྲ་བྱུང་འདུག

21587184_10210240638237865_8404863623011573467_o

       ཀྱེ་མ། ས་སྒོང་འདི་ཆེས་སྡུག་བསྔལ་གྱིས་སྦངས་པའི་ཉིན་མོ་ཞིག་སྟེ་༧སྐྱབས་རྗེ་མཆོག་སྐུ་ཞི་བར་གཤེགས་སོང་། གནམ་གྱི་ཉི་མ་ནུབ་སོང་། ས་ཡི་སྒྲོན་མེ་གཟིམས་སོང་། ཉིན་དེ་ནས་བཟུང་སྟེ་འཇིག་རྟེན་འདི་མུན་པའི་གཏིང་དུ་ལྷུང་ཞིང་། སྐྱོ་གདུང་དང་ངུ་ངག་གིས་དགོན་སྡེ་དང་ལྷ་སྡེ་མང་པོ་ཤུགས་ཀྱིས་མནན། རིས་སུ་མ་མཆིས་པའི་བླ་ཆེན་དང་མི་ཆེན་ཚོས་ཐུགས་གསོའི་བཀའ་ཡིག་ཆར་ལྟར་འབེབས། ཚོགས་པ་སྤྱི་སྒེར་མང་པོས་མྱ་ངམ་དང་གདུང་མཆོད་ཀྱི་སྒྲོན་མེས་ཕྱོགས་མཚམས་ཀུན་ཏུ་སྦྲེལ། ས་ཐག་རིང་མིན་ལ་མ་ལྟོས་པར་འཛམ་གླིང་ཡུལ་གྲུ་མང་པོ་ནས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་མཇལ་བར་བཅར་བའི་སྐྱ་སེར་བརྒྱ་ཕྲག་མང་པོས་འཚང་ཁ་ཤིག་ཤིག་བྱེད། དགེ་འདུན་པ་རྣམས་ཀྱིས་རིག་འཛིན་དཔའ་བོ་རྒྱ་མཚོའི་ཚོགས་མཆོད་དང་ཀུན་རིག་ལས་བཞི་རྒྱུན་ལྔའི་གདུང་སྲེག་གི་ཆོ་ག དེ་བཞིན་ཡི་དམ་རྒྱལ་བ་ཞི་ཁྲོའི་ཆོ་གའི་སྒྲ་དབྱངས་ཀྱིས་དགོན་པའི་ཕྱི་ནང་ཀུན་ཏུ་ཁྱབ། སྐྱོ་ལྷང་ལྷང་དང་དྲན་དུང་དུང་གིས་མྱོས་པའི་མི་ཚོགས་ཀྱིས་གཙུག་ལག་ཁང་གི་སྐོར་ལམ་ནས་གདུང་བཞུའི་མེ་རླབས་དང་དུ་བ་ལ་གྱེར་བཞིན་མིག་ཆུ་རང་དབང་མེད་པར་ཡང་ཡང་འབྱིན། རིན་པོ་ཆེ། ཁྱེད་བཞུད་སྔ་སོང། ཁྱེད་བཞུད་སྔ་སོང། འོན་ཀྱང་བྱ་ཐབས་བྲལ། བྱ་ཐབས་བྲལ།

IMG_3928

      འདི་ག་རྒྱལ་གཤེན་བོན་སྒྲའི་ངོས་ནས་ཞིང་གཤེགས་དམ་པའི་སྐུའི་གདུང་མཆོད་དུ་ཆེད་དུ་གོ་སྒྲིག་ཞུས་ཤིང་བོད་ཕྱི་ནང་གཉིས་ཀ་ནས་ཕུལ་བའི་ཁ་བྱང་གཅིག་པའི་སྙན་ངག་གི་གདུང་མཆོད་ ༼གནམ་གྱི་སེམས་དཔའ་ཆེན་པོ། ཁྱེད་གང་དུ་བཞུགས།༽ ཅེས་པའི་རྩོམ་ཡིག་བརྒྱ་ཕྲག་གཅིག་རིན་པོ་ཆེའི་སྐུའི་གདུང་མདུན་དུ་ཕུལ།

01A15239-848A-4A23-93C4-9C7CD0EB251B-2697-000005AA62B411D2_tmp

དེ་བཞིན་སྨན་རིའི་གླིང་གི་རྩོམ་པ་པོ་བཀའ་རམས་པ་ཁྲི་གཡུང་དྲུང་ལགས་ཀྱིས་སྒྲིག་རྩོམ་ཞུས་པའི་༧སྐྱབས་རྗེ་དམ་པའི་མཛད་རྣམ་ཆེས་མདོ་རུ་བསྡུས་ཤིང་ཁ་གསལ་གྱི་ལམ་ནས་བཀོད་པ་བོད་ཧིན་དབྱིན་གསུམ་གསུམ་ཅན་ཞིག་ཕྱོགས་གང་ས་ནས་ཕེབས་པའི་རྒན་རབས་པ་རྣམས་ལ་རིན་མེད་དུ་ཕུལ།

22181432_1995523444058352_8923580007670531980_o

     ཞིང་གཤེགས་དམ་པའི་སྐུ་གདུང་མེ་ལྷའི་ཞལ་དུ་ཕུལ་པའི་རྗེས་སུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་དབུས་༧མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་དང་། དགོན་སྡེ་གཉིས་གཙོས་པའི་བླ་གྲྭ་གྲངས་བརྒྱད་བརྒྱར་ཉེ་བ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་སྟོང་ཕྲག་རེ་ཟུང་ལྷན་འཛོམས་ཀྱིས་གཙུག་ལག་ཁང་གི་མདུན་དུ་ “གང་གི་བདེན་ཚིག་རྟེན་འབྲེལ་བསླུ་མེད་ཀྱིས། གངས་ཅན་མགོན་པོ་རྒྱལ་བ་སྨན་རི་བའི། མདོ་སྔགས་བསྟན་པའི་བ་དན་མངོན་མཐོ་ཞིང་། སྲིད་མཐའི་བར་དུ་ཡུན་རིང་གནས་འགྱུར་ཅིག” ཅེས་དང་། “རྒྱལ་བ་མཉམ་མེད་ཆེན་པོ་ཡི། བསྟན་པ་ཡུན་རིང་འབར་འགྱུར་ཅིག”ཅེས་སོགས་བདེན་ཚིག་སྨོན་ལམ་སྐྱ་སེར་ཀུན་གྱི་མིག་ཆུའི་ཀླུང་དུ་འདྲེས་ཤིང་ངུ་ངག་གིས་དབྱངས་སུ་གྱེར།

22219869_1995524047391625_7015752329503621281_o

     དེ་རྗེས་ཕྱོགས་མཐའ་ནས་ཕེབས་པའི་བཀུར་འོས་སྐུ་མགྲོན་གཙོ་བོ་རྣམ་གཉིས་ཀྱིས་ཐུགས་གསོའི་བཀའ་སློབ་གྲུབ་མཚམས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་གཞིས་བྱེས་བོན་འབངས་ཡོངས་ལ་ཐུགས་གསོའི་བཀའ་སློབ་བཀའ་དྲིན་བསྩལ། དེའང་བཀའ་སློབ་ཀྱི་སྙིང་དོན་གཙོ་བོ་གསུམ་དུ་འདུ་བ་སྟེ། དང་པོ། ༧སྐྱབས་རྗེ་ཞིང་གཤེགས་དམ་པས་འཇིག་རྟེན་འདིར་མཛད་པ་ཡོངས་སུ་གྲུབ་ནས་སྐུས་བསྙུང་གཞི་བཞེས་སྟངས་སོགས་ཞིང་གཞན་དུ་ཕེབས་པའི་སྔ་རྗེས་ཀྱི་བྱུང་རིམ་དང་། གཉིས་པ། བོད་ཕྱི་ནང་ཀུན་ནས་དད་ལྡན་འབུམ་ཕྲག་མང་པོས་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྐུ་འཚོ་བཞུགས་སྐབས་སྲོག་བསླུ་ཚེ་ཐར་གཏོང་བ་སོགས་སྐུ་ཕྱྭའི་ཞབས་རིམ་ལ་འབད་པ་ཤུགས་ཆེན་པོ་ཞུས་པ་དང་། སྐུ་ཞི་བར་གཤེགས་རྗེས་ཀྱང་རིས་སུ་མ་མཆིས་པའི་དགོན་སྡེ་གྲྭ་ཚང་དང་ཚོགས་པ་སྐྱིད་སྡུག མདོར་ན་འཛམ་གླིང་ཤར་ནུབ་ཀུན་གྱི་དད་ལྡན་པ་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་སོགས་འབུལ་བཞིན་པར་ཐུགས་རྗེའི་ལེགས་གསོལ། གསུམ་པ། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་གཙོས་སྨན་རི་ཚང་གི་བླ་སློབ་ཐུན་མོང་གིས་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་ཐུགས་དགོངས་ཇི་ལྟར་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ལྷོད་ཡངས་མེད་པའི་ངོས་ནས་བསྟན་འགྲོའི་དོན་མུ་མཐུད་དུ་བསྒྲུབ་རྒྱུ་ཡིན་པས་གཞིས་བྱེས་བོན་འབངས་ཡོངས་ཀྱིས་དེའི་ཕྱོགས་ལ་སེམས་ཚབ་གནང་མི་དགོས་པའི་བཀའ་སློབ་སོགས་ཕེབས།

22179743_1994703647473665_8346354024378425473_o

      ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཞོར་འཕྲོས་ཀྱི་ཚུལ་དུ་གསུངས་དོན། སྨན་རིའི་མཁན་རབས་སོ་བཞི་པ་ནམ་ཞིག་བསྐོ་རྒྱུའི་ཐད་དྲི་བ་མང་པོ་ཞིག་མང་ཚོགས་ནས་ཡོང་གི་འདུག་ཅེས་དེ་ལ་བཀའ་ལན་སྤྱི་བསྒྲགས་ཀྱི་ཚུལ་དུ་གནང་བ། སྨན་རིའི་མཁན་པོ་བསྐོ་ཕྱོགས་ཐད་སྔ་མའི་ལམ་དང་ལུགས་སྲོལ་ཇི་ལྟ་བུ་ལས་དེ་ལ་འགྱུར་བ་གསར་པ་ཡོང་གི་མ་རེད་ལ། ངོས་ཀྱིས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་དང་། ༧རྒྱལ་བ་གཤེན་རིན་པོ་ཆེ། གཡུང་དྲུང་གླིང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་སོགས་དང་ལྷན་བཀའ་བསྡུར་རིམ་གྱིས་གནང་རྒྱུ་དང་ནམ་ཞིག་སུ་དང་གང་ཕེབས་ཀྱང་ལྷ་སྲུང་ལ་དམ་བརྡར་ཞུས་ཏེ་བསྐོས་པ་ཡིན་པས་རང་ཅག་བོན་འབངས་ཡོངས་ཀྱིས་དད་པ་དང་ཡིད་ཆེས་ཞུ་དགོས་ཚུལ་སོགས་ཀྱི་བཀའ་སློབ་གནང་།

21762879_1990000621277301_7561162383437900142_o

    གདུང་མཆོད་ཉིན་ཐ་མའི་སྐབས་གདུང་སྲེག་མེ་ཐབ་ཀྱི་མདུན་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་དབུས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྒྲུབ་གཤེན་པ་རྣམས་པས་གྲུབ་མཆོད་སྨོན་ལམ་གསུངས་པ་དང་། དེ་རྗེས་གྲྭ་མང་འདུས་སྡེ་རྒྱ་མཚོ་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་རྣམས་པས་སྨོན་ལམ་རྣམ་གསུམ་སོགས་གསུངས། དེ་རྗེས་སྒྲུབ་གཤེན་པ་རྣམས་ཀྱིས་ཡིད་དུ་འོང་བའི་གཙུག་ལག་ཁང་ཆེན་མོའི་ནང་ནས་ཀུན་རིག་དཀྱིལ་འཁོར་གྱི་སྒོ་དབྱེ་དང་བཀྲ་ཤིས་སོགས་གསོལ་ནས་གདུང་སྲེག་གི་བྱེད་སྒོ་ཐམས་ཅད་མཇུག་ལེགས་པར་གྲུབ་པའོ། །

གནས་ཚུལ་ཞིབ་འབྲི་བ། བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

པར་གྱི་ཡོང་ཁུངས། སྤྱི་ཚོགས་དྲ་བ་ཁག

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *