གདུང་མཆོད་དང་མིག་ཆུའི་མཆོད་པ། 

རྩོམ་ཡིག་འདི་ཐེངས། 802 བཀླགས་འདུག

IMG_3691 (1)

རྒྱལ་གཤེན་བསྟན་པ་རྒྱས་པའི་གཙུག་གི་ཏོག།

དབང་ལུང་མན་ངག་རྒྱ་མཚོའི་བང་མཛོད་སྟེ།།

བཤད་དང་སྒྲུབ་པའི་འཁོར་ལོ་བདག་གིར་བ།།

ཡབ་ཆེན་བླ་མ་དམ་པས་འདིར་གསན་མཛོད།།

རེ་ཞིག་གདུལ་བྱའི་རྟག་འཛིན་འདུལ་བའི་ཕྱིར།།

གཟུགས་སྐུའི་མེ་ཏོག་ཞིང་དུ་གཟིམ་གྱུར་ཡང་།།

ཐུགས་བསྐྱེད་དམ་ཚིག་ལྕགས་ཀྱུ་རྣོན་པོ་ཡིས།།

བསྟན་འགྲོ་འདོར་བའི་དོགས་པ་ཡེ་ནས་མེད།།

འོན་ཀྱང་འདི་ན་གཞིས་བྱེས་དད་ལྡན་ཀུན།།

ཕ་མས་བརླགས་པའི་དྭ་ཕྲུག་ཇི་བཞིན་དུ།།

ཅི་བྱ་གཏོལ་བྲལ་ངུ་ངག་དབྱངས་རྟའི་ཁྲོད།།

གཅིག་པུར་ལུས་པའི་ངང་ཚུལ་ཀྱེ་མ་ཧུད།།

སྐྱོ་གདུང་སྙིང་ཁར་འཁོལ་བའི་ངུ་ངག་གིས།།

ཡབ་ཆེན་དྲན་པའི་གདུང་བ་མིག་ཆུའི་མཚོ།།

ཤར་ནུབ་རི་གཟར་གཡང་ལས་བབ་པའི་སྒྲ།།

བླ་མས་ཞིང་ཁམས་གང་ནས་གསན་ལཌ་ཀྱེ།། 

བོན་འབངས་བྱེ་བའི་གཙུག་གི་ནོར་བུ་མཆོག།

དཔྲལ་བའི་མིག་དང་ཁོག་པའི་སྙིང་དམར་པོ།།

གློ་བུར་ཞིང་ཁམས་ཞིང་དུ་གཤེགས་པ་འདིས།།

ཉིན་མཚན་གཉིད་ཀྱང་བྲལ་བའི་ཚད་དུ་སྐྱེལ།།

གནམ་གྱི་ཉི་ཟླའི་འཆར་ནུབ་མཁའ་ལ་གསལ།།

དུས་བཞིའི་འགྱུར་བ་ཕྲ་རག་མིག་གིས་མཐོང་།།

གཤེན་རབ་སྟོན་པ་མྱ་ངན་འདས་ཚུལ་སོགས།།

མི་རྟག་དཔེས་ཀྱང་མིག་ཆུ་གཅོད་ཐབས་བྲལ།།

ཁྱེད་སྐུའི་ལུཌ་གཉིས་འཕྲིན་ལས་དྲི་བཞོན་གྱིས།།

བསྟན་སྲིད་རྒྱལ་མཚན་མཁའ་ལ་རྩེན་པ་ཡིས།།

ཤར་ནུབ་གནས་སྡོད་དད་ལྡན་མི་རིགས་ཀུན།།

བཀའ་དྲིན་དྲན་ཏེ་མཆོད་པས་གནམ་ས་སྦྲེལ།།

ཁྱེད་ཀྱིས་བསྟན་དོན་རྒྱ་ཆེན་བསྐྱངས་པས་དང་།།

ཁྱད་པར་བསྟན་སྲིད་ཉག་ཕྲའི་རླུང་འཚུབ་ནང་།།

ཞང་བོད་རིག་གཞུང་སྣུམ་ཟད་མར་མེའི་འོད།།

གཅེས་པའི་སྲོག་གིས་བསྐྱོར་བས་ཅི་ལ་མིན།།

མེས་པོའི་ཞལ་ཆེམས་བུམ་བཟང་ཕྱག་གིས་སྐྱོར།།

ལོ་ཟླའི་འཕྲང་བར་ཨུ་ཚུགས་ཐབས་ཀྱིས་བརྒལ།།

གཤེན་ཞལ་གཙང་མའི་བཀའ་ཆབ་བདུད་རྩི་དེ།།

འཛམ་གླིང་ཕྱོགས་ཀུན་བསྐྱིལ་བས་དེ་བས་ཡིན།།

བསྟན་འགྲོའི་མགོན་པོར་དམ་ཅན་ལྷ་ཡིས་བསྐོས།།

བསྟན་འགྲོའི་དོན་ཕྱིར་འཕྲིན་ལས་མཚོ་ལྟར་རྒྱས།།

བསྟན་འཛིན་བྱེ་བའི་ཀློང་ན་མངོན་པར་འཕགས།།

བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་བླ་མ་མཁྱེན།།

བསྟན་པའི་གནས་གཞིར་དགོན་སྡེ་གསར་དུ་བསྐྲུན།།

བསྟན་པའི་དཔལ་དུ་བཤད་སྒྲུབ་ཚལ་ཆེན་བཙུགས།།

བསྟན་པའི་རྒྱན་དུ་དགེ་འདུན་ངང་གིས་འཕེལ།།

བསྟན་པའི་ཉིན་བྱེད་དཔལ་ལྡན་བླ་མ་མཁྱེན།།

བསྟན་པའི་རྒྱལ་མཚན་མཐོན་པོ་མཁའ་ལ་ཕྱར།།

བསྟན་སྦྱིན་དགེ་ཚོགས་ལོངས་སྤྱོད་རབ་ཏུ་རྒྱས།།

བསྟན་དང་དེ་འཛིན་སྐྱེ་བོའི་ཚོགས་རྣམས་ཀུན།།

བསྟན་པས་སྐྱོང་མཛད་དཔལ་ལྡན་བླ་མ་མཁྱེན།།

གདུང་བའི་མཆི་མ་ལག་པས་འབྱིད་བཞིན་དུ།།

ཁ་ཤ་ལེབ་མོར་ཨམ་གཙིགས་བསྡམ་བཞིན་དུ།།

ཤུལ་ལུས་དད་ལྡན་མིག་གིས་མཐོང་བས་མོད།།

འགོག་ཏུ་བྲལ་བའི་ཚོར་འདུ་རླབས་ཀྱིས་འཕྱོ།།

བླ་མའི་ལྷ་ཞལ་དངོས་སུ་འཚོས་པའི་སྐབས།།

དགོངས་དོན་སྤྱི་བོས་བླང་ན་བུ་རབས་ཡིན།།

བླ་མ་ཞིང་དུ་ཕེབས་ཀྱང་ཞལ་གསུང་བཀའ།།

འགྱུར་མེད་ཕྱག་གིས་སྐྱོར་ན་དམ་ཚིག་ཡིན།།

སྡུག་གི་མུན་པས་གཡོག་པའི་འཇིག་རྟེན་འདི།།

རྟག་འཛིན་ཞགས་པས་ནམ་ཞིག་གྲོལ་རྗེས་ཀྱང་།།

བོན་འབངས་དམ་ཚིག་གཡུང་དྲུང་ལུ་གུའི་རྒྱུན།།

འབྲལ་དུ་བྲལ་བ་བླ་མའི་གདུང་མཆོད་ཡིན།།

དྲན་ཤེས་དངས་མ་ཡིད་ཀྱི་གཞུང་ལ་ཕབས།།

བསམ་པའི་སྒོ་མོས་གླིང་བཞིའི་ཁྱོན་དུ་དཔྱད།།

ཁྱེད་ལས་བཀའ་དྲིན་ཆེ་བའི་བྱང་སེམས་ཞིག།

བསྐལ་བ་སྟོང་ལ་བཙལ་ཡང་རྙེད་དུ་དཀོན།།

ཟས་གོས་འཚོ་བའི་མཐུན་རྐྱེན་ལུས་ལ་སྦྱར།།

གདམས་ངག་གསེར་གྱི་ཞུན་མ་སྙིང་དུ་བཅུཌ།།

འདི་ཕྱིའི་ལམ་བཟང་བསླབ་བྱ་རྟག་ཏུ་བསྩལ།།

ས་མཐའི་ཡབ་ཆེན་དམ་པ་གང་དུ་བཞུགས།།

ཉི་ཟླའི་བགྲོད་པ་རེས་མོས་འཆར་ཚུལ་གྱིས།།

ས་གཞི་མུན་པས་གཡོག་ཀྱང་སྣང་བར་བྱེད།།

དེས་ན་འགྲོ་ལ་རྗེས་ཆགས་སྙིང་རྗེའི་དཔལ།།

བརྩེ་བས་ཐུགས་ནས་མ་འདོར་རིན་པོ་ཆེ།།

དེ་རིང་སྐུ་ཡི་གདུང་མཆོད་མར་མེའི་ངོགས།།

སྐྱོ་གདུང་མིག་ཆུའི་ཕྲེང་བ་བཞུར་བཞིན་དུ།།

མགྲིན་པའི་རྒྱ་ཡིས་བཙོན་དུ་མི་ཐོགས་པའི།།

ངུ་སྐད་དབྱངས་ཀྱི་མཆོད་པ་འདི་འབུལ་ལོ།།

གཤེན་རབ་བསྟན་པའི་མངའ་བདག་༧རྒྱལ་བ་སྨན་རི་བ་ཆེན་པོའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུའི་བཀོད་པ་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་སུན་འབྱིན་པའི་ཕྱིར་རེ་ཞིག་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་འདི་ས་སྟེང་བསྟན་འགྲོ་སྤྱི་དང་ཁྱད་པར་དུ་རང་ཅག་བོན་འབངས་རྣམས་ལ་གནོན་དུ་བྲལ་བའི་སྡུག་བསྔལ་ཆེན་པོས་གཟིར་བའི་སྐབས་འདིར་༧དཔལ་ལྡན་རྩ་བའི་བླ་མའི་གཟིམ་ཆུང་དྲི་བཟང་བྱིན་རླབས་ཀྱིས་ཁེངས་པའི་ནང་རྒྱལ་བའི་སྐུ་གདུང་གི་མདུན་སར་མིག་ཆུའི་ཕྲེང་བ་གདོང་ནས་ཁྲོམ་ཁྲོམ་དུ་བཞུར་ཞིང་གང་དྲན་གདུང་བའི་དབྱངས་ཀྱིས་དྲངས་པའི་ཚིག་བཅད་འདི་འབྲི་བ་པ་པོ་ནི་དམ་པ་གང་གི་ཐུགས་བརྩེའི་བཀའ་དྲིན་དང་བྱིན་རླབས་འོག་མི་ལོ་བཅོ་ལྔ་ལྷག་ལ་འཚོས་པའི་བསྐལ་བཟང་ཅན་བྱ་འཕུར་ཚང་གི་གདན་ས་འཛིན་པའི་གྲལ་དུ་སྙེགས་པ་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་༧གདན་ས་ཆེན་པོ་སྨན་རིའི་གླིང་ནས་སྒོ་གསུམ་གུས་པས་ཕྱག་དང་བཅས་ཏེ་ཕུལ་བའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *