རིན་པོ་ཆེ། ཁྱེད་གང་དུ་བཞུགས།

རྩོམ་ཡིག་འདི་ཐེངས། 2141 བཀླགས་འདུག

IMG_3443

༡༽སྙིང་ཁར་ཆུ་འཁྱག་ཕོར་བ་གང་བླུག་ཀྱང་འདི་ལས་ལྷག་པའི་གྲང་ངར་ཞིག་ཨེ་ཡོད། གཤིན་རྗེའི་འཕྲང་དུ་ཉི་མ་བརྒྱར་འགྲིམས་ཀྱང་འདི་ལས་ལྷག་པའི་སྡུག་བསྔལ་ཞིག་ཨེ་ཡོད། ཡོད་རྒྱུ་མ་རེད། ཅི་འདྲའི་གཏམ་ངན་རེ་རྣ་བར་ཐོས་རྒྱུ་འདུག ཅི་འདྲའི་གནས་ཚུལ་རེ་དྲ་ཐོག་ནས་མཐོང་རྒྱུ་འདུག གཏམ་ངན་དེས་ངའི་སྙིང་ཁ་དྲོན་མོ་འཁྱག་ལ་སྦྱར། གནས་ཚུལ་དེས་ངའི་སེམས་པ་སྐྱིད་པོ་སྡུག་གིས་མནན། ཉིན་དེའི་ཕྱི་དྲོར་ངའི་བླ་མ་དག་ཞིང་དུ་ཕེབས་འདུག་ཟེར། ཡིན་རྒྱུ་མ་རེད། བདེན་རྒྱུ་མ་རེད། ཉི་མ་དེར་ཡར་གྱི་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་ཡོད། བར་གྱི་ལྷ་སྲུང་ལ་དམ་ཚིག་བརྡར་བཞིན་ཡོད། ཡུལ་ས་གཞི་བདག་ལ་འཕྲིན་ལས་བཅོལ་བཞིན་ཡོད། ནག་ཕྱོགས་བདུད་སྲིན་ལ་སྦྱིན་པ་གཏོང་བཞིན་ཡོད། དཀོན་མཆོག་ཚོ་གང་དུ་གཤེེགས་སོང་། ལྷ་སྲུང་ཚོ་གང་དུ་བྲོས་སོང་། །

/

༢༽ རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ། ལུང་ཚིག་འདི་འདྲ་ཞིག་མདོ་ལུང་དུ་འདུག གཤེན་རབ་མི་བོ་ཡང་དེ་བཞིན་བདེ་བར་གཤེགས་འདུག སྐྱེ་བའི་མཐའ་མར་འཇིག་པའི་ངོ་བོ་ནི་འདིར་སྣང་གི་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་ཡིན་ངེས་ཞེས་མི་རྟག་སྒོམ་ཁྲིད་ཀྱི་སྙིང་པོ་རང་སྟེང་དུ་བླངས་ཤིང་ཨམ་གཙིགས་བསྡམས། དེ་བཞིན་རང་གིས་རང་ལ་སེམས་གསོ་ཞིག་བྱས་ནས་མིག་ཆུའི་འཕྲེང་ཐག་ཨུ་ཚུགས་ཀྱིས་བཅད། ཁ་པར་གྱི་གློག་སྒོ་བཙན་གྱིས་བཀག སེམས་སྡུག་གི་མུན་པ་རྒྱང་དུ་བདས། དངོས་གནས་བྱས་ན་བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་བླ་མར་མཇལ་སྐོར་ཞིག་བྱེད་རྒྱུའི་གྲ་སྒྲིག་བྱས་ཟིན་མོད། ངའི་བླ་མ་དམ་པ་དེ་རིང་ཕྱི་དྲོར་གློ་བུར་དུ་དག་ཞིང་དུ་འཕུར་ཟིན་འདུག ང་ནི་ཅི་འདྲིའི་ལས་མེད་ཅིག ང་ནི་ཅི་འདྲའི་དཀར་པོ་བསོད་ནམས་ཀྱིས་མ་འདང་བའི་མི་བུ་རེད།

/

༢༽ སྤྱིར་གོང་གི་གནས་ཚུལ་ངན་པ་དེ་ཐོས་སྐབས་ཕྲན་གྱིས་ཡོ་རོབ་ཀྱི་རྒྱལ་ཁབ་སུ་པན་ Spain གྱི་རྒྱལ་གཤེན་བོན་ཚོགས་དེར་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་ཀྱི་སྔོན་འགྲོའི་སྒོམ་ཁྲིད་བྱེད་ཁུལ་དུ་མཆིས། བློ་རྣལ་དུ་ཕབ་ཀྱང་དྲན་པའི་རྟོག་པ་རླུང་གིས་བྱེར། དམིགས་པ་རྩེ་གཅིག་ཏུ་གཏད་ཀྱང་མིག་ཆུའི་ཕྲེང་བ་གདོང་བར་འཛག སྟབས་སྟབས་པོར་སྒོམ་ཁྲིད་ཀྱི་མཚམས་བཞག་ནས་རྒྱ་གར་དོན་གཅོད་ཁང་དུ་ཐོང་མཆན་ཞུ་བར་བསྐྱོད་ཀྱང་ཐོང་མཆན་ཞུ་བར་ཨ་རིར་འགྲོ་དགོས་པའི་བརྡ་ལན་ཞིག་སྤྲད་བྱུང་། ད་འགྲིག་མ་སོང་། ངའི་བླ་མའི་སྐུ་གདུང་ཙམ་ལའང་མཇལ་རྒྱུའི་བསོད་ནམས་དང་བསྐལ་བ་མེད་པ་རེད་དམ།

/

༣༽ རིན་པོ་ཆེ། ངེས་དོན་གྱི་རིན་པོ་ཆེ། ས་སྟེང་གི་རིན་པོ་ཆེ། གནམ་འོག་གི་རིན་པོ་ཆེ། ཁྱེད་ད་ལྟ་གང་དུ་བཞུགས། ལྷ་དང་ལྷ་མོའི་སྤྱན་འདྲེན་གྱི་ཀློང་ནས་དག་པའི་ཞིང་དུ་བདེ་བར་འབྱོར་ཟིན་ནམ། ཀླུ་དང་དྲི་ཟའི་སྒྲ་དབྱངས་ཀྱི་ལམ་ནས་ཀུན་བཟང་གི་ཁྲི་ལ་ལེགས་པར་འཁོད་ཟིན་ནམ། རིན་པོ་ཆེ། ཕྱིར་ལ་ཐེངས་གཅིག་གཟིགས་དང་། མིག་ཆུ་གཅིག་ཏུ་བསྐྱིལ་ན་རྒྱ་མཚོར་མཉམ། སྡུག་བསྔལ་གཅིག་ཏུ་སྤུང་ན་རི་བོར་འགྲན། ངུ་སྒྲ་གཅིག་ཏུ་བསྡུས་ན་འབྲུག་སྒྲར་མཉམ། དེ་ནི་ང་ཚོ་སྟེ་ཁྱེད་ཀྱི་སྐྱབས་འོག་ཏུ་འཚོས་པའི་བོན་འབངས་ཚོ་ཡིན། ཁྱེད་ཀྱི་ཐུལ་འོག་ནས་གཉོམ་ལག་རྒྱས་པའི་དྭ་ཕྲུག་ཚོ་ཡིན། འོན་ཀྱང་། ང་ཚོས་ཤེས་ཡོད། ང་ཚོས་རྟོགས་ཡོད། ཁྱེད་ཀྱིས་འཇིག་རྟེན་འདིར་མཛད་པའི་འཕྲིན་ལས་གྲུབ་པས་རེད། ཁྱེད་ཀྱིས་བཤད་སྒྲུབ་བསྟན་པའི་དར་ཆེན་ནམ་མཁའ་ལ་ཕྱར་སོང་། ཁྱེད་ཀྱིས་ཤེས་རིག་ནོར་བུའི་ཉི་འོད་འཛམ་གླིང་ལ་སྤྲོས་སོང་། ཁྱེད་ཀྱིས་ལོ་རྒྱུས་བདེན་པའི་རྔ་ཆེན་ས་གཞི་རུ་བརྡུང་སོང་། ཁྱེད་ཀྱིས་མཐུན་སྒྲིལ་གསེར་གྱི་ཉག་ཐག་མི་རིགས་ལ་བསྟན་སོང་། ཁྱེད་ཀྱིས་རིས་མེད་སྤྱན་གྱི་ཞགས་པས་གྲུབ་མཐའ་ཀུན་མཐུད་སོང་། །

/

༤༽ རིན་པོ་ཆེ་ལགས། ཡང་ཅིག་ཞུས་ན། ཁྱེད་ཀྱིས་སྟོར་ལ་ཉེ་བའི་གཤེན་རབ་མི་བོའི་བཀའ་གསུང་རྣམས་ངལ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མ་མཛེམས་པར་འཛམ་གླིང་གི་དཔེ་མཛོད་དང་སློབ་གཉེར་བ་མང་པོའི་གསོས་སུ་བསྟབས་སོང་། ཁྱེད་ཀྱིས་ཉམ་ཐག་པའི་སློབ་བུ་སྟོང་ཕྲག་མང་པོར་མི་ཚེའི་རིན་ཐང་དང་ཤེས་རབ་ཀྱི་གནས་ལུགས་ངོ་སྤྲོད་གནང་སོང་། ཁྱེད་ཀྱིས་ཤེས་རིག་གི་ལང་ཚོ་རྒྱས་ཤིང་ལྷག་བསམ་གྱི་འོད་སྣང་ཉི་ཟླ་ལྟར་འབར་བའི་རིག་བཅུའི་རབས་འབྱམས་པ་བརྒྱ་ཕྲག་མང་པོ་བསྐྱེད་བསྲིང་གནང་སོང་། ཁྱེད་ཀྱིས་བོན་དགོན་བཞི་བརྒྱ་ལྷག་དང་ཤར་ནུབ་བོན་ཚོགས་མང་པོའི་གནས་གཞིར་ཐུགས་བསྐྱེད་དང་བྱིན་རླབས་སྤུངས་ནས་བཤད་སྒྲུབ་སྒོམ་གསུམ་གྱི་རྒྱལ་མཚན་ཕྱར་སོང་། ཁྱེད་ཀྱིས་ཞང་བོད་མེས་པོའི་ཞལ་ཆེམས་གཙིགས་སུ་བཟུང་སྟེ་བཅུ་ཕྲག་རིག་གནས་ཀྱི་མཛོད་སྒོ་ལེགས་པར་ཕྱེས་སོང་། ཁྱེད་ཀྱིས་སྐུ་ཉིད་ཀྱི་མཁྱེན་ཡོན་གཞི་རྩར་བཞག་ནས་ངེད་ཅག་ལ་དུས་རབས་གསར་པའི་བློ་གྲོས་ཀྱི་སྒོ་འཕར་ཡངས་པོ་ཕྱེས་སོང་། །

/

༥༽ རིན་པོ་ཆེ་ལགས། མདོར་ན་ཁྱེད་སྐུ་མཚན་དཔེའི་དཀྱིལ་འཁོར་རེ་ཞིག་ཀླུ་དབང་ལྷུན་པོར་ཡིབ་ཀྱང་གཞན་སུ་གང་གིས་ཀྱང་འགྲན་ཟླ་བྲལ་བའི་མཁྱེན་དཔྱོད་དང་མཛད་འཕྲིན་སོགས་རྒྱས་པའི་དབང་གིས་རིས་མེད་ཀྱི་མཁའ་ལ་འགྲིམས་པའི་བླ་དཔོན་སྐྱེས་ཆེན་རྣམས་པ་དང་། དགོན་སྡེ་གྲྭ་ཚང་། ཚོགས་པ་སྐྱིད་སྡུག མདོར་ན་ཤར་ནུབ་སྤྱི་སྒེར་སྟོང་ཕྲག་མང་པོ་ནས་ད་ལན་གཞན་དང་མི་འདྲ་བར་སྐུའི་གདུང་མཆོད་ལ་མྱ་ངམ་དང་དྲན་གསོའི་མིག་ཆུ་ཕྱུར་བུར་སྤུངས་པ་འདིས་རིན་པོ་ཆེའི་སྐུའི་མཛད་པ་དང་འཕྲིན་ལས་ཀྱི་འོད་སྣང་གང་ཡིན་པ་ཤུལ་ལུས་ཚང་མས་ལྷང་ངེར་དངོས་སུ་མཇལ་བས་རེད།

/

༦༽ རིན་པོ་ཆེ་ལགས། ཁྱེད་སྐུ་མཚན་དཔེའི་འདབ་མ་འཇིག་རྟེན་འདིར་གསར་དུ་འཁྲུངས་སྐབས་རྟགས་མཚན་མ་འདྲ་བའི་ལོ་རྒྱུས་མང་པོ་བྱུང་བ་རྒན་རབས་པའི་ངག་རྒྱུན་ལས་རྣ་བས་ཐོས་ཤིང། སྐུ་ཚེ་གང་པོར་གཞན་དོན་དུ་མཛད་པ་དང་འཕྲིན་ལས་ཀྱི་གདུགས་དཀར་མཁའ་དབྱིངས་སུ་ཕྱར་བ་ཆུ་བུར་མིག་གི་སྤྱོད་ཡུལ་དུ་གྱུར། ཁྱེད་སྐུ་མི་རྟག་མྱ་ངན་ལས་འདས་སྐབས་ཀྱང་རྨད་བྱུང་འདུལ་གོས་ཆ་བྱད་སྐུ་ལ་གསོལ། ཐུགས་དམ་ཉམས་བཞག་སྐྱིལ་ཀྲུང་དང་བཅས་ཏེ་ཕེབས་པ་འདིས་གདུལ་བྱའི་ཚོགས་ལ་སྐུའི་ཉམས་ལེན་གྱི་གདེངས་དང་བྱིན་རླབས་ཐོབ། རིན་པོ་ཆེ་ལགས། ཡང་ཡང་བསམ་ན་སྡུག་བསྔལ་མོད། མང་མང་བྲིས་ན་མིག་ཆུ་འཆོར། མཐའ་མའི་ཞུ་དོན། བདག་དང་མ་རྒན་(བླ་མ་མཚོ།)གཙོས་པའི་གདུལ་བྱའི་ཚོགས་རྣམས་ཚེ་རབས་དང་ཚེ་རབས་ཀུན་ཏུ་ཐུགས་རྗེས་གཟུང་དུ་གསོལ།། །།

/

བདག་གི་སྤྱི་གཙུག་གི་ཉི་མའམ་ས་མཐའི་ཡབ་ཆེན་དམ་པ་སྐུ་ཞི་བར་གཤེགས་པའི་གནས་ཚུལ་ཐོས་ཕྲལ་མྱ་ངམ་གྱི་གདུང་བ་དྲག་པོ་འགོག་ཐབས་བྲལ་བ་ཞིག་བྱུང་ཞིང་གནས་སྐབས་རིང་རང་སེམས་ངལ་གསོ་བའི་ཆེད་དུ་དཔོན་གསས་བླ་མ་དམ་པའི་རྨད་དུ་བྱུང་བའི་མཛད་པ་དང་འཕྲིན་ལས་ལ་དྲན་པའི་གཞུ་མོ་ཐེངས་གཅིག་བཀུགས་རྗེས་མཛད་རྣམས་ཡིད་ལ་གང་ཤར་ཙམ་ལྷུག་རྩོམ་གྱི་ཚུལ་གྱིས་སྐུའི་སློབ་བུའི་གྲལ་མཐའ་བ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་ཡོ་གླིང་སུ་པེན་ Barcelona, Spain གནམ་ཐང་དུ་སྐྱོ་བའི་ངུ་ངག་དང་བཅས་ཏེ་ཕུལ་བའོ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *