«མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས།»ཞེས་པ་ལས་འཕྲོས་ཏེ་ར་སེ་དཀོན་རྒྱམ་ལ་བགྲོ་གླེང་།

རྩོམ་ཡིག་འདི་ཐེངས། 2102 བཀླགས་འདུག

img_4632

                                                  གླེང་སློང་།

་་་་་་་་་་་་་་ཉེ་བའི་ལོ་ངོ་འདི་དག་རིང་བོད་ཕྱི་ནང་གཉིས་ཀར་ཤེས་ཡོན་པའི་སྡེ་ཚོགས་སུ་ཚ་ཚ་འུར་འུར་གྱི་རྣམ་པར་བྱུང་ཡོད༑ དཔེར་ན། གནའ་དཔེ་བསྡུ་སྒྲིག་དང་པར་སྐྲུན་སོགས་སྔར་ཡོད་མེས་པོའི་ཤུལ་བཞག་གཅེས་ཉར་དར་སྤེལ་གྱི་བྱ་བ་དང་། གསར་རྩོམ་གྱི་ཐད་ནས་གཙིགས་ཆེ་བའི་དཔེ་གཞུང་དེ་དག་གཙོས་ཡུལ་སྲོལ་གོམས་གཤིས་སོགས་དམངས་ཁྲོད་རིག་གནས་དང་བཅས་ལ་ཞིབ་འཇུག ཡང་རིག་ཚན་གསར་པ་ནང་འདྲེན་དང་བསམ་བློ་གསར་པའི་ཚ་རླབས་སོགས་གང་ལྟར་ཕྱོགས་གང་ཐད་ནས་གཤོམ་ཆེ་བ་ཞིག་བྱུང་ཞིང་། ཡོ་ལངས་རྣམ་པར་རྩེན་པའི་དུས་སྐབས་དེའི་ཁྲོད་དུ་སྐུ་ཞབས་ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཁྱེད་ནི་བྲེལ་ཟིང་ཆེ་བའི་མི་སྣ་ཞིག་ཀྱང་ཡིན་པ་འདྲ༑ གུས་རང་ཉིད་དམིགས་བསལ་གྱི་དུས་རབས་འདིར་ཁྱེད་རྣམས་དང་ལྷན་དུ་ཤེས་ཡོན་པའི་སྡེར་འཚང་ཕོད་པ་དང་སྟོབས་པ་ཡེ་མ་བྱུང་ན་ཡང་། དམིགས་བསལ་གྱི་དུས་སྐབས་འདི་རུ་སྐྱེས་པས་བོད་མི་རིགས་ཀྱི་སྐད་ཡིག་ལ་དགའ་ཞེན་དང་རིག་གཞུང་ལ་མོས་པ་ཙམ་གྱིས་ཞུགས་ཐུབ་པ་ནི་བསོད་སྐལ་དུ་སེམས་ཡོད༑ དེར་བརྟེན། ལོ་འདི་དག་གི་རིང་ལ་ཁོ་བོས་དུས་ཚོད་ཅི་ཡོད་བེད་སྤྱད་དེ་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་སྦྱོང་བ་ཅུང་ཙམ་བྱེད་སྐལ་བྱུང་ལ། མིག་སྔའི་ཤེས་ཡོན་པ་དག་གི་རྔུལ་ཆུས་སྐྲུས་པའི་ཕ་ཡིག་བརྩམས་ཆོས་གང་མང་མང་ཞིག་ཀྱང་བཀླགས་ཅི་ཐུབ་ལ་འབད་པར་ཞུགས་པ་ཡིན་པས། ཁྱེད་ཀྱིས་ནི་ཕྱོགས་གཉིས་ཀ་སྟེ། རིག་གཞུང་ལོ་རྒྱུས་དཔྱད་ཞིབ་ཀྱི་སྡེ་དང་བསམ་བློ་བློ་འབྱེད་ཀྱི་སྡེ་གཉིས་ཀར་ཞུགས་ཏེ་བརྩམས་ཆོས་གྲངས་འབོལ་སིགས་གཏོས་ཆེ་བར་སྤེལ་འདུག དེ་ཡང་གུས་རང་གིས་བཀླགས་མྱོང་བ་ལས་ལོ་རྒྱུས་གླེང་བརྗོད་སྐོར«འབྲི་གུང་ཆོས་འབྱུང་།»དང«དམ་ཆོས་དགོངས་པ་གཅིག་པའི་དགོངས་རྒྱན།»གཙོས་སྐྱོབས་པ་འཇིག་རྟེན་མགོན་པོའི་རྣམ་ཐར་སོགས་དང་། བསམ་བློ་སྤྱི་ཚོགས་ཀྱི་ཐད་ནས«རྟགས་ཙམ་འཛིན་པའི་ཆོས་པའི་སྐྱོ་གར།»དང«བོད་རེ་བ་ཅན།»སོགས་འགའ་ཡང་ཡོད༑

་་་་་་་་་་་་་་་་་ཡང་གཅིག་བཤད་ན་ཁྱེད་ནི་ལྟ་བ་གསར་རྙིང་གཉིས་ལས་གཉིས་ཀའི་ཕྱོགས་སུ་ཡོ་ཡོ་རེས་ཀྱི་རྣམ་པ་ཞིག་ཀྱང་མཐོང་བས་དེའི་གཉིས་ཀར་འདུ་ཟེར་ཡང་ཅིས་མི་ཆོག དཔེར་ན། «རྟགས་ཙམ་འཛིན་པའི་ཆོས་པའི་སྐྱོ་གར།»ལྟ་བུར་བལྟས་ན་རྩོམ་རིང་ཐུང་བཅུ་གྲངས་ཤིག་ཏུ་ཡང་ནས་བསྐྱར་དུ་དང་བསྐྱར་ནས་ཡང་བཟློས་བགྱིས་ཏེ། མཇུག་ཏུ“སྟོན་པ་ཤཱཀྱ་ཤུམ་གྱི་འདུག”ཅེས་པའི་རྩོམ་གཅིག་གིས་སྡོམ་བཀོད་དེ་ཆོས་པ་ཕལ་ཆེར་རྫུན་པར་སྒྲུབ་ཅིང་༑ «བོད་རེ་བ་ཅན།»སོགས་སུ་ལྟ་བ་གསར་པའི་རིགས་ལ་དམའ་ཕབས་ནས་དམ་པ་དགེ་རང་གཉིས་མཚན་གཞིར་བཀོད་དེ། ལྟ་བ་གསར་པ་ལ་རང་ཚུགས་མེད་ཅིང་རྟོགས་སད་ཡང་དག་ཅིག་འགྱུར་ཐུབ་ཡ་མེད་པའི་རྣམ་པ་མང་ཙམ་བསྟན་འདུག ཀུ་རེ་ཡིན། དེ་ལྟ་བུའི་ཕུང་གསུམ་དང་ངོ་གཉིས་པ་ཞིག་ཡིན་མི་སྲིད་ན་ཡང་གང་ལྟར་ཕྱོགས་གཉིས་ཐད་བསམ་གཞིག་རེ་གནང་སྟེ་བསམ་ཚུལ་འགའ་བརྗོད་པ་ནི། ཡི་རངས་འོས་པའི་གནས་འབའ་ཞིག་ལས་སྨ་འབེབ་ཅི་ལ་བྱེད་ཏེ། དེ་ལྟར་ཕྱོགས་གཉིས་ཀར་བལྟ་བ་དང་དེ་གཉིས་བར་ནས་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་ལྗགས་རྩོམ་སྤེལ་ཡ་ནི་ལས་སླ་པོ་ཞིག་མིན་པས་སོ།།

་་་་་་་་་་་་་་་་ ཉེ་བའི་ལོ་ཤས་ནང་དྲ་བའི་སྤྱོད་སྒོ་ཤུགས་ཆེར་དར་བ་དང་བསྟུན་རྩོམ་པ་པོ་མང་པོ་ཞིག་ཀྱང་དྲ་རྩོམ་པར་གྱུར་ཏེ་དྲ་བའི་སྟེང་ནས་སྡིངས་ཆ་མི་དམན་པ་རེའང་བཟུང་འདུག་པ་ལྟར། སྐུ་ཉིད་ཀྱིས་དྲ་རྩོམ་མང་པོ་བྲིས་ཤིང་སྤེལ་བ་ཡང་མཐོང་ཞིང་ཐོས་པས་རེ་ཟུང་བཀླགས་པ་ཡིན༑ དེ་དག་ལས་ཕལ་ཆེ་བ་བཀླགས་པའི་གླགས་མ་བྱུང་བས་མཐོང་ཐུབ་ཡོད་པ་ནི་ལོ་རྒྱུས་སྐོར་གྱི་རྩོམ་གཉིས་གསུམ་ཙམ་ལགས༑ «མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས་སྐོར།»ཞེས་པའི་དྲ་རྩོམ་འདི་ནི་ཉེ་ལམ་ཁྱེད་ཀྱི་དྲ་རྩོམ་དག་ལས་ཁ་བྱང་ལ་བལྟས་པ་ཙམ་གྱིས་བཀླག་བྲོད་པ་དང་། བཀླགས་ཟིན་རྗེས་བསམ་ཚུལ་བརྗེ་རེས་ཚུལ་གྱིས་བགྲོ་གླེང་བྱེད་འདོད་པ་ཞིག་ཀྱང་གྱུར་སོང་བས། ཚན་ཆུང་བདུན་གྱིས་གྲུབ་པའི་ཁྱེད་ཀྱི་རྩོམ་ཐུང་དེ་ལ་བགྲོ་གླེང་ཉུང་ངུ་ཙམ་འབུལ་འདོད་ཤིན་ཏུ་ཆེ་ན། གནམ་ས་གཉིས་ཀྱི་བདག་པོ་འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོའི་སྲས་ཀྱི་ཐུ་བོ་འབྲི་གུང་དཀོན་མཆོག་རྒྱ་མཚོའི་དགོངས་པ་ཡངས་མོ་མཁའ་དང་། ཟབ་པ་མཚོ་ཡི་འགྲན་དུ་བཞེངས་ནས་སྤྱན་དཀྱུས་རིང་ཙམ་གནང་བར་མཁྱེན་ཞེས་ཐོག་མའི་ཞུ་གསོལ་ཡིན༑

             དང་པོ། “མཚན་དོན”ཞེས་པ་ལས་འཕྲོས་པའི་བགྲོ་གླེང་།

་་་་་་་་་་་་་་་་་ཐོག་མར“ཁོང་གི་མཚན་ལ་ལོ་རྒྱུས་རྙིང་མ་རྣམས་སུ་བརྟགས་ན། གཤེན་རབ། གཤེན་རབ་མི་བོ་ཆེ། གནམ་བོན་གཤེན་པོ་ཆེ། སྟོན་པ་གཤེན་རབ་ཅེས་པ་ཡང་ཡང་ཐོན་གྱི་ཡོད་པར་གཞིགས་ན་གང་ཟག་མི་འདྲ་བ་གསུམ་བཞི་ཙམ་གྱི་མིང་ཡིན་པར་མངོན་པ་ལས། འདིར་གླེང་བྱ་ནི་གཤེན་རབ་མྱི་བོ་ཆོ་༼ཆེ༽ཞེས་པའི་གང་ཟག་དེ་ཉིད་ཡིན།”ཞེས་པ་སྟེ། སྡེ་ཚན་དང་པོའི་ཚིག་གྲུབ་ཐུང་ངུ་འདིར་ནང་འགལ་གྱི་རྣམ་པ་ཞིག་ཅི་བས་མཐོང་བས་གུས་ནི་ཡ་མཚན་པོ་བྱུང་༑ དེ་ལྟར་མིན་ན་ཁྱེད་ཀྱི་རྗོད་བྱེད་སྐད་ཆ་ལ་གནད་དོན་འདུག་པས་དེ་ལས་ཀྱང་ངོ་མཚར་བ་ཞིག་རེད་ཨང་༑ རྒྱུ་མཚན་ནི་བརྩམས་ཆོས་པོ་ཏི་བཅུ་ཕྲག་ལོངས་པ་སྤེལ་ཟིན་པའི་རྩོམ་པ་པོ་རྒན་པ་ཞིག་སྐད་ཆའི་མ་ལག་ཙམ་ལ་འགྲིག་ཐབས་མི་ཐོན་ན་ཅིས་མི་མཚར༑ ལོ་རྒྱུས་ཡིག་ཚངས་རྙིང་གྲས་རྣམས་ལ་བལྟས་ན་སྟོན་པ་གཤེན་རབ་མི་བོ་ཆེའི་མཚན་ལ་གཤེན་རབ་མྱྀ་བོ་ཆེ། གཤེན་རབ་མི་བོ། ཕ་གཤེན་རབ་མྱྀ་བོ་སོགས་མང་པོ་ཞིག་འབྱུང་གི་ཡོད་པས། དེ་དེ་ལྟར་བྱུང་ཞེས་བཤད་ན་དངོས་པོའི་གནས་ཚོད་དང་ཉེ་བས་བདེན་གཏམ་སྨྲ་བའི་སྙིང་སྟོབས་ཡོད་པར་མཚོན་ཐུབ་པ་ལས། ལ་རྒྱ་དང་གྲུབ་མཐའ་སོགས་ཤོར་འགྲོ་བ་ཅི་ཡང་མེད་པར་བསམ་མོད་ཚིག་མཇུག་སྡུད་སྟངས་ལ་དགོད་བྲོ་བ་ཞིག་ལགས༑

་་་་་་་་་་་་་གཞན་ཡང་སྟོན་པ་གཤེན་རབ་ཀྱི་མཚན་གྱི་རྣམ་གྲངས་ལས་ཕ་གཤེན་རབ་མྱྀ་བོ་ཆེ(1)ཞེས་པ་ནི། ཡིག་རྙིང་ཁག་ལས་གསལ་བའི་མཚན་ཐོབ་ཆེ་ཤོས་དེ་ཡིན་མོད་འདིར་ཁྱེད་ཀྱིས་མཚན་དེ་ཡི་ཟུར་ཙམ་མ་སྨྲས་པ་ལ་རྒྱུ་མཚན་མེད་དམ་སྙམ༑ དེ་ཡང་སྐུ་ཉིད་ཀྱི་ཚིག་མཇུག་ཏུ“ལོ་རྒྱུས་རྙིང་མ་རྣམས་སུ་བརྟགས་ན། གཤེན་རབ། གཤེན་རབ་མི་བོ་ཆེ། གནམ་བོན་གཤེན་པོ་ཆེ། སྟོན་པ་གཤེན་རབ་ཅེས་པ་ཡང་ཡང་ཐོན་གྱི་ཡོད་པར་གཞིགས་ན་གང་ཟག་མི་འདྲ་བ་གསུམ་བཞི་ཙམ་གྱི་མིང་ཡིན་པར་མངོན་པ་ལས། འདིར་གླེང་བྱ་ནི་གཤེན་རབ་མྱི་བོ་ཆེ་ཞེས་པའི་གང་ཟག་དེ་ཉིད་ཡིན།”ཞེས་པ་ནི་ལར་མནོ་བསམ་ཅི་ཡང་མ་བཞེས་པར་གང་བྱུང་ལབ་པའི་ལབ་རྡོལ་ཙམ་དུ་ཟད་དམ་སྙམ༑ དེ་ལྟར་མིན་ན་འདིར་ཁྱེད་ཀྱིས་གླེང་བྱ་གཤེན་རབ་མྱི་བོ་ཆེ་ཞེས་པ་དང་སྟོན་པ་གཤེན་རབ་བཅས་གང་ཟག་ཐ་དད་པ་རེ་རེ་ཡིན་པའི་སྒྲུབ་བྱེད་ཁུངས་བཙུན་ལ་གཏན་ཚིགས་ཆེ་བ་གང་ཡོད་གསུང་རོགས་གནོངས༑ གུས་པས་ནི་ཡོད་པར་མི་སྙམ་པས་གོང་གི་ཚིག་དེ་དག་མཐོང་འཕྲལ་བདག་ཉིད་ལ་གསལ་བར་དྲན་པ་ནི། ཚ་སྒང་བློ་གྲོས་དཔལ་ལྡན་ལགས་ཀྱིས«སྡོམ་གསུམ་རབ་དབྱེའི»སྐོར(2)ནས་ཁྱེད་ལ་གཏམ་ཁ་ཤས་ཞུས་འདུག་པའི་རྩོམ་ལེགས་དེ་ཡིན་ཅིང་། དེ་བས་འབྲི་སྨྱོན་ཞེས་པ་སོགས་མིང་དང་ཚིག་རྣོ་པོ་དེ་དག་གོ། འོན་ཀྱང་། བདེན་པ་གཅིག་ཙམ་ཡོད་པ་ནི་གཤེན་རབ་ཅེས་པ་དེ་མཐའ་གཅིག་ཏུ་གཤེན་རབ་མི་བོ་ཆེའམ་སྟོན་པ་གཤེན་རབ་ལ་འཇུག་པའི་ངེས་པ་མེད་པ་དེ་རེད༑ ཞོར་དུ་གནམ་བོན་གཤེན་པོ་ཞེས་པའི་ཐ་སྙད་ཅིག་ཀྱང་བསྣམས་འདུག་པ་ལ་དགོས་པ་རྒྱུ་མཚན་འགའ་ཞིག་ཡོད་ན་མ་གཏོགས་ཐ་སྙད་འདི་ནི་གཤེན་རབ་མི་བོ་ཆེ་དང་འཁྲུལ་གཞི་མེད༑ གུས་པས་ནོར་མེད་ན་ཡིག་རྙིང་དག་ལས་བྱུང་བའི་གཤེན་རབ་མི་བོ་ཆེའི་མཚན་གྱི་རྣམ་གྲངས་དེ་དག་མི་སྣ་ཁ་ཁ་སོ་སོ་བ་རེ་རེ་ཡིན་པར་སྒྲུབ་པ་འདི་ལ་ཀུན་སློང་མི་མངོན་པ་ཞིག་ཡོད་དམ་སྙམ༑

           གཉིས་པ། “འཁྲུངས་ཡུལ”ཞེས་པ་ལས་འཕྲོས་པའི་བགྲོ་གླེང་།

 

་་་་་་་་་་་་་་་་་་དེ་ཡང་སྡེ་ཚན་གཉིས་པར་གཤེན་རབ་མི་བོ་ཆེའི་རིགས་རུས་ཀྱི་ཁུངས་དང་འཁྲུངས་ཡུལ་སོགས་གླེང་འདུག་པ་ལས“དམུ་ཡུལ་ནི་བོད་ཡུལ་ཧྲིལ་པོའི་ས་མིང་ལས། གཙང་རོང་དུ་དམུ་ཡུལ་ཞེས་པ་ཞིག་དང་། ཀོང་པོ་བྲག་གསུམ་དུ་དམུ་པ་ཞེས་པའི་སྡེ། ཀོང་པོ་བོན་རིར་དམུ་རི་སྨུག་པོ་ཞེས་དང་། ཁམས་ཤར་ཕྱོགས་སུ་དམུ་གླིང་ཞེས་པའི་ཡུལ་གྲུ་དང་། རྒྱལ་མོ་དམུ་རྡོ་ཞེས་གསལ་བར་གཞིགས་ན་དབུས་སམ་ཤར་ཕྱོགས་སུ་གནས་པའི་དམུ་ཞེས་པའི་རིགས་སུ་བྱོན་པར་གསལ་ལ། ཏུན་ཧོང་ཡིག་ཆར་གསལ་བའི་དམུ་ཡུལ་ངམ་འབྲང་ལྕགས་འབྲང་ནི་ད་ལྟ་སྤོ་ཡུལ་དུ་ངོས་འཛིན་པས། དེ་ཕྱོགས་སམ་དེ་དག་དང་ཉེ་བའི་ཡུལ་ཞིག་ཡིན་པར་མངོན་གྱི་ཡོད་ལ། ཁོང་གི་མེས་པོ་རྣམས་ཡུལ་དེ་དག་ལས་བྱུང་བ་ཞིག་ཡིན་པར་གསལ་བཤད་བྱུང་ཡོད།”ཞེས་གསལ་བའི་ཚིག་དུམ་འདིར་སྐད་ཆའི་ཐད་ནས་གནད་དོན་སྔར་ལྟར་ལྷག་འདུག་པར་མངོན་མོད། ཚུལ་འདི་ལྟ་བུ་ནི་ཁྱེད་ཀྱི་ཁྱད་ཆོས་ཤིག་ཏུ་འཁུམས་པར་སྣང་བས་གནས་སྐབས་གང་ཡང་སྨྲ་བར་མི་བྱ༑ འོན་ཀྱང་། སྟོན་པ་གཤེན་རབ་མི་བོ་ཆེའི་རིགས་རུས་ཀྱི་ཁུངས་དམུ་ཞེས་པ་འདི་ཡིན་ཚུལ་བརྗོད་འདུག་པ་ནི་ཆེས་ཡིད་རྟོན་རུང་བའི་གཏམ་དུ་འདོད༑ རེད་དེ། ཁྱེད་ཀྱིས་གསུང་བ་ཇི་བཞིན་དབུས་སམ་ཤར་ཕྱོགས་སུ་གནས་པའི་དམུ་ཞེས་པའི་རིགས་རུས་སུ་བྱོན་མིན་ད་དུང་དཔྱད་པའི་གཞི་རུ་ངེས་པས། དེ་ལྟར་གསལ་ཞེས་ཚིག་ཐག་ཆོད་པོས་བསྙད་འདུག་པར་ལོ་རྒྱུས་ཀྱི་ཁུངས་བཙུན་པ་གང་ཡོད་དངོས་སུ་དྲངས་ཤིག གཞན་ལོ་རྒྱུས་སྨྲ་སྐབས་ཁུངས་བཙུན་པའི་རྒྱུ་མཚན་འདྲེན་དུ་མེད་པ་དང་ཡོད་དགོས་པའི་ཞིབ་ཆ་དང་བྲལ་ན། ད་སྐབས་སྔར་ལྟར་ཡིད་ཆེས་ཀྱིས་ལྟེམས་པའི་མི་སེམས་དཀོན་པས་ཆ་འཇོག་ཅི་ཡང་མི་བྱེད་དོ།། ཁྱེད་ཀྱི་རྩོམ་དག་ལ་བལྟས་ན་འདི་ལྟ་བུའི་ཐད་ངན་ལོངས་ཤོར་བསྡད་པའི་རྣམ་པ་མཐོང་(3)བས་གཏམ་འདི་ནི་བརྗེད་བྱང་དུའང་བཀོད་པའང་ཡིན༑

་་་་་་་་་་་་་་གཞན་དབུས་ཀྱི་དམུ་ཡི་རིགས་སུ་བྱོན་བར་འདོད་པའི་གཏན་ཚིགས་ནི་འོག་ཏུ་གཤེན་རབ་ཀྱི་འཁྲུངས་ཡུལ་ཐད་ནས་སྒྲུབ་བྱེད་ཁ་ཤས་བཀོད་འདུག་པ་དེ་ཙམ་ཡིན་ན་ནི་ཤིན་ཏུ་ཉམས་ཆུང་སྟེ། ཅི་སྐད། “འཁྲུངས་ཡུལ་འོལ་མོ་ལུང་རིང་ཞེས་པ་དེ་ཉིད་གང་དུ་ངོས་འཛིན་སྙམ་ན། བོད་དུ་འོལ་མོ་ལུང་རིང་ཞེས་པ་དངོས་ནི་ད་ལྟ་ལྷོ་ཁའི་འོལ་ཁ་ཞེས་པའི་ཡུལ་འདི་ཡིན་པར་མངོན། ཡིན་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། ལྷོ་བྲག་དགའ་ཐང་འབུམ་པ་ལས་ཐོན་པའི་ཡིག་ཆ་གནག་རབས་ཞེས་པའི་ཤོག་ངོས་༢༦ལས། འོལ་ཕུ་གཡང་གང་ན། འོལ་ཕུ་ལུང་རིངས་ན། འོལ་ཕུ་རྒ་དང་། འོལ་གྱི་སྤང་ཟངས་ན། ཞེས་གསལ་པོར་འཁོད་འདུག”ཅེས་ཟེར༑ «དགའ་ཐང་འབུམ་པའི་ཡིག་རྙིང་།»(4)དུ་ལུང་ཚིག་དེ་ལྟར་བྱུང་བ་བདེན་ཡང་ལུང་དེ་ལས་བྱུང་བའི་ས་ཆ་རྣམས་ལྷོ་ཁ་རང་ན་ངོས་འཛིན་ཆོག་པའི་བདེན་པ་གང་ཡང་རྙེད་དུ་མེད༑ «དགའ་ཐང་འབུམ་པའི་ཡིག་རྙིང་།»ལྷོ་ཁ་ནས་རྙེད་པས་དེ་ལས་གསལ་བའི་ས་མིང་འདི་ཡང་ལྷོ་ཁར་གོ་དགོས་ཟེར་ན་ནི་དེ་ལས་བླུན་གཏམ་ཞིག་ག་ལ་ཡོད༑ མ་གཞི་གོང་དུ་གསལ་བའི་ལུང་དག་ལས་འོལ་ཕུ་ལུང་རིང་ཟེར་བ་དེ་སྟོན་པ་རང་ཉིད་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིང་ཡིན་པའི་ཚུལ་ཅི་ཡང་མི་གསལ་སྟེ། སྨྲ་ཡུལ་ཐང་བརྒྱད་ཅེས་པའི་ས་ཆ་ཞིག་ཏུ་མི་བསད་འཁྲུགས་རྩོད་བྱུང་བར་གཤེན་རབ་མི་བོ་ཆེ་ས་དེར་ཕེབས་པ་ལ། སྒམ་ལྷ་བོ་ལྷ་སྲས་ཀྱི་བཞུགས་ཡུལ་འོལ་ཕུ་གཡང་གང་དང་འོལ་ཕུ་ལུང་རིང་དུ་སྒམ་ལྷ་བོ་ལྷ་སྲས་ལ་དེའི་སྐོར་ཞུ་རུ་ཕེབས་པའི་རྣམ་པ་ཙམ་དུ་ཟད(5)༑ དེར་བརྟེན། ལྷོ་བྲག་ནས་རྙེད་པའི་ཡིག་རྙིང་འདིར་གསལ་བའི་འོལ་ཕུ་ལུང་རིང་ཞེས་པ་དེ་ད་ལྟའི་ལྷོ་ཁའི་འོལ་ཁ་ཞེས་པ་ཡིན་པ་དང་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་ཡིན་པར་སྨྲས་པ་ནི། ཞྭ་དཔེ་ལྷམ་དང་རྡོ་ཆགས་བཙན་གྱིས་སྒྲིག་པའི་དཔེ་ཟླ་འབའ་ཞིག་གམ་སྨྱོ་ལབ་ལྟ་བུ་ལས་རྒྱུ་མཚན་མ་མཐོང་བས། གལ་སྲིད་བརྟན་ཚུགས་པའི་གཏན་ཚིགས་འདྲ་ཡོད་ན་ལོ་རྒྱུས་འབྲི་སྐབས་འཛེམ་པ་མེད་པར་འདྲེན་དགོས་ཀྱི། ཡིག་ཚོགས་སོགས་འཇིགས་ཞེས་སྐྱུང་བའི་རྣམ་ཐར་འཆང་མི་ཉེས་པ་ནི་ངེས་པར་མཁྱེན་དགོས་པའི་གནད་དང་པོ་ཡིན་ནོ།།

་་་་་་་་་་་་་་་ “རྒྱུ་མཚན་གཞན་ཞིག་ནི་ཡིག་ཐོག་ཏུ་རྙེད་དཀའ་བའི་ལོ་རྒྱུས་ཀྱི་ཤུལ་རྗེས་ཏེ། འོལ་ཁའི་སླེ་ལུང་གི་ལུང་པའི་ནང་དུ་གཤེན་རབ་མྱི་བོའི་སྒྲུབ་ཕུག་དང་། གཤེན་རབ་ཀྱི་བཞུགས་གནས། གཤེན་རབ་ཀྱིས་རྩོད་པ་མཛད་ས། གཤེན་རབ་ཀྱི་ཕྱག་བྲིས་སོགས་ཡོད་ས་ཞེས་པའི་ས་མིང་རྣམས་དམངས་ཁྲོད་ཀྱི་ངག་རྒྱུན་དུ་མ་ཉམས་པ་འདི་དང་འདི་ཞེས་གནས་འདུག”ཅེས་པ་འདི། གཏན་ཚིགས་ཆེའོ་ཟེར་ན་ནི་མཁས་རྣམས་ཁྲེལ་ཞིང་དགོད་རྒྱུ་ཡོང་བ་ལས་གནས་ལུགས་ཡ་མཚན་འདུག་སྙམ་པར་མི་བྱེད་དེ། གཤེན་རབ་མི་བོའི་སྒྲུབ་ཕུག་དང་བཞུགས་གནས། རྩོད་པ་མཛད་ས། ཕྱག་བྲིས། ཞབས་རྗེས། བོན་འཁོར་སྐོར་ས་སོགས་ཡོད་པ་ཙམ་གྱིས་ས་ཆ་དེ་གཤེན་རབ་ཀྱི་འཁྲུངས་ཡུལ་དུ་ངོས་འཛིན་ཆོག་ན། བོད་ཀྱི་ས་ཆ་མང་པོ་ཞིག་ཀྱང་གཤེན་རབ་ཀྱི་འཁྲུངས་ཡུལ་ཡིན་དགོས་པས་མི་གཅིག་ལ་ལྟེ་ཁྲག་འཐོར་ས་དེ་ཙམ་མང་བ་ནི་ཆེས་ཡ་མཚན་གྱི་གནས་ཡིན་ཅིང་། དེ་བས་དེ་ལྟ་བུའི་གཏམ་རྒྱུད་ཤོད་སྲོལ་དང་ས་དམིགས་ངོས་འཛིན་ཇི་ཙམ་མང་ཉུང་བསྡུར་ཏེ་དཔྱད་ན་ཀོང་པོ་ནི་གཤེན་རབ་ཀྱི་འཁྲུལ་ཡུལ་འཁྲུལ་མེད་ཅིག་ཀྱང་ཡིན་པ་ངོས་འཛིན་ཆོག་ཨང་༑ དེས་ན་འདིས་གཤེན་རབ་ཀྱི་འཁྲུངས་ཡུལ་ཐད་ནས་བདེན་དཔང་ཅི་ཡང་མི་ལོ་ན་ཡང་། འདི་ལྟ་བུ་དམངས་ཁྲོད་ཀྱི་ངག་རྒྱུན་དང་གནས་ཚུལ་དག་ནི་ལོ་རྒྱུས་དཔྱད་ཞིབ་ལ་ཤིན་ཏུ་མཁོ་ཆེ་བས་གངས་ར་བས་སྐོར་བའི་ལྗོངས་ཆེན་པོ་འདིར། མེས་པོ་གཤེན་རབ་མི་བོ་ཆེས་བཞག་པའི་བག་ཆགས་དང་ཤུགས་རྐྱེན་སོགས་མཚོན་ཐུབ་པ་ལྟར། འུ་ཅག་ལ་དཔྱད་གཞི་གང་ལ་གང་འཚམས་ཕུལ་ཡོད་པ་ནི་གདོན་མི་ཟ་བས་དེ་ལ་དེ་བཞིན་གྱིས་བཀོལ་སྤྱོད་བྱ་ཤེས་དགོས་སོ།།

་་་་་་་་་་་་་་ཡང“འོལ་ཁའི་སྟག་བཤེར་ལུང་པ་དེ་ཉིད་ཀྱི་སྒྲ་ཟུར་ཉམས་ནས་སྟག་ཟེར་དང་སྟག་ཟིག་ཅེས་པར་འགྱུར་བ་དང་། སྟག་ཟིག་འོལ་མོ་ལུང་རིང་ཞེས་པ་བྱུང་བ་ཡིན་སྲིད་པ་ཞིག་ཏུ་སྣང་”ཞེས་སྟག་གཟིག་ཞེས་པ་དེ་ཡང་ལྷོ་ཁ་འོལ་ཁའི་སྟག་བཤེར་ལུང་པའི་སྒྲས་ཟུར་ཆགས་ཟེར་བ་དེ་ཡང་ཡིད་ངོར་འཆར་མི་ཐུབ་ཞིག་ཏུ་སྣང་༑ རྒྱུ་མཚན་སྟག་བཤེར་ཞེས་པ་སྟག་གཟིག་ཏུ་འགྱུར་ཞེ་ན་ཡེ་ནས་འགྱུར་ཐབས་མེད་པ་ཞིག་རེད་ལ། སྟག་བཤེར་དེ་ཐོག་མར་སྟག་ཟེར་དང་དེ་ནས་སྟག་གཟིག་ཏུ་གྱུར་ཟེར་ན་དེ་ཡང་སྟག་གཟིག་གི་སྐད་དོད་ལ་སྟག་ཟེར་ཞེས་སྣང་བའི་ཁུངས་གང་ཞིག་ཡོད་དམ། འདི་ལྟ་བུའི་རིགས་སྐད་བརྡ་རིག་པའིལམ་ནས་སམ་སྐད་ཡིག་གི་གྲུབ་ཚུལ་ཐད་ནས་སྨྲ་བར་བྱ་བ་ཡིན་པ་ལས། གང་བྱུང་ཚོད་དཔག་གིས་ཡོང་བ་ཞིག་མ་ལགས་སོ་མཁས་དབང་རིན་པོ་ཆེ༑ “གཞན་ཡང་འོལ་ཁ་དང་ཅུང་ཐག་ཉེ་བའི་ལྷོ་ཁའི་འོན་ལུང་པ་འདི་ཉིད་འོན་མོ་ལུང་རིང་ཡིན་པའི་ཚུལ་ཡང་སྣང་སྟེ།”ཞེས་པ་སོགས། ཁྱེད་ནས་མཐའ་གཅིག་ཏུ་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་འོལ་མོ་ལུང་རིང་ངམ་སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་དེ་དབུས་ཀྱི་ཕྱོགས་སུ་སྒྲུབ་ཅི་ཐུབ་བྱེད་པ་འདི་གྲུབ་མཐའི་ལ་རྒྱ་རུ་དམིགས་པ་མིན་ན། གཞན་གཏན་ཚིགས་ཆེ་བའི་ལུང་དང་རིག་པའི་དཔང་པོ་གང་ཡང་མཐོང་མ་སོང་༑ «དམ་ཆོས་དགོངས་པ་གཅིག་པའི་འགྲེལ་ཆེན།»དུ“དེ་ལ་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི་དུས་སུ། དབུས་ངམ་ཤོད་འོན་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཅིག”(6)ཅེས་གསལ་བ་ལྟར་ན་ངས་ཚོད་དཔག་བྱས་པ་ནོར་མི་འདུག ཁྱེད་ནི་ཡང་དག་པ་སྐྱོབས་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་ཀྱི་སྲས་མཆོག་ཐུ་བོ་ཆེ་དེའོ།།

་་་་་་་་་་་་་་་དེ་ལྟར་མིན་ན་མཐའ་གཅིག་ཏུ་ཨ་ཚུགས་བཙན་གྱིས་འཇིག་རྟེན་མགོན་པོའི་གསུང་བསྒྲོས་གང་ཡོད་བདེན་པར་སྒྲུབ་ཐབས་ལ་ཤ་འབད་རུས་འབད་དགོས་དོན་མི་འདུག་སྟེ། བོན་གྱི«མདོ་གཟེེར་མིག»(7)དང«མདོ་འདུས།»(8)གཙོས་ཡིག་རྙིང་དག་དང་མཐུན་པར་ཡོངས་གྲགས་ཡིན་པའི་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་གངས་ཏི་སེའི་ཉེ་སྐོར་ལ་ཁས་བླངས་རུང་ཅི་ནོན༑ དེ་ཡང་ད་ཐེངས་འདིར་ཁྱེད་ཀྱི་དཔྱད་གཏམ་དག་ལ་བགྲོ་གླེང་ཅུང་ཟད་ཞུ་བ་ཙམ་ལས་རང་ཉིད་ཀྱི་ལོ་རྒྱུས་དཔྱད་ཞིབ་ལས་ཐོབ་པའི་དཔྱད་གཏམ་རྣམས་ཞུ་འདང་མེད་ན། གཤེན་རབ་མི་བོ་ཆེའི་རིགས་རུས་དང་འཁྲུངས་ཡུལ། འཁྲུངས་དུས། མི་སྣ་གང་འདྲ་ཞིག་ཡིན་པ་སོགས་ཀྱི་ཐད་ནས་གུས་པས«གཤེན་རབ་མི་བོ་ཆེའི་སྐུ་ཚེའི་རྣམ་ཐར་སྐོར་ཅུང་ཟད་དཔྱད་པ།»ཞེས་པའི་ཆེད་རྩོམ་ཞིག་བྲིས་ཡོད་པས། རྗེས་སུ་ལེགས་འབུལ་ཞུ་ཆོག

         གསུམ་པ། “བྱོན་དུས།”ཞེས་པ་ལས་འཕྲོས་པའི་བགྲོ་གླེང་།

 

་་་་་་་་་་་་་་་་དེ་ཡང“གཤེན་རབ་ཀྱི་བྱོན་དུས་ལ་ལོ་རྒྱུས་རྣམས་སུ་མི་འདྲ་བ་ཆེས་མང་བས། གཤེན་རབ་ཀྱི་མཚན་ཅན་འགའ་ཤས་བྱོན་པ་ཡིན་སྲིད་པ་ལྟ་བུ་ཡོད་ལ། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་པ་ལ་ལས་དུས་རབས་བདུན་པ་དང་བརྒྱད་པ་ཙམ་ལ་གཤེན་རབ་མྱི་བོ་ཞེས་བྱོན་པར་འདོད་ནའང་། སྤྱི་ལོའི་སྔོན་གྱི་༡༡༧པ་ཤིང་བྱི་ལོ་ལ། བཙན་པོ་གཉའ་ཁྲི་ནས་བརྩིས་པའི་རྒྱལ་རབས་དྲུག་པའི་དུས་ཙམ་ན་བྱོན་པར་ངེས་ཏེ།”ཞེས། གཤེན་རབ་མི་བོ་ཆེའི་འཁྲུངས་ཚིགས་ལ་བཤད་ཚུལ་མི་འདྲ་བ་ཆེས་མང་བར་བཤད་ཀྱང་། སྟོན་པ་ཤཱཀྱའི་འཁྲུངས་འདས་ལོ་ཚིགས་ཐད་ནས་མི་རིགས་གཞན་གྱི་ཤོད་སྲོལ་ཕུད་པའི་བོད་ཀྱི་ལོ་རྒྱུས་རྐྱང་པའི་ཁྲོད་ན་ཡང་ཉི་ཤུ་ལྷག་ཙམ་ཡོད་(9)ཅེས་གྲགས་པས། སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་དེ་དང་བསྡུར་ན་ཤོད་ཚུལ་མི་མཐུན་ཆེས་ཉུང་ངུ་ཙམ་ཡིན༑ གཞན་ཡང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་པ་ལ་ལས་དུས་རབས་བདུན་པ་དང་བརྒྱད་པ་ཙམ་ལ་གཤེན་རབ་མི་བོ་ཆེ་ཞེས་བྱོན་པར་བཤད་ཡོད་ཀྱང་། དེ་ནི་ཅུང་མི་འགྲིག་པས་ངས་དེ་ལས་སྔ་བ་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བརྩིས་པའི་རྒྱལ་རབས་དྲུག་པའི་དུས་ཙམ་ན་བྱོན་པར་ཁས་ལེན། ཟེར་བ་ལྟ་བུའི་ཚིག་གི་ཡི་གོ་རིམ་དང་བཤད་སྟངས་ལ་དཔག་ན་ཅུང་གཡོ་སྒྱུ་མེད་དམ་སྙམ༑ རྒྱུ་མཚན་ནི་བོན་པོ་རྣམས་དགའ་བའི་ཆེད་དུ་རྒྱལ་སྤྱིའི་སྟེང་གི་མི་སྣ་སྐད་གྲགས་ཅན་ཁ་ཤས་ཀྱིས་སྟོན་པ་གཤེན་མི་བོ་ཆེ་དེ་ཙམ་བྱུང་སྔ་བར་ཁས་ལེན་གྱི་མི་འདུག་ན་ཡང་། ངས་ཁས་ལེན་གྱི་ཡོད་ཉམས་བཟོ་བསྟན་ནས་དོན་དུ་རང་ཉིད་འདོད་ཕྱོགས་སྒྲུབ་པ་ཙམ་དུ་ཟད་པར་སྣང་༑ དེ་མི་བདེན་ན་བསྙོན་འཛུགས་རེད་པས་བདེ་བར་གཤེགས་པའི་ཕྱོགས་ལ་མཐོལ་བཤགས་འབུལ་ལོ།།

། །

་་་་་་་་་་་་་་་་ཡིན་ན་ཡང་ཁྱེད་ཀྱིས་རྒྱལ་སྤྱིའི་བོད་རིག་པ་བ་ཟེར་བ་དེ་ཚོ་ནི་དོན་དམ་པར་བོད་དང་ལྷག་པར་བོན་ལ་རྒྱུས་མངའ་དེ་ཙམ་མི་མཁན་དག་ཡིན་གྱི། གཞན་ཚན་རིག་གི་དཔྱད་ཐབས་སམ་གནའ་རྫས་རིག་པ་སོགས་ཀྱི་སྟེང་དུས་རབས་བདུན་པ་དང་བརྒྱད་པའི་ཡར་སྔོན་དུ་བྱུང་བར་བདེན་དཔང་རྙེད་པའི་དཔེ་རྙིང་དང་གནའ་རྫས་དག་ལས། བོན་དང་གཤེན་རབ་མི་བོ་ཆེ་གཉིས་ཀ་བྱུང་ཟིན་པའི་བདེན་ར་ཨ་གསལ་སྤྲད་ཟིན་པས་དེ་ལྟར་སྨྲ་བའི་ཁུངས་མེད་དོ།། དེ་ལས་ལྡོག་སྟེ། རང་རེའི་བོད་ཀྱི་ཚད་མཐོའི་ཤེས་རིག་དང་དམངས་ཁྲོད་རིག་གནས། ཆོ་ག་ཕྱག་ལེན་ཡན་ཆོད་སྦྱོང་པ་དང་ལག་ལེན་ཡོད་པ་མ་ཟད་ཞིབ་འཇུག་གཏིང་ཟབ་གནང་མྱོང་བའི་ངེས་དོན་གྱི་རྒྱལ་སྤྱིའི་བོད་རིག་པ་བ་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་(10)དང་། མཁས་དབང་ནམ་མཁའི་ནོར་བུ་མཆོག་(11)གཙོས་པའི་མང་པོ་ཞིག་གིས་ནི། རང་རེའི་གནའ་བོའི་ཤེས་རིག་བོན་གྱི་རིག་གནས་དང་དེ་ཉིད་སྲོལ་གཏོད་པོ་སྟོན་པ་གཤེན་རབ་མི་བོ་བཅས། དོན་དངོས་པོའི་སྟེང་འཛམ་གླིང་འདིར་བྱོན་ནས་ད་ལྟའི་བར་མི་ལོ་བཞི་སྟོང་ཡས་མས་ཉེ་བར་བྱུང་ཚུལ་གསུང་ཡོད་པས་དེ་དག་ཆ་འཇོག་རུང་བ་ཡིན་གྱི། བོད་ཀྱི་སྐད་ཡིག་མི་ཤེས་པ་དང་ཡང་ན་ཤེས་ཀྱང་ད་མ་དིག་ལས་མེད་པའི་མགོ་སེལ་སྤྲེའུ་རིགས་ལ་དེ་ཙམ་ཚད་མར་འཛིན་དོན་མེད་དོ་སྙམ་མོ།། རེད་དེ། ཁྱེད་ཀྱིས་ནི་དེ་དག་གི་སྐོར་ནས་ཟུར་ཙམ་ཡང་མ་གསུང་བ་མ་ཟད། སྐྱར་དུ“རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི་དུས། དབུས་ངམ་ཤོད་འོན་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཅིག འདྲེས་ལོ་བཅུ་གསུམ་བར་དུ་བོད་ཁམས་ཅམས་ཅད་དུ་ཁྲིད་ནས། ལོ་ཉི་ཤུ་རྩ་དྲུག་ལ་མིའི་ནང་དུ་ཚུད་པ་ལ”(12)ཞེས་སོགས«དམ་ཆོས་དགོངས་པ་གཅིག་པའི»དགོངས་དོན་ཇི་བཞིན་བཤད་འདུག་པ་འདི་ནི་སྐྱེ་གཡའ་བའི་གནས་ཚུལ་ཞིག་རེད༑ ཚུལ་འདི་ནས་དཔག་ཐུབ་པ་ནི་དོན་ངོ་མ་ཁྱེད་ནི་ལོ་རྒྱུས་དང་རིག་གཞུང་ལ་དཔྱད་སྟོབས་ཤིག་དང་སྲོ་མ་ལས་ཆུང་ཞིང་། གཟུ་བོར་གནས་པ་ལ་སྙིང་སྟོབས་ཀྱི་སྤུ་ཉག་ཕྲ་མོ་ཙམ་ཡང་མེད་པར་གྲུབ་མཐའི་ལ་རྒྱའམ་ཞེན་ཕྱོགས་འབའ་ཞིག་ཏུ་དབུ་འཁོར་བའི་མི་བུ་བཅོལ་ཆུང་ཞིག་ཏུ་སྣང་བར་བྱེད༑ དེར་བརྟེན་དུས་རབས་གསར་པའི་རྗེས་སུ་མཐུན་པའི་ལེགས་ཉེས་བླངས་དོར་གྱི་རྒྱུ་འབྲས་བློ་མིག་ཅན་ཞིག་ཀྱང་ཡེ་ནས་མིན་པའི་ངང་ཚུལ་ལྷངས་ལ་བུད་འདུག

་་་་་་་་་་་་་་་བོད་ཀྱི་རྒྱལ་རབས་དེབ་ཐེར་ཁག་དང་བོན་གྱི་བསྟན་འབྱུང་དག་ལས་གསལ་བ་ཇི་བཞིན། དོན་དུ་གྲི་རུམ་བཙན་པོའི་ཡབ་ཀྱི་སྐབས་སུ་བོད་ལ་བྱུང་བའི་བོན་ནམ་ཆོས་དེ་ནི་ལྷ་དབང་ཕྱུག་གི་རྗེས་སུ་འབྲངས་བའི་ཆོས་པ་ཁག་ཅིག་བྲུ་ཤའི་ཡུལ་ནས་བོད་དུ་སླེབས་ཏེ་སྤེལ་བ་ཞིག་ཡིན(13)པ་ལ། སྐྱོབས་པ་འཇིག་རྟེན་མགོན་པོས་བོན་པོ་དེའམ་ཆོས་པ་དེ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པ་དང་ཆོས་སམ་བོན་དེ་ནི་གཤེན་རབ་མི་བོས་གཏན་ལ་ཕབས་པའི་བོན་འདི་ཡིན་པར་སྒྲོས་བཏགས་ཤིང་། རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཞིག་འདྲེས་ཁྲིད་དེ་ལོ་བཅུ་གསུམ་གྱི་རིང་བོར་སོང་བ་སོགས་བཤད་པ་ནི། དོན་དུ་ཡེ་ཤུའི་སྟོན་པ་མ་ཤི་ཀའི་རྣམ་ཐར་ལས་ཁག་ཁག་ཁོལ་དུ་ཕྱུང་སྟེ་(14)འཕྲི་བསྣོན་ཅུང་ཟད་ཀྱིས་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་པར་ཐར་བ་ལ་སྦྱར་བ་ཙམ་ཟད་པ་ད་སྐབས་གསལ་པོ་རེད༑ ཡིན་ན་ཡང་འདི་དག“ཡིག་རྙིང་ཞིག་ལ་ཁུངས་གཏུགས་པར་གསལ་བས”ཞེས་སོགས་བསྙད་འདུག་པ་ནི་རྒྱུ་མཚན་ངེས་ཅན་ཡོད་ངེས་པ་ལས། གདེང་ཚོད་མེད་པར་ཕོ་ཚོད་ཀྱིས་གང་བྱུང་ཐལ་བའི་ངག་ལུད་ནི་མིན་པར་ངེས་ན་ཅི་བས་ཁུངས་བཙུན་པའི་ཡིག་རྙིང་དེ་དག་བསྣམས་ཡོང་རོགས་གནོངས༑ གཞན་ཡང་སྟོན་པ་གཤེན་རབ་མི་བོ་ཆེ“དབུས་རང་དུ་བྱོན་པའི་ཚུལ་ལ་རྒྱབ་བརྟེན་ལྟ་བུར་དགའ་ཐང་འབུམ་པ་ལས་ཐོན་པའི་ཡིག་ཆ”ལས་ཞེས་པ་སོགས་ཡང་ནས་སྐྱར་དུ་སྨྲས་འདུག་པ་ནི། གོང་དུ་ཞུས་ཟིན་ལྟར་ལགས་པས་སླར་ཡང་སྐྱར་དུ་བཟློ་བའི་དུས་ཚོད་བདག་ལ་མེད་པས་ངལ་བ་མ་བརྟས་ཤིང་། དགའ་ཐང་ཆེའི་ཡིག་རྙིང་དུ་གསལ་བ་ཇི་བཞིན་མ་བཤུས་པ་སོགས་འགའ་ཡང་སྣང་མོད་གནས་སྐབས་བགྲོ་བར་མི་འདོད་པས་བཞག་གོ།

་་་་་་་་་་་་་་ ཡང་“ གཤེན་བཞི་སྤྱན་དྲངས་འཚལ། གླུད་བཞི་གཏང་བར་བཟང་། །བདུད་བོན་དྲེང་ནག་ཆུ་ལྕགས་དང་། ཐར་བོན་དྲུ་སྐྱོལ་དང་། གླུད་བོན་ངག་སྙན་དང་། གཤེན་རབ་མྱི་བོ་བཞི། ཡབ་བླ་བདལ་དྲུག་གིས། གཤེན་བཞི་སྤྱན་དྲངས་སོ། །”(15)ཞེས་པའི་ལུང་ཚིག་དག་དྲངས་འདུག་ཀྱང་འདིས་རང་མགོ་ཐོ་བ་ཙམ་ལས་སྐུ་ཉིད་ལ་སྨན་པའི་གལ་ཆེའི་ལུང་གང་ཡང་ཡིན་པར་མི་འདུག་སྟེ། འདིར་གཤེན་རབ་མི་བོ་ཆེ་སོགས་གཤེན་བཞི་ཡབ་བླ་བདལ་དྲུག་གིས་སྤྱན་དྲངས་པ་གསལ་བས་ཡབ་བླ་གདལ་དྲུག་ནི་གཉའ་ཁྲི་བཙན་པོའི་གོང་ཡིན་གྱི། གཉའ་ཁྲིའི་རྗེས་གནམ་གྱི་ཁྲི་བདུན་ལས་དྲུག་པའི་སྐབས་ཀྱི་མི་མིན་པ་ཤེས་པར་མཛོད་ཅིག་གུ དེ་བཞིན“ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ན་དུའང་། གཤེན་རབ་ནི་གཏོ་ཆོག་སོགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ཚུལ་གསལ་པོར་མངོན་པས་ཀྱང་མཚོན་ནོ”ཞེས་པ་ལ་དགོས་པ་རྒྱུ་མཚན་ངེས་ཅན་ཞིག་གིས་སྨྲས་ཡོད་པར་འདུག་ཀྱང་། དེའི་སྐོར་འོག་ཏུ་དོན་ཚན་དྲུག་པར་གླེང་ཆོག

     བཞི་པ། “མཛད་ལས་གསར་གཏོད”ཅེས་པ་ལས་འཕྲོས་པའི་བགྲོ་གླེང་།

་་་་་་་་་་་་་་་་སྡེ་ཚན་འདིར་ད་སྐབས་ཕལ་ཆེར་གྱིས་ཁས་ལེན་པའི་དཔྱད་འབྲས་ཁག་ཅིག་ཁོལ་དུ་ཕྱུང་སྟེ་གླེང་འདུག་པ་ནི་འདི་ལྟར་མི་སྣ་གླེང་བརྗོད་བྱེད་སྐབས་ངེས་པར་དུ་དང་ལེན་དགོས་ལེགས་བྱས་ཤིག་ཡིན་ན་ཡི་རངས་པའི་གནས་སོ།། འོན་ཀྱང་། “གསོ་བ་རིག་པ་དང་། ནད་ལ་གནོད་པའི་ལྷ་འདྲེ་ལ་མདོས་གླུད་ཡས་སོགས་ལ་མཁས་པ་མ་ཟད། སྐབས་དེའི་བརྡ་སྤྲོད་ཀྱི་ཐབས་ལམ་སྣ་ཚོགས་ཤིག་ཡོད་པ་ལས། དེ་ཡིས་བརྡ་འཕྲོད་པ་དང་མི་འཕྲོད་པ་ཅི་རིགས་ཤིག་ཀྱང་ཡོང་གི་ཡོད་པས། མདོས་གླུད་སོགས་སུ་སྲོག་ཆགས་གཟུགས་འབྲི་བ་དང་། གཟུགས་བཅོས་པ་སོགས་ཀྱིས་ལྷ་འདྲེ་ལ་བརྔན་པའི་ཚུལ་ལས། གཟུགས་བརྙན་གྱིས་བརྡ་སྤྲོད་པའི་ཐབས་ལམ་ཞིག་རྙེད་ནས་གཟུགས་བརྙན་གྱི་ཡིག་གེ་ཅིག་གསར་དུ་བཏོད་པར་མངོན་ལ། ད་ལྟ་འཇང་ཡུལ་དུ་ཡོད་པའི་གཤེན་རབ་ཀྱི་ཡིག་གེ་ཅེས་པ་འདི་ཡི་ཁུངས་ཀྱང་བོད་དུ་ཐུག་པའི་ལོ་རྒྱུས་ཡོད་པས་ཀྱང་ཕྱོགས་ཙམ་མཚོན་ཡོད།”ཞེས། གཤེན་རབ་མི་བོ་ཆེའི་མཛངས་ལས་རྣམ་གྲངས་འདི་གཉིས་ཙམ་མ་གཏོགས་བགྲང་དུ་མེད་པར་འདོད་ཀྱིན་ཡོད་ན་ནི་ཁྱབ་ཆུང་བར་སྙམ༑ སྤྱིར་སྟོན་གཤེན་རབ་མི་བོ་ཆེ་གསོ་བ་རིག་པའི་གཞུང་ལ་མཁས་པ་ཡིན་པ་དང་གཏོ་མདོས་སོགས་ཀྱང་ལག་ལེན་ལ་བྱང་བ་ཞིག་ཡིན་པ་ནི་བདེན་ཞིང་། དེང་གི་གནའ་རྫས་དང་བན་བོན་ཕྱོགས་གཉིས་ཀའི་ཆོས་འབྱུང་དག་ཏུ་གསལ་བར་སྣང་བ་ཇི་བཞིན་བོད་ཡུལ་འདིར་ཆེས་སྔ་མོ་ནས་སྤྱོད་བཞིན་པའི་ཡི་གེ་ཞིག་ཡོད་པ་མ་ཟད། དེ་ཡང་གོང་དུ་ཁྱེད་ནས་གསུང་བ་ལྟར་གཟུགས་རིས་ཡི་གེ་ནས་བརྡ་སྤྲོད་ཡོད་པའི་སྒྲ་སྦྱོར་ཡི་གེའམ་དབྱངས་གསལ་ཡི་གེ་རུ་འཕོ་འགྱུར་བྱུང་ཡོད་པ་ཕྱོགས་ཙམ་དཔག་ནུས་ལ། དེ་དག་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་རྗེས་བླ་ལྷག་ཕུལ་ཡོད་པ་ནི་གདོན་མི་ཟ་བར་བསྙད་ཆོག་པའི་གནད་དོན་ཞིག་རེད༑

་་་་་་་་་་་་་་་་་ཡིན་ན་ཡང་བོན་ལུགས་ཀྱི་དཔེ་གཞུང་གཙིགས་ཆེ«མདོ་འདུས།»དང་«མདོ་གཟེར་མིག»སོགས་སུ་གསལ་བ་ལྟར་ན་དེ་ལས་ངོ་མཚར་བའི་རིག་གཞུང་མང་དག་ཅིག་ཀྱང་སྐྲུན་ཡོད་པ་གསལ་བས། ཁྱེད་ནས་གོང་གི་དཔེ་གཞུང་གཉིས་ལ་ཁས་ལེན་ཅུང་ཟད་ཡོད་ངེས་པས་གནད་དོན་དེ་དག་ལ་ཡང་བསམ་གཞིག་རེ་བགྱིས་ན་འགྲིག་གོ གཞན་ངེས་པར་དུ་བརྗེད་མི་རུང་བ་ཞིག་ནི་ཡིག་རྙིང་«སྲིད་པ་སྤྱི་སྐོང་།»ལས། “བདུད་བོན་གྱི་དམར་ཐབ་ལ། གཤེན་རབ་ནི་ཅི་བགྱིས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མས་བསྐང་། དམར་ཐག་གིས་འདྲེས་བྱུང་ན། གཤེན་ལྷ་ལ་ནོང་པ་ཐོལ། གདོང་གདོན་གྱི་ཤི་ཆུའི་སྐྱེམས། གཤེན་རབ་ནི་ཅི་བགྱིས་ན། གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་ཡུ་ཏིས་བསྐང་།”(16)ཞེས་སོགས་གསལ་ལྟར། སྔར་གངས་རི་ར་བས་སྐོར་བའི་ལྗོངས་ཆེན་པོ་འདིར་སེམས་ཅན་གྲངས་མེད་ཀྱི་སྲོག་ལ་འཚེ་བའི་ཆོས་ལུགས་ཤིག་དར་བ་ལ་སྟོན་པ་གཤེན་རབ་མི་བོ་ཆེས་དེ་ཉིད་ཀྱི་ངོ་བོ་བསྒྱུར་ཏེ། དམར་མཆོད་ཀྱི་རྒྱུན་བཅད་པ་སོགས་འཚེ་མེད་ཆོས་ལུགས་ཤིག་གཏན་ལ་ཕབས་པ་ནི་ཁོང་གི་སྐུ་ཚེའི་ཁྲོད་ཆེས་མཛངས་ཤོས་ཀྱི་མཛད་འཕྲིན་ཞིག་ཡིན་པར་ངོས་ཟིན་དགོས་པར་འདོད༑ གོང་དུ་ཁྱེད་ནས་རང་ཉིད་ཀྱི་གྲུབ་མཐའི་ལ་རྒྱ་འཛིན་ཆེད་ཙམ་གྱིས་སྟོན་པ་གཤེན་རབ་མི་བོ་ཆེ་བོད་རྒྱལ་ཁྲི་དྲུག་པའི་དུས་སུ་འཁྲུངས་བར་བསྙད་ཡོད་པ་ལྟར། ཡི་གེ་དེ་ཡང་སྐབས་དེ་མཚམས་བྱུང་བའི་ཚུལ་བརྗོད་འདུག་ཀྱང་དེ་ནི་འཐད་ལྡན་དུ་སེམས་ཆོག་པ་ཞིག་མིན་པ་འདྲ༑ རྒྱུ་མཚན་ནི་བཙན་པོ་གཉའ་ཁྲིའི་དུས་ནས་བོད་ལ་ཡི་གེ་ཡོད་པ་ཡིག་རྙིང་དཔེ་དཀོན་འགའ་རུ་གསལ་བ་དེང་དུས་བོད་རིག་པའི་ཉམས་ཞིབ་པ་འགའ་ཡིས་བཤད་ཡོད་(17)པ་དང་། «མདོ་གཟེར་མིག»སོགས་སུ་ཡང་སྟོན་པ་གཤེན་རབ་ཀྱི་ཡར་སྔོན་ནས་ཞང་བོད་ཀྱི་ལྗོངས་འདིར་ཡི་གེ་ཡོད་ཚུལ་གསལ་འདུག་པ་ཁྱེད་ནས་མཁྱེན་གྱིས་ལོས་ཡོད་དྲན༑ «མདོ་གཟེར་མིག»ཙམ་མིན་པར་བོན་དཔེ་ཕལ་ཆེ་བར་དེ་ལྟར་འཁོད་(18)པ་ཇི་བཞིན་གནའ་རྫས་ཀྱིས་ཀྱང་བདེན་དཔང་བག་ཙམ་བྱས་ཨེ་ཡོད་སྙམ་མོ།།

         ལྔ་པ། “སྤྱི་ཚོགས་རྒྱབ་ལྗོངས།”ཞེས་པ་ལས་འཕྲོས་པའི་བགྲོ་གླེང་།

་་་་་་་་་་་་་་་འབྲི་གུང་འཇིག་རྟེན་མགོན་པོའི་ཡབ་སྲས་རྣམ་གཉིས་ཀྱི་དགོངས་པ་ལྟར་ན་སྟོན་པ་གཤེན་རབ་མི་བོ་ཆེ་ནི་བོད་བཙན་པོའི་ཁྲི་རབས་དྲུག་པའི་སྐབས་ཀྱི་མི་ཞིག་ཡིན་པས། འདིར་སྤྱི་ཚོགས་རྒྱབ་ལྗོངས་ཟེར་བ་དེ་ཡང་སྐབས་དེ་མཚམས་ཀྱི་སྤྱི་ཚོགས་གནས་སྟངས་ལ་གོ་བར་བྱ་དགོས་པ་རེད༑ དེ་ལྟར་ན་ཐུགས་སྲས་ཁྱེད་ཀྱིས་གསུང་བ་ནང་བཞིན་སྐབས་དེར་བོད་བཙན་པོའི་རྒྱལ་ཁབ་ཚུགས་ནས་རྒྱལ་རབས་དྲུག་ཙམ་ཕྱིན་ཟིན་པས་ཡི་གེ་དང་རྒྱལ་ཁྲིམ་ཡོད་པ་ནི་ཐེ་མི་ཚོམས་པར་བཤད་ཆོག དེ་བས་བོད་བཙན་པོའི་རྒྱལ་ཁབ་ནི་སྔར་ཁ་འཐོར་དུ་ཡོད་པའི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས་པའི་གཅིག་གྱུར་གྱི་རྒྱལ་ཁབ་བཙན་པོ་ཞིག་ཡིན་པས། ཕྱོགས་གང་ཐད་ནས་མཉམ་འབྲེལ་གྱི་ཐོན་ལས་ལ་སྔར་མེད་འཕེལ་རྒྱས་སོང་ཡོད་པ་དང་ཚོང་ལས་སོགས་ཀྱང་ཚད་མཐོར་སླེབས་ཡོད་པ་ནི་གནའ་རྫས་ཀྱིས་བདེན་དཔང་བྱས་ཡོད་པ་དེ་རང་ངོ་།། དེ་ཙམ་མིན་པར་སྤྱིར་ཤེས་རིག་གི་ཐད་ནས་གང་ལ་གང་འཚམས་དར་རྒྱས་ཡིན་པ་སྨྲས་ཆོག་སྟེ། བོད་བཙན་པོའི་རྒྱལ་ཁབ་མ་ཚུགས་པའི་གོང་ཞང་ཞུང་དང་སིལ་བུ་ཁག་གི་སྐབས་ཀྱང་ཤེས་རིག་གི་བ་དན་མི་མཐོ་ན་མི་དམའ་བར་བརྗོད་ཆོག་པར་འདོད༑ དཔེར་ན། ཡོངས་གྲགས་སུ་གཤེན་རབ་མི་བོ་ཆེ་འཁྲུངས་ནས་ད་ལྟའི་བར་མི་ལོ་བཞི་སྟོང་མ་ཟིན་ཙམ་སོང་བར་བཤད་པ་ལྟར་ན། སྐབས་དེ་དུས་འཛམ་གླིང་གི་ཕྱོགས་སོ་སོ་གནའ་བོའི་རྒྱལ་ཁབ་དག་ཤེས་རིག་དར་རྒྱས་འཕེལ་གསུམ་གྱི་དུས་ཚིགས་ཤིག་ཏུ་གྱུར་ཡོད་ལ། ཨེ་ལྕིབས་དང་བྷ་བི་ལོང་སོགས་སུ་དེའི་སྔོན་ནས་སྐད་ཡིག་དང་ཁྲིམས་སྲོལ། ཚོང་ལས་དང་བཟོ་ལས་བཅས་ཤེས་རིག་ཤིན་ཏུ་དར་སྐབས་ཡིན་(19)པ་མ་ཟད། གནའ་བོའི་ཀི་རེ་སིར་སྐབས་དེའི་ཡས་མས་ནས་མཚན་ཉིད་རིག་པ་དང་དམངས་གཙོའི་ཁྲིམས་སྲོལ་ཡང་དར་ཡོད་པ་རེད༑ དེར་བརྟེན། སྐབས་དེའི་གཡས་གཡོན་གྱི་གནའ་བོའི་རྒྱལ་ཁབ་དང་མི་རིགས་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འདི་ལྟ་བུ་ཡིན་ན་རང་ཅག་གཅིག་པུ་ཅི་ཡང་མེད་པའི་མུན་ནག་གི་རང་བྱུང་འཚོ་བ་རོལ་ནས་བསྡད་མེད་པ་ནི། མ་གཞི་ནས་འགྲོ་བ་མིའི་རིགས་སྤྱིའི་འཕེལ་འགྱུར་གྱི་ཁྲོད་དུ་བོད་ནི་སྔ་གྲས་ཡིན་པ་སོགས་གནའ་རྫས་དཔྱད་ཞིབ་ལས་བདེན་ར་གསལ་སྤྲད་བྱས་ཡོད་པ་དེ་བཞིན་ནོ(20)།།

      དྲུག་པ། “གཤེན་རབ་མྱི་བོའི་སྣང་བརྙན།”ཞེས་པ་ལས་འཕྲོས་པའི་བགྲོ་གླེང་།

་་་་་་་་་་་་་་་གཤེན་རབ་མི་བོ་ཆེའི་སྣང་བརྙན་ནི་ཅི་བས་གཏོ་ཆོག་སོགས་ཆོ་ག་ཙག་ཙིག་སྤེལ་མཁན་རྒན་པོ་ལྟ་བུ་ཞིག་ཏུ་བཞེངས་འབྲི་གང་ཐུབ་གནང་འདུག་པ་ནི་དེང་དུས་བོད་རིག་པ་ཕལ་གྱི་བཤད་སྟངས་ཤིག་ཏུ་འཁུམས༑ འདི་ལ་བདེན་པའི་ཆ་དང་རིགས་པའི་ཁུངས་མི་དམན་པ་ཞིག་ཡོད་པ་མངོན་སུམ་མིག་གི་དགའ་སྟོན་འདི་རང་ཡིན་མོད། འོན་ཀྱང་། “གཤེན་རབ་མྱི་བོའི་གསས་རྟ་དྲོ་བཞུར་ནྀ་སྒས་བསྟད་དེ། །དར་གྱི་རལ་ག་རྀང་ལ་གསོལ། །རྔ་དྀང་ཆེན་དྀང་དྲགས་རྒྱབ་ལ་ཁུར། །གཤང་ཁྲྀ་ལོ་སྐར་སྙན་མཆན་དུ་གསལ། །ལྷ་བོ་དྲོངས་ཡང་བྱེ་ལ་དྲོངས། །འགམ་ཡང་བྱེ་བ་འམ། བདུར་ཡང་བྱེ་ལ་བདུར། །བརྒྱུགས་ཡང་བྱེ་ལ་རྒྱུགས”(21)ཞེས་དགའ་ཐང་འབུམ་པའི་ཡིག་རྙིང་ལས་གསལ་བའི་ཚིག་འདིས་དེའི་སྒྲུབ་བྱེད་ཅི་ཡང་མི་ལོ་བ་མཁྱེན་དགོས་པ་རེད༑ སྤྱིར་དགའ་ཐང་འབུམ་པའི་ཡིག་རྙིང་ལས་གཤེན་རབ་མི་བོ་ཆེ་ནི་ཆོ་ག་ཕྱག་ལེན་ལ་མཁས་པའི་གཤེན་པོ་ཞིག་ཡིན་པའི་རྣམ་པ་སྔུན་རྒྱབ་གཉིས་ཆར་གསལ་ན་ཡང་། “ཕ་གཤེན་མི་བོ་མྱི་བོ་ལ། །གཏོ་དང་དཔྱད་བགྱིས་སམ། །མོ་དང་མཚུངས་བགྱིས་སམ། །གཞེན་རབ་མི་ཞལ་ན་རེ། །མྱི་ཁོ་བོ་ལ། །གཏོ་དང་དཔྱད་མཆིས། །མོ་དང་མཚུངས་བགྱིས་ནས་མཆིས་སྟེ། །”(22)ཞེས། གཏོ་དང་དཔྱད། མོ་སོགས་གང་དགོས་ཀྱང་མི་ངས་ཤེས་ཞེས«གནགས་རབས།»ལས་གསལ་བ་བཞིན། གཏོ་ཆོག་ཙམ་ལ་མཁས་པའི་གཤེན་པོ་ཞིག་མ་ཡིན་པར་དཔྱད་དང་མོ་སོགས་རིག་གནས་གཞན་པ་ཡང་མཁས་པར་བསྟན་ཞིང་། ད་དུང་འདིར་ཚིག་དངོས་སུ་མ་གསལ་ན་ཡང་རིག་གནས་གཞན་པ་རྩིས་དང་མཚན་ཉིད་རིག་པ་སོགས་ལ་ཡང་མཁས་མི་ཆོག་པ་མ་རེད༑ ཡིན་ན་ཡང་། “གཤེན་རབ་མི་བོ་ཆེ། །སྐུ་མདངས་དུ་ཟླ་འདྲ། །འཛུམ་མདངས་མེ་རེ་རེ། །སྐུ་ལྟོས་རི་ལས་བརྗིད། །མུ་ཐིང་རལ་པ་ནི། །མུ་འོད་ཁྱུགས་སེ་ཁྱུགས། །སྐུ་ལ་ཅི་གསོལ་ན། །རྒོལ་ཐུལ་ལྷམས་སེལ་ལྷམས། ། ”(23)ཞེས«སྲིད་པ་སྤྱི་མདོས།»ལས་གསལ་བའི་ཚིག་འདི་དྲངས་ནས་དེང་དུས་མང་པོ་ཞིག་གིས་གཤེན་རབ་མི་བོ་ཆེ་རབ་བྱུང་བ་ཞིག་མིན་པ་དང་། ཡང་གཏོ་ཆོག་སོགས་ཆོ་ག་ཕྱག་ལེན་ལ་མཁས་པའི་མི་ཞིག་ལས་བོན་གྱིས་ནམ་རྒྱུན་ངོས་འཛིན་བྱེད་པ་ལྟ་བུའི་སྐྱེས་བུ་ཞིག་མིན་ཚུལ་སྒྲུབ་མོད། དེ་ནི་ཕྱོགས་ཡངས་པོར་གཟིགས་མ་ཐུབ་པར་ཕྱོགས་མཐའ་ལྷུང་བའི་དཔྱད་འབྲས་ཤིག་ཏུ་སེམས་པས། གཤེན་རབ་མི་བོ་ཆེའི་མཛད་རྣམ་དག་ལས་དགུང་ལོ་སོ་གཅིག་སྐབས་རབ་ཏུ་བྱུང་བར་ཡོངས་སུ་གྲགས་ཤིང་། དེའི་ཡར་སྔོན་སྐྱ་བོ་ཡིན་པ་མ་ཟད་སྐུ་གཞོན་སྐབས་གཏོ་ཆོག་ཙག་ཙིག་སྤེལ་མཁན་ཞིག་ཡིན་པ་ཡང་ར་འཕྲོད་པས། སྟོན་པ་གཤེན་རབ་ཀྱི་མི་ཚེའི་སྟོད་སྨད་ལ་འགྱུར་བ་འགྲོ་མི་ཆོག་པར་བརྗོད་ན་མ་གཏོགས། ལུང་འདི་དག་མཐའ་གཅིག་ཏུ་གཤེན་རབ་མི་བོ་ཆེ་གཏོ་ཆོག་ཙམ་ལ་མཁས་ཤིང་རབ་བྱུང་མིན་པའི་སྒྲུབ་བྱེད་ཡང་དག་ཏུ་འགྱུར་དཀའོ་སྙམ༑ གང་ལྟར་འདིའི་སྐོར་མང་དུ་ཞུ་ཡ་ཡོད་ཀྱང་གོང་དུ་ཞུས་ཟིན་པ་བཞིན་གུས་པའི་དཔྱད་རྩོམ་གཞན་པར་གསལ་བས་གཟིགས་པར་འཚལ༑

         བདུན་པ། “མཛད་རྗེས་ཕྱོགས་བསྡོམས།”ཞེས་པ་ལས་འཕྲོས་ཏེ་མཇུག་བསྡུ་བ།

་་་་་་་་་་་་་་་་་་་གོང་དུ་སྡེ་ཚན་བཞི་པར་ཞུས་ཟིན་པ་བཞིན་ཁྱེད་ཀྱིས་གཤེན་རབ་མི་བོ་ཆེའི་མཛད་རྗེས་མདོར་བསྡུས་ན་ཡི་གེ་གསར་གཏོད་བྱས་པ་དེ་ཙམ་ཡིན། འདི་ཙམ་ལས་མཐོང་མི་ཐུབ་པ་དེ་ལ་གནད་དོན་ཞིག་ཡོད་པ་མིན་ནམ་སྙམ་མོད་གནས་སྐབས་བཞག་ཅིང་ཕྱོགས་ཙམ་ནི་གོང་དུ་“མཛད་ལས་གསར་གཏོད”ཅེས་པ་ལས་འཕྲོས་པའི་བགྲོ་གླེང་ལས་ཞུས་པ་ཟིན་དེས་ཆོག་པར་བྱེད༑ འོན་ཀྱང་། ད་ཐེངས་ཁྱེད་ཀྱི་ཕྱག་རྩོམ་འདི་ལ་བགྲོ་གླེང་ཞིག་ཕུལ་བ་ནི་དམིགས་པ་གཞན་མེད་པར་ཁྱེད་ཀྱིས་ནམ་ཡང་གྲུབ་མཐའི་ཞེན་ཆགས་འབའ་ཞིག་གིས་བློ་ཁོག་ཡངས་ཙམ་གནང་མི་ཐུབ་པའི་ཁར། ཐེངས་འདིའི་རྩོམ་ཐུང་ལ་ཕྱི་ནང་བར་གསུམ་ནས་གཡོ་དང་སྒྱུ་མའི་རྣམ་པ་མངོན་པར་མཐོང་བས་ཡིན༑ ང་ཚོས་རྒྱུ་མཚན་མེད་བཞིན་དུ་གྲུབ་མཐའི་ཞེན་ཆགས་ཁོ་ན་ཉིད་ཀྱིས་གནས་ལུགས་ལ་རྟག་པར་རྫུན་པའི་སེང་རས་གཡོག་ཅི་ཐུབ་འབད་པ་དེ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་པར་སྙམ༑ དེ་བས་ཅུང་གྲགས་པ་ཆེ་བའི་ཤེས་ཡོན་པ་ཞིག་གིས་འདི་ལྟར་གནས་ལུགས་ཡོད་མེད་དང་རྒྱུན་མཚན་ཕུག་ཆོལ་མིན་སོགས་ལ་མ་བལྟོས་པར། གྲུབ་མཐའི་ལ་རྒྱ་དང་མེས་པོའི་ལྟ་གྲུབ་འབའ་ཞིག་གི་ཆེད་དུ་གཏམ་ཅི་ཞིག་སྨྲ་བ་ལ་ཐེ་མི་ཚོམ་པ་ནི་ཆེས་ངན་ལམ་ཞིག་དང་སྐྱེ་གཡའ་བའི་གནས་ཚུལ་དུ་ཟད༑ རྒྱུ་མཚན་ནི་མི་རིགས་ཤིག་རིག་གཞུང་ཉམས་ཞིབ་ལེགས་ལམ་དུ་འགྲོ་མིན་གཙོ་བོ་ནི་ཕལ་གྱིས་གུས་བཀུར་ཐོབ་པའི་མི་ཆེན་ཚོ་གཟུ་བོར་གནས་ཞིང་དྲང་བདེན་སྨྲ་བའི་སྙིང་སྟོབས་ཡོད་མེད་ལ་ཐུགས་པས་སོ།།

་་་་་་་་་་་་་་་་གུས་པས་ད་ཐེངས་ཁྱེད་ཀྱི་རྩོམ་འདིར་གཡོ་སྒྱུའི་རྣམ་པ་དང་གྲུབ་མཐའམ་ཡང་ན་མེས་པོ་གོང་མའི་ལྟ་གྲུབ་ལ་བདེན་ཁ་སྟེར་བའི་སླད་དུ་ཉག་ཅིག་ཡིན་པར་བརྗོད་པ་ནི། རྩོམ་གྱི་ཁ་བྱང་ལ«མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས་སྐོར།»ཞེས་བཏགས་ཏེ། བོན་པོ་རྣམས་ཀྱིས་བལྟས་ན་དགའ་བ་སྐྱེད་ཅིང་གཞན་གྱིས་མཐོང་ན་འདིས་སྟོན་པ་གཤེན་རབ་མི་བོ་ཆེ་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པ་ཁས་ལེན་གྱི་འདུག་སྙམ་པའི་བློ་བཀུག་ཅིང་། ཞོར་དུ་གཤེན་རབ་མི་བོ་ཆེས་ཡི་གེ་གསར་གཏོད་བྱས་པ་སོགས་མཛད་རྗེས་ཡོངས་གྲགས་ཅན་འགའ་ཡང་གླེང་ནས༑ དོན་དམ་པར་གཤེན་རབ་མི་བོ་ཆེ་ནི་ལོ་ཆུང་དུས་འདྲེས་ཁྲིད་སོང་བ་དང་། དེ་ལྟར་ཁྲིད་པས་ལྷ་འདྲེའི་སྐོར་ཆུང་ཅུང་ཟད་རྒྱུས་མངའ་ཡོད་པར་གྱུར་ཏེ་ལྷ་འདྲེ་བརྗོད་བྱ་གཙོ་བོར་བྱས་པའི་ཆོས་ལུགས་གསར་གཏོད་བྱས་པ། འཁྲུངས་ཡུལ་ནི་བོད་ཀྱི་དབུས་ལ་ཡིན་པ་དང་འཁྲུངས་དུས་ནི་བོད་བཙན་པོ་ཁྲི་རབས་དྲུག་པའི་དུས་སྐབས་ཡིན་པ་སོགས། «དམ་ཆོས་དགོངས་པ་གཅིག་པའི»དགོངས་དོན་ཇི་མ་ཇི་བཞིན་(24)ལེགས་པར་སྒྲུབ་ཐབས་ལ་འབད་བརྩོན་བྱས་འདུག་པ་འདི་རེད༑ དེར་བརྟེན་ཁྱེད་ཀྱི་རྩོམ་འདི་ལ་«མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས་སྐོར།»ཞེས་མི་གདགས་པར། སྔར་ཁྱེད་ཀྱིས་«དམ་ཆོས་དགོངས་པ་གཅིག་པའི་དགོངས་རྒྱན།»(25)ཞེས་པ་ཞིག་བྲིས་ཡོད་པས། རྩོམ་ཐུང་འདི་ལ་“དམ་ཆོས་དགོངས་པ་གཅིག་པ་ཚད་སྒྲུབ”བམ་ཡང་ན་“དམ་ཆོས་དགོངས་པ་གཅིག་པའི་དགོངས་རྒྱན་གྱི་ཟུར་རྒྱན”ལྟ་བུ་བཏགས་ན་དོན་དང་མཐུན་པར་སྣང་ངོ་།། «དམ་ཆོས་དགོངས་པ་གཅིག་པ།»དང་དེའི«དགོངས་རྒྱན།»གྱིས་ད་ལྟའི་བར་དུ་རྩོད་རྩོམ་གྱི་ཇི་ཙམ་བསྐྱེད་བསྲིང་བྱས་པ་ཁྱེད་ལས་གསལ་ཆ་ཆེ་བ་ཞིག་མེད་ན། ད་ཐེངས་དགོངས་རྒྱན་གྱི་ཟུར་རྒྱན་ཞིག་བྲིས་པ་ནི་ཕུ་དཀྲུག་མདའ་དཀྲུག་ཅིག་བཟོ་བསམ་པའི་ཀུན་སློང་མིན་ནམ༑ མ་གཞི་ནས་ཁྱེད་ལ་དེ་ལྟར་བཟོ་བར་དགའ་པོ་ཞེ་དྲག་ཡོད་པར་ཐོས་ཏེ། རིག་པའི་དཔའ་བོ་ཚ་སྒང་བློ་གྲོས་དཔལ་ལྡན་གྱིས“ས་སྟེང་བླ་མ་ས་སྐྱ་པཎ་ཆེན་ལ། །ས་འབུ་ནག་རིལ་ཙམ་ཡང་མི་བརྩི་ཞེས། །ས་ལྡིང་གནམ་ལྡིང་བྱེད་པའི་འབྲི་སྨྱོན་འདིས། །ས་འབྲིའི་ནང་འཁྲུགས་སླར་ཡང་སློང་བར་དོགས། །”ཞེས་ཁྱེད་ལ་ཤོ་ལོ་ཀ་འདི་འདྲ་ཞིག་ཆེད་དུ་བསྩལ་ཡོད་པ་མཐོང་སོང་༑

་་་་་་་་་་་་་་་ཧ་ཅང་ཀུ་རེ་ཡིན་ཏེ། ཁྱེད་ནི་ཤཱཀྱའི་དགེ་སྦྱོང་བ་ཞིག་ཡིན་པས་དེ་ལྟ་བུའི་བསམ་སྦྱོར་ནག་པོ་ཞིག་ག་ལ་སྲིད་དེ། ནམ་ཡང་ཡོད་པར་མ་ངེས་ན་ཡང་། ཡང་དག་པའི་ཆོས་ཀྱི་རྗེས་འབྲང་བ་ཞིག་ཡིན་ན“ཕྱོགས་རིས་རུ་ངས་རང་གཞུང་སྐྱོང་མིན་ཏེ། །དོན་གྱི་འདུག་ཚུལ་སྒྲོ་སྐུར་མེད་བརྗོད་ཅིང་། །བློ་ཆུང་ཁོང་དགེའི་ལམ་གེགས་བསལ་བའི་ཕྱིར། །ཕྲག་དོག་སེམས་ལྡན་སྒྲོ་སྐུར་བཟློག་པར་བྱ། །”ཞེས་པ་ལྟར། དོན་ངོ་མ་རང་གི་གྲུབ་མཐའ་སྐྱོང་བསམ་ན་ཕྱོགས་རིས་དང་སྒྲོ་བཏགས་སོགས་སྤང་ནས་འཛིན་དགོས་པ་ཡིན་པས། དེ་ཡང་སྟོན་པ་ཤཱཀྱའི་ཞལ་ནས། “རིགས་ཀྱིས་བྲམ་ཟེ་འགྱུར་མ་ཡིན། །རལ་པས་མ་ཡིན་རུས་ཀྱིས་མིན། །གང་ཞིག་བདེན་པའི་ཆོས་ལྡན་པ། །གཙང་བ་དེ་ཡིན་བྲམ་ཟེ་ཡིན། །”ཞེས་གདམས་འདུག་པ་ཡང་བརྗེད་པར་མི་ཉེས་པའི་མན་ངག་ཟབ་མོ་ཞིག་རེད་ཨང་སྙམ་མོ།།

 

སྤྱི་ལོ་༢༠༡༧ལོའི་ཟླ་༩པའི་ཚེས་༤ཉིན་གྱི་དགོང་ཟས་རོལ་ཞོར་བྲིས།

ཚེས་༦ཉིན་གྱི་དགོང་མོར་མཆན་ཁུངས་བཏབ་སྟེ་ལེགས་པར་གྲུབ།

 

 

མཆན་དང་དཔྱད་གཞིའི་ཁུངས།

 

(1) ཕ་གཤེན་རབ་མྱི་བོ་ཞེས་པའི་མཚན་འདི་དགའ་ཐང་འབུམ་པའི་རྙིང་དང་བོན་ཀྱི་བཀའ་འགྱུར་ཁྲོད་ཀྱི«རིན་ཆེན་གཉན་འབུམ།»སོགས་ལས་བྱུང་ཡོད་ལ། དེའི་སྐོར་གུས་པའི་གྲོགས་པོ་ཤེས་རབ་གོ་ཆས་དཔྱད་རྩོམ་ཞིག་ཀྱང་བྲིས་ཡོད།

(2) རྩོམ་འདི་“ས་ཆེན་རིག་མཛོད”ཅེས་པའི་དེབ་ཕྲེང་དུ་པར་བའི་«ཟླ་འོད་གཞོན་ནུའི་འཁྲི་ཤིང་།»དུ་གསལ། 

(3) དཔེར་ན། བརྗོད་གཞི་ཇི་ཙམ་རྒྱ་ཆེ་རུང་རྩོམ་ཐུང་ཞིག་འགྲིག་པར་བྱེད་ནས་དེ་ལ་ཡོད་དགོས་པའི་ཞིབ་ཆ་དང་དཔྱད་ཁུངས་སོགས་གསལ་པོར་མི་བཀོད་པ་མ་ཟད། ལུང་ཡང་ཇི་བཞིན་མི་འདྲེན་པ་སོགས།

(4) «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།» པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས། སྤྱི་ལོ་༢༠༠༧ལོའི་ཟླ་༩པར་པར་ཐེངས་དང་པོ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། P:26

(5) «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་ཞིབ་འཇུག» “ཡིག་རྙིང་གི་མ་ཡིག་གོ་བདེར་ཕབ་ཡིག” ལྕགས་མོ་མཚོས་བརྩམས། སྤྱི་ལོ་༢༠༡༦ལོའི་ཟླ་༨པར་པར་ཐེངས་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P:236

(6) «དམ་ཆོས་དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ཞེས་བྱ་བཞུགས་སོ།།» དེབ་གསུམ་པ། སྤྱན་སྔ་རྡོ་རྗེ་ཤེས་རབ་ཀྱིས་བརྩམས། སྤྱི་ལོ༢༠༠༦ལོའི་ཟླ་༤པར་པར་ཐེངས་དང་པོ། ཤང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། P:238

(7) «སྟོན་པ་གཤེན་རབ་ཀྱི་རྣམ་ཐར་འབྲིང་པོ་མདོ་གཟེར་མིག» དྲང་རྗེ་བཙུན་པ་གསེར་མིག་གི་གཏེར་མ། སྟོད་སྨད་གཉིས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

(8) «མདོ་འདུས་དང་གླིང་གྲགས།» གཡུང་དྲུང་བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ། དེབ་ཕྲེང་གཉིས་པ། སྤྱི་ལོ༢༠༡༦ལོར་མདོ་སྟོད་ཤེས་གླེང་མོལ་ལྷན་ཚོགས་ནས། 

(9) «བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་།» དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱིས་བརྩམས། P:45

(10) «བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བ།» མཁར་རྨེའུ་བསམ་གཏན་རྒྱ་མཚན་གྱིས་བརྩམས། P:54

(11) «ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་བཞུགས་སོ།།» པོད་གཉིས་པ། ནམ་མཁའི་ནོར་བུས་བརྩམས། སྤྱི་ལོ༢༠༡༥ལོའི་ཟླ༡༢པར་པར་ཐེངས་དང་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 

(12) «དམ་ཆོས་དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ཞེས་བྱ་བཞུགས་སོ།།» དེབ་གསུམ་པ། སྤྱན་སྔ་རྡོ་རྗེ་ཤེས་རབ་ཀྱིས་བརྩམས། སྤྱི་ལོ༢༠༠༦ལོའི་ཟླ་༤པར་པར་ཐེངས་དང་པོ། ཤང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། P:238

(13) «ཆོ་ལོ་མིག་དགུ།» གངས་མཚོས་བརྩམས། སྤྱི་ལོ༢༠༡༡ལོའི་ཟླ་༡པོར་པར་ཐེངས་དང་པོ། ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་། P:233

(14) འདིའི་སྐོར་བོད་འགྱུར་ཡེ་ཤུའི་ཆོས་ལུགས་ལོ་རྒྱུས་ཁག་ཏུ་བཀོད་མི་འདུག་ན་ཡང་ཡེ་ཤུའི«དམ་པའི་གསུང་རབ»ཏུ་འདིའི་སྐོར་གསལ་བ་མ་ཟད། ཕྱི་གླིང་བའི་ཡེ་ཤུའི་སྐོར་གྱི་རྩོམ་ཡིག་མང་པོར་འཁོད་ཡོད་པར་འདུག  

(15) «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།» པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས། སྤྱི་ལོ་༢༠༠༧ལོའི་ཟླ་༩པར་པར་ཐེངས་དང་པོ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། P:15

(16) «སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས།» “ཁུ་བྱུག་སྔོན་མོའི་གསུང་སྙན།” [G] National Museum of Ethnology Osaka ༢༠༠༢ P:164

(17) དཔེར་ན། བན་ཤུལ་དཔལ་མཁར་རྒྱལ་སོགས།

(18) སྟོན་པ་གཤེན་རབ་ཀྱི་གོང་དུ་དཔའ་བོ་འབྲུ་ལྔ་སོགས་ཡི་གེ་ཡོད་ཚུལ་གསལ་བ་དེ་ལྟ་བུའོ།།

(19) «འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ། སྤྱི་ལོ་༢༠༡༣ལོའི་ཟླ་༡༠པར་པར་ཐེངས་དང་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P:36

(20)«མདོ་དབུས་མཐོ་སྒང་གི་རྡོ་ཆས་གསར་མའི་གྲུབ་ཚུལ་ལ་གསར་དུ་དཔྱད་པ།» མཱ་ཁོ Sཨོ་རྡོ་རྡ་ཧྥིས་བརྩམས། སྙིང་ལྕགས་རྒྱལ་གྱིས་དབྱིན་ཡིག་ནས་བསྒྱུར། “འཚོལ་ཞིབ་དང་རིགས་འགྲེ།-དེང་རབས་བོད་རིག་པའི་སྐོར་གྱི་དཔྱད་རྩོམ་གཅེས་བཏུས།” སྤྱི་ལོ་༢༠༡༥ལོའི་ཟླ་༡༢པར་པར་ཐེངས་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P:74

(21) «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།» པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས། སྤྱི་ལོ་༢༠༠༧ལོའི་ཟླ་༩པར་པར་ཐེངས་དང་པོ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། P:26

(22) «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།» པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས། སྤྱི་ལོ་༢༠༠༧ལོའི་ཟླ་༩པར་པར་ཐེངས་དང་པོ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། P:25-26

(23) «སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས།» “ཁུ་བྱུག་སྔོན་མོའི་གསུང་སྙན།” [G] National Museum of Ethnology Osaka ༢༠༠༢ P:161

(24) «དམ་ཆོས་དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ཞེས་བྱ་བཞུགས་སོ།།» དེབ་གསུམ་པ། སྤྱན་སྔ་རྡོ་རྗེ་ཤེས་རབ་ཀྱིས་བརྩམས། སྤྱི་ལོ༢༠༠༦ལོའི་ཟླ་༤པར་པར་ཐེངས་དང་པོ། ཤང་ཀང་ཐེན་མཱ་དཔེ་སྐྲུན་ཁང་།

(25) «དམ་ཆོས་དགོངས་པ་གཅིག་པའི་དགོངས་རྒྱན།» འབྲི་གུང་དཀོན་མཆོག་རྒྱ་མཚོས་བརྩམས། སྤྱི་ལོ༢༠༡༡ལོའི་ཟླ༥པར་པར་ཐེངས་གཉིས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *