རྫོགས་ཆེན་རྣལ་འབྱོར་བ་ཆེན་པོ་རྫི་བོ་རིག་པ་རང་ཤར་གླེང་བ།

རྩོམ་ཡིག་འདི་ཐེངས། 1219 བཀླགས་འདུག

 

་་་་་་་་་་༧ སྔ་འགྱུར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ལ་བཀའ་དྲིན་གཞལ་མཐའ་དང་བྲལ་ཞིང་། གསང་རྒྱུད་རྫོགས་པ་ཆེན་པོ་ཡང་རྩེ་ལྟ་བ་ཐོག་བབ་སྙན་དུ་རྒྱུད་པའི་མཁས་གྲུབ་གཉིས་ལྡན་གྱི་གྲུབ་པའི་དབང་ཕྱུག་ཆེན་མོ།  ཡོང་གྲགས་སུ་རྫི་བོ་བླ་མ་རིག་པ་རང་ཤར་དུ་གསོལ་བ་དེ་ཉིད་ཀྱི་མཛད་རྣམ་ཆུ་ཐིགས་ཟེགས་མའི་ཚུལ་དུ་མདོ་ཙམ་གླེང་ན།
/
་་་་་་་་་་་་་་་་སྤྱིར་ས་ཆེན་པོ་གོ་ལའི་ཟླུམ་པོ་འདིར་ཆོས་ལུགས་འདྲ་མིན་སྣ་ཚོགས་སུ་དར་ཞིང་།  འཛམ་གླིང་གི་ཡུལ་གྲུ་ཆེ་ཆུང་ལ་མ་ལྟོས་པའི་ས་ཆ་གང་སར་ཆོས་ལུགས་འདྲ་མིན་གྱིས་ཁྱབ་ཡོད་ནའང་།  དེ་དག་གི་ལོ་རྒྱུས་དང་བྱུང་ལུགས་ཀྱི་ཕུ་ཐག་རིང་ཐུང་ལ་མ་ལྟོས་པར་གང་ཡིན་རུང་། གནས་ཚུལ་ཡང་དག་པ་ཞིག་ལ་རྒྱུས་ལོན་དང་གསལ་བར་མཁྱེན་ཞིང་ངེས་པར་འདོད་ན། ར་སྤྲོད་གནད་ལ་ཁེལ་ཞིང་མེད་དུ་མི་རུང་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་དགོས་མོད།  དེས་ཕྱིར་ཡབ་མེས་གོང་མ་དག་གི་ངག་རྒྱུན་དང་ས་འོག་ལས་ཐོན་པའི་གནའ་བོའི་གཏེར་རྫས།  ད་དུང་ཤུལ་དུ་ལུས་པའི་ང་ཚོ་ཕྱི་རབས་པ་དག་གི་མིག་གི་རྒྱན་དུ་གྱུར་བའི་གཟུར་གནས་ཀྱི་ཡིག་ཆ་གང་རུང་ཞིག་ལ་གཞི་བཅོལ་ཏེ།  ཆ་རྐྱེན་དེ་གསུམ་གང་རུང་ལ་མ་བརྟེན་པ་གཅིག་ཀྱང་མེད་མོད།  དེ་ཕྱིར་ངས་ཀྱང་འདིར་ཕ་ཡུལ་རྒྱལ་རོང་གི་ས་གནས་ཡུལ་མི་རྒན་རབས་པ་དག་གི་ངག་རྒྱུན་ལས་བྱུང་བའི་བདེན་གཏམ་གཙོ་བོ་གཞིར་བྱས་ཏེ་ཏོག་ཙམ་ཞིག་ཞུ་འདོད་བྱུང་།

༡༽དེས་ན་ཐོག་མར་ཡུལ་གང་ཞིག་ལ་དགོན་པ་ཇི་ལྟར་དངོས་སུ་ཕྱག་བཏབ་གནང་ལུགས་དང་།
༢༽མཐར་དེ་དག་གིས་བོན་གང་ཞིག་ཉམས་སུ་བླངས་ནས་དགོངས་པ་བོན་དབྱིངས་སུ་ཚུལ་ཇི་ལྟར་གཤེགས་ཚུལ།
༣༽ དེ་དག་གི་གསོལ་འདེབས་དང་བཅས་ལ་ས་གནས་ཡུལ་མིའི་ངག་རྒྱུན་དང་འབྲེལ་བའི་ཐོག་ཚིག་དོན་གཉིས་ཟུང་དུ་འབྲེལ་ནས་འགྲེལ་བཤད་ཕྲན་བུ་ཞིག་སྟེ་སྡེ་ཚན་རྣམ་གྲངས་གསུམ་གྱི་ཁོངས་སུ་མདོ་ཙམ་བསྟན་ཏེ་ཞུ་འདོད་བྱུང་། 


/         དེ་ཡང་དང་པོ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་རྒྱལ་རོང་ཁྲོ་སྐྱབས་སུ་གྲགས་པ་འདི་ལ། སྟོད་སྡེ་དང་བར་སྡེ་སྨད་སྡེ་སྟེ།  སྡེ་ཚན་རྣམ་གྲངས་གསུམ་དུ་བྱས་ཤིང་།  ས་ཡི་རྒྱ་ཁྱོན་ལ་གནའ་བོའི་རྒན་རབས་པ་དག་གི་ངག་རྒྱུན་དུ།  བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་བར་དུ་ཡུལ་ཐམས་ཅད་ཁྲོ་སྐྱབས་ཀྱི་ས་ཡིན་ལ།  མི་ཐམས་ཅད་ཁྲོ་སྐྱབས་ཀྱི་འབངས་ཡིན་པར་བཤད་ལ།   སྟོད་སྡེ་ནི་འབྲོག་ཤུགས་ཆེ་ཞིང་དགེ་སྒྲུབ་སྡུག་སྤང་གི་ལས་ལ་དད་ཅིང་མི་རིགས་ཀྱི་ལ་རྒྱ་གཙུག་ཏུ་བཀུར་བའི་ཁ་མཁས་ལྕེ་བདེ་ཅན་གྱི་བློན་རིགས་མང་བའི་སྡེ་ཞིག་ཡིན་པར་འདོད།  བར་སྡེ་ནི་ཞིང་འབྲོག་གཉིས་ཀ་དར་ཞིང་དམག་འཐབ་ལ་ཤིན་ཏུ་མཁས་ཤིང་སྐྱེས་པ་དག་གི་མི་གཤིས་རྩུབ་ལ། ཁྲོ་སྐྱབས་ཀྱི་མཐའ་མཚམས་སྲུང་བའི་ཡུལ་མི་སྟེ།  གཙོ་བོ་ཁྲོ་སྐྱབས་ཀྱི་དམག་དཔོན་འཚར་ལོངས་བྱུང་སའི་ཡུལ་གྲུ་ཞིག་དང་།  ཕ་རོལ་ལ་འགོག་རྒོལ་བྱེད་པའི་དཔའ་ངར་སྟོབས་གསུམ་ཚང་བའི་ཡུལ་གྲུ་ཞིག་ཏུ་འདོད་དོ། །སྨད་སྡེ་ནི་གཙོ་ཆེ་བ་རོང་ཡུལ་ཡིན་པས་ཞིང་ལས་དར་ཁྱབ་ཆེ་ཞིང་སྒྱུ་རྩལ་གྱི་རྣམ་དཔྱོད་ཧ་ཅང་རྒོད་ལ། ཁ་བ་གངས་ཅན་གྱི་ལྗོངས་འདིར་ཆེས་ཐོག་མའི་བཟོ་རིགས་སྣ་ཚོགས་དང་གསེར་དངུལ་ཟངས་ལྕགས་ཀྱི་བླུག་པའི་མཆོད་ཆས་རིགས་སྣ་ཚོགས་སུ་དར་བའི་བོད་ཀྱི་བཟོ་རྩལ་རིགས་སྣ་ཚོགས་སུ་དར་ཁྱབ་ཆེ་བའི་ལྟེ་གནས་ཞིག་ཏུ་གྲུབ་ལ།  ལྷག་པར་དུ་ཆོས་ལུགས་པས་སྤྱོད་པའི་ལྷ་ཆས་དང་མཆོད་ཆས་རིགས།  ད་དུང་དམག་གི་གོ་ཁྲབ་མཚོན་ཆའི་རིགས་དང་ཁྱིམ་ཐབ་ལ་མཁོ་བའི་ཁྱིམ་ཆས་རིགས་སུ་གྱུར་བའི་ལག་ཆ་འདྲ་མིན་དང་ཐབ་ཆའི་རིགས་སྣ་ཚོགས་སུ་བཟོ་སྐྲུན་བྱས་ཏེ་སྒྱུ་རྩལ་ཕུན་སུམ་ཚོགས་པ་ལྡན་ཞིང་། གནའ་སྔ་རབས་སུ་བལ་ཡུལ་ལས་ཐོན་པའི་མཆོད་ཆས་རིགས་དང་རྒྱལ་རོང་ཆུ་ཆེན་དང་ཁྲོ་སྐྱབས་ལས་ཐོན་པའི་མཆོད་ཆས་རིགས་གཉིས་རྒྱུ་ཆ་དང་ལག་རྩལ་ཕྱོགས་གང་ཐད་ལ་བཟང་ངན་འབྱེད་དཀའ་ཞིང་།  ཆེད་ལས་བཟོ་རིགས་སྒྱུ་རྩལ་གྱི་ཆ་ལ་འབུར་དུ་ཐོན་པའི་ཕུལ་བྱུང་གི་རིན་ཐང་ལྡན་པར་གྲགས།

།།

་་་་་་་་་་་་་་་་་་་ས་གནས་ཡུལ་མི་ཡང་ཡུལ་གཞན་དང་མི་འདྲ་བར་ངག་རིག་འཇམ་ཞིང་གུས་ཞབས་དང་ལྡན་པའི་རྒྱལ་པོའི་རིགས་རྒྱུད་དུ་འདོད་ཅིང་།  ཁ་སྐད་ལའང་གནའ་སྔ་རབས་ཀྱི་ཞང་ཞུང་གི་སྐད་དང་འདྲེས་ཆེ་བས་རྐྱེན་གྱིས་དེང་དུས་སུ་བེད་སྤྱོད་བྱེད་བཞིན་པའི་ཅ་ལག་རིགས་གང་མང་ཞིག་གི་མིང་ཡང་ཞང་ཞུང་གི་ཐ་སྙད་ཤ་སྟག་ཏུ་གྲུབ་མོད།  དེས་ཕྱིར་ས་གནས་ཡུལ་མའི་ཞབས་བྲོ་དང་བསྐོར་བྲོ་སོགས་སྲོལ་རྒྱུན་མ་ཉམས་པའི་རིགས་གནས་འདྲ་མིན་དང་།  ད་དུང་དཔོན་རིགས་དག་ལ་གོ་གནས་དང་ཐོབ་ཐང་གི་ཁྱད་པར་གྱི་ཁྲོད་དུ་གནའ་མཁར་ལ་བཟོ་ལྟའི་དབྱིབས་འདྲ་མིན་དུ་དར་ཞིང་།  དཔེར་ན་གནའ་མཁར་གྱི་དབྱིབས་ལ་ཟུར་བཅོ་བརྒྱད་ཅན་དང་ཟུར་བརྒྱད་ཅན་དང་བདུན་ཅན་ཟུར་བཞི་ཅན་ལ་སོགས་རིགས་འདྲ་མིན་དུ་དེང་སང་ང་ཚོའི་མིག་ལམ་དུ་གསལ་བ་དེ་ཡང་གོང་དུ་བཤད་པ་ལྟར་རོ། །ད་དུང་ཨ་མདོ་དང་ཁམས་པའི་ཆ་ལུགས་དང་མི་མཚུངས་བའི་རྒྱལ་རོང་རང་གི་སྲོལ་རྒྱུན་གྱི་རིགས་གནས་དང་། རྒྱན་ཆའི་རིགས་གང་མང་ཞིག་དར་ས་དང་བཟོ་སྐྲུན་བྱེད་སའི་ཐུན་མིན་གྱི་ཡུལ་གྲུ་ཞིག་ཏུ་འདོད་ལ།  ད་དུང་དཔེ་མཚོན་ཙམ་ཞིག་བཀོད་ན། རྒྱལ་རོང་བས་ཡི་གེ་ཀློག་སྟངས་ནི་ས་ཆ་གཞན་དང་མི་འདྲ་ཞིང་དཔེར་ན་༼ཀ་ཁ་ཕྱེ་དང་ག་ཁ་བཙུམ་༽  ༼ཏ་ཏ་སྒུར་དང་ད་རྐྱང་ལྟ་བུ་ཁྱད་པར་འབྱེད་མི་དགོས་ཤིང་།  ཡི་གེའི་ཀློག་སྟངས་ཀྱི་སྒྲ་ཐོས་པ་ཙམ་ལ་དག་ཆ་སོ་སོ་ནས་མི་ནོར་ཞིང་ཐོབ་ཐང་ཐད་གར་ངོས་འཛིན་བྱེད་ནུས་ལ།  དེ་ནི་རྒྱལ་རོང་བོན་བན་ཀུན་གྱི་ཐུན་མིན་གྱི་ཡི་གེ་ཀློག་སྟངས་གཅིག་མཚུངས་སུ་གྲུབ།  སྤྱིར་སྟངས་རྒྱལ་རོང་ཆུ་ཆེན་ལྟ་བུར་མཚོན་ན་གངས་ཅན་གྱི་ལྗོངས་འདིར་ཆེས་རྒྱལ་རྒྱུད་རིང་བའི་གྲས་སུ་གཏོགས་ཏེ་རྒྱལ་རབས་ཞི་བཅུ་ཞེ་ལྔ་དང་དྲུག་ཅུ་ལྷག་ཏུ་འདོད་ལུགས་གཉིས་སུ་མཆིས་ལ།  ད་དུང་རེ་འགས་བོད་རྒྱལ་སྲོང་བཙན་གྱི་སྐབས་སུ་མཐའ་མཚམས་སྲུང་བའི་དམག་དཔོན་ཁོ་ཕན་ཤར་རྒྱལ་མོ་རོང་དུ་བཏང་བ་ནས་བཟུང་ད་གཟོད་རྒྱལ་རོང་གི་ཡུལ་མི་གཞིས་ཆགས་ཤིང་འཕེལ་རྒྱས་སུ་བྱུང་བར་སེམས་ལ།  དེ་ལྟར་གཏན་ནས་མིན་ཏེ་འདིར་འགྲོ་བ་མི་ཡི་རིགས་སུ་ཆགས་ནས་མི་ལོ་སྟོང་ཕྲག་བཞི་ལྷག་ཙམ་སོང་བའི་ལོ་རྒྱུས་ལ་གཟི་དཔང་བྱེད་པའི་ནུས་པའི་ས་འོག་ལས་ཐོན་པའི་མིའི་སྤྱོད་ཆས་དང་གནས་རྫས་ལ་བརྟག་དཔྱད་མཁས་པས་གསར་རྙེད་བྱུང་བ་དང་།  རྒྱ་ཡི་ཡིག་ཚང་ནང་དུའང་ 东女国 ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་ཏུ་གྲགས་པའི་གངས་ཅན་བོད་ཀྱི་ཤར་ཕྱོགས་སུ་གཏོགས་ཤིང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་སའི་ཐུན་མིན་གྱི་ཡུལ་གྲུ་ཞིག་ཡིན་པར་གྲགས་སོ། །


download         དེས་ན་ཁྲོ་སྐྱབས་འོ་བཟེ་ཕུགས་མདའ་ལུང་གསུམ་དུ་གྲགས་པའི་ཡུལ་ལུང་འདི་ནི་ཁྲོ་སྐྱབས་བར་སྡེའི་ཁོངས་སུ་གཏོགས་ལ། དེ་ཡང་བར་སྡེའི་ཡུལ་ལུང་ཞིག་གི་ཡན་ལག་གི་ཆ་ཤས་ཤིག་ཏུ་གྲུབ།  འདི་ལ་རུ་ཁག་ཆེ་བ་དྲུག་དང་ཚོ་ཕྲན་ཉི་ཤུ་ལྷག་ཙམ་ཡོད་ལ།   དེའི་ནང་བོན་སྡེའི་དུད་ཚང་ལྔ་བརྒྱ་མ་ཟིན་ཙམ་ཞིག་གི་རང་རང་གི་ཚོ་ཁག་སོ་སོའི་བསྟེན་བྱ་གཙོ་བོ་ཡི་དམ་གསས་མཁར་མཆོ་ལྔའི་ནང་ཚན་དབལ་གསས་དང་ཕུར་པ་ཡིན་ལ།  གཞན་ཡང་ད་དུང་མ་རྒྱུད་དང་སྟག་ལྷ་གསང་དྲག་ལ་སོགས་བསྟེན་མཁན་ཡང་ཅི་རིགས་སུ་འདུག།   སྲུང་མ་གཙོ་བོ་སྲིད་རྒྱལ་དྲེའུ་ནག་བསྟེན་ཏེ།  དེ་ལྟ་བུ་ཚོ་ཁག་མི་འདྲ་བ་བཅུ་གསུམ་ལ་ལྷ་ཁང་ཡང་བཅུ་གསུམ་དུ་གྲུབ་ལ།  དེ་ཡང་རྒྱལ་རོང་ཕྱོགས་སུ་བོན་སྡེ་དེ་དག་གི་ཡི་དམ་གཙོ་ཆེ་བ་དབལ་གསས་དང་སྲུང་མ་གཙོ་ཆེ་བ་སྲིད་རྒྱལ་བསྟེན་པས་རྒྱུ་མཚན་གྱིས།    ལྷ་ཁང་བཅུ་གསུམ་ལ་ཡུལ་སྐད་དུ་ལྷ་དབ༵ལ་བཅུ་གསུམ་འབོད་ཅིང་། རྒྱུ་མཚན་ནི་ལྷ༵་དང་སྲུང་མའི་སྡོང་གྲོགས་ཆེ་ཞིང་ཡི་དམ་དབ༵ལ་གསས་རྔམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཞིང་ཁམས་བཅུ༵་གསུམ༵་ཡིན་པས་ན་ལྷ་དབལ་བཅུ་གསུམ་དུ་གྲགས་སོ། །དེ་ཡང་རྒྱུ་མཚན་མེད་པའང་གཏན་ནས་མིན་ཏེ་ཡི་དམ་ཀུན་འདུས་ཀྱི་ངོ་བོ་ལྷ༵་དབལ་གསས་རྔམ་པ་དང་སྲུང་མ་ཀུན་ཀྱི་རྩ་བ་མ་མཆོག་སྲིད་པའི་རྒྱལ་མོས་སྔོན་བསུ་རྒྱབ་སྐྱོར་གྱི་སྡོང་གྲོགས་ཆེ་ཞིང་ཡུལ་འདི་ལས་འཚར་ལོངས་བྱུང་བའི་མི་སུ་ཡིན་རུང་ས་ཕྱོགས་གཞན་དང་ཡུལ་གཞན་དུ་ཕྱིན་ཚེ་དེ་དག་གིས་བྱ་བ་གང་ལ་ཞུག་ཀྱང་ལེགས་ལམ་ངང་མཐའ་རུ་ཕྱིན་ཞིང་ལས་མྱུར་ཞིང་ཁ་ལས་རླུང་རྟ་གཞན་དང་མི་འདྲ་བར་དར་ཞིང་དགེ་རབ་བཤད།  དེ་ལྟ་བུ་ལྷ་དང་སྲུང་མས་སྡོང་གྲོགས་ཆེ་ཞིང་ཡི་དམ་གྱི་བྱིན་རླབས་ནུས་མཐུའི་དབལ་ཁ་ཧ་ཅང་རྣོ་ཞིང་ཡོན་ཏན་ནམ་རང་བཞིན་གྱི་ཁྱད་ཆོས་དང་ལྡན་པས་ན་ལྷ་དབལ་བཅུ་གསུམ་དུ་གྲགས་པའི་གནས་དེར་དེང་སང་ཡང་མཁར་གྱི་ཤུལ་དང་རྩིག་རིམ་ལྷག་མ་སོགས་ཆུ་བུར་མིག་གིས་མངོན་སུམ་དུ་མཇལ་ཡུལ་དུ་གྱུར་བར་མ་ཟད་དུས་བཟང་ཚེས་བཟང་གི་ཉིན་ལ་ཡུལ་མི་རྣམས་ཀྱིས་བསང་མཆོད་དང་ཕྱག་སྐོར་ལ་སོགས་འགྲོ་བའི་སྔ་མའི་ལུགས་སྲོལ་ཡང་རྒྱུན་བསྐྱོང་བྱེད་བཞིན་འདུག།
། 

་་་་་་་་་་་་་་་་་ཡུལ་དེར་འཁྲུངས་བའི་རྫི་བོ་བླ་མ་རིག་པ་རང་ཤར་དུ་གསོལ་བ་དེ་ཉིད་སྐུ་ན་ཕྲ་དུས་སུ་བར་དོའི་འཇིགས་སྣང་གིས་རྐྱེན་བྱས་ཏེ་དགུང་ལོ་བཅུ་གསུམ་གྱི་བར་དུ་བསྙོན་པའི་ཚུལ་དུ་གནས་ཅིང་ལྷག།  འབྲེལ་ཡོད་ཀྱི་མི་དང་གཉེན་འབྲེལ་དག་གིས་བྱིས་པ་འདིར་རྒྱལ་བསེན་སོགས་ཀྱིས་གནོན་པ་དང་སེམས་ལ་གདོན་ཞུགས་པར་སེམས་ཏེ་པྲ་ཕབས་ཤིང་མོ་དང་གཏོ་དཔྱད་ཅི་རིགས་སུ་བྱས་ཀྱང་ཕན་ངོ་མེད་པར་སླར་ཡང་སྔར་དང་འདྲ། ཨ་མས།  ཨ་མ་ལྟོས་ཡུལ་བུ་གཅིག་ངོ་བས་མེད།  ནོར་རྫས་མ་བརྩིས་གཏོ་དཔྱད་འབུང་བར་གྱིས།  མི་ཡོད་ནོར་མེད་བློ་གཅིག་རེད་པ་སྐད། ཅེས་གསུངས་པར།  རིག་པ་རང་ཤར་གྱིས།  མ་བསྙོས་བདེན་པའི་ཚིག་ཅི་ཙམ་གསུངས་ཀྱང་གང་གིས་ཀྱང་ཡིད་མི་ཆེས་ཤིང་།  ད་དུང་ཡུལ་མི་དག་གིས་འདི་ལྟར་བཤད།  འདྲེ་ཡི་ཚིག་ལ་ཉན་མེད་ཟེར། དེ་དུས་ཨ་བུ་ངེས་མེད་སྐབས་རེར་ཁུང་དགོད་ཤོར་ཞིང་སྐབས་རེར་ཚངས་རྒྱུང་འཇིག་རྟེན་གྱི་སྐྱེ་ཤིར་གཟིགས་ཏེ་ངུས།    ཆུང་དུས་ནས་བོན་སྤྱོད་ཀྱི་ཚིག་ཐར་ཐོར་དང་ལྟ་བའི་མགུར་དབྱངས་ཆལ་ཆོལ་སྨྲས་ཏེ་བྱིས་པའི་རྩེད་གྲོགས་རྣམས་ལ་དགེ་བ་ལ་བསྐུལ་མ་བྱས་པའི་ཚུལ་བསྟན།  དགུང་ལོ་བཅོ་བརྒྱད་ཐོག་ཆགས་མེད་ཀྱི་བརྟུལ་ཤུགས་ཀྱི་སྤྱོད་པ་ཅི་རིགས་སུ་བྱས་ཏེ་འཇིག་རྟེན་གྱི་སྣང་བ་རྒྱབ་ཏུ་བོར་ནས་གཏན་གྱིས་འདུན་མ་གྲུབ།   དགུང་ལོ་ཉེར་གཉིས་སྟེང་དུ་རེ་ཞིག་ཡབ་གཞིས་སྤངས་ཏེ་སྟོད་གངས་རིན་པོ་ཆེ་དང་གཙང་སྟོད་དབལ་རོང་གསང་གནས་ཕྱོགས་སུ་གནས་མཇལ་ཕྱིན།  དགུང་ལོ་ཉེར་ལྔར་འབྲུག་ལོ་དཔྱིད་ཟླ་ར་བའི་ཡར་ཚེས་གསུམ་ཉིན་འགྲོ་མགོན་ཚེ་དབང་རིན་འཛིན་གྱིས་རྫི་བོ་རིག་པ་རང་ཤར་ལ་རྫོགས་པ་ཆེན་པོ་ལྟ་བ་ཐོག་བབ་སྙན་དུ་བརྒྱུད་དེ་ཡི་གེར་བཀོད།  རྗེ་བཙུན་ཚེ་དབང་རིག་འཛིན་གྱིས་ལོ་ལྔའི་རིང་འགྲོ་བ་གཞན་ལ་བཤད་དུ་མི་རུང་བའི་བཀའ་རྒྱ་ཡོད་ཀྱང་གདུལ་བྱ་གཞན་གྱི་དགོས་མཁོའི་དོན་ལ་བབ་པར་དགོངས་ནས་ལོ་བཞི་ལོན་པ་ཙམ་ལ་སྤེལ་བར་བྱས་ཏེ།   ཅུང་ཟད་ཚེ་ལ་གནོན་ཅིང་ཟན་པར་ཡོད་ཀྱང་འགྲོ་བའི་ཆེད་དུ་ཡིན་པས་ཐུགས་ལ་འགྱོད་པ་མེད་ཅེས་གསུངས།  དེས་ཕྱིར་རྫི་བོ་བླ་མ་རིག་པ་རང་ཤར་ནི་རྗེ་བཙུན་ཚེ་དབང་རིན་འཛིན་གྱི་ཐུགས་སྲས་ལྟ་བུ་ཡིན་པ་གདོན་མི་ཟ་བའོ། །


1111         དེ་ནས་ཡུལ་སྐད་དུ་མཁར་བ་རུ་འབོད་པའི་གནས་དེར་མཚམས་ཁང་གི་དབྱིབས་མཁར་དང་འདྲ་ཞིང་།  ཐོག་བརྩེགས་གསུམ་གྱི་རྩིག་རིམ་ཚར་ལ་ཁད་དུ་གྱུར་བའི་སྐབས་དེར་རྡོ་རྩིག་མཁན་ན་རེ། འ་ཁ་ཁ་ད་དུང་དུས་ཚོད་ཏོག་ཙམ་ཡོད་ན་ཚང་མ་ལེགས་གྲུབ་བྱུང་འདུག་ཞེས་ལབ་གླེང་བྱས་དུས་རྫི་བོ་བླ་མས་ཞལ་ནས་ངས་ཁྱེད་ཅག་འོ་བརྒྱལ་ལ་གཏད་འདུག་སྙམ་མ་གཏོགས་ཁོང་ལ་ཐབས་ལམ་ཡོད་ཅེས་གསུངས་ནས་མཚམས་ཁང་རྒྱབ་ཕྱོགས་སུ་བྲག་གི་ངོ་ལ་ལྕགས་ཕུར་བརྒྱབས་ཏེ་ནམ་མཁའི་ཉི་མ་ཡང་དེ་ག་རང་བཟུང་ཏེ། ཀུན་གྱིས་དགོད་སྒྲ་ལྷང་ལྷང་ངང་མཁར་བརྩིགས་ལེགས་འགྲུབ་བྱུང་བ་རེད།  དེང་སང་ཡང་བྲག་གི་སྟེང་དུ་ཕུར་པ་བརྒྱབ་ཤུལ་ཀུན་གྱི་མཇལ་ཡུལ་དུ་གྱུར་ལ། ངག་རྒྱུན་དུ་མཚམས་ཁང་གི་བརྩིགས་རྡོ་ཐམས་ཅད་གཏེར་རྡོ་ཡིན་པར་འདོད་དེ།  གནས་དེའི་ཉེ་འགྲམ་ལ་བརྩིགས་རྡོ་གཅིག་ཀྱང་མཐོང་རྒྱུ་མེད་པར་བཤད།  དེ་ནས་ཁོང་གསང་སྔགས་མ་རྒྱུད་མཚམས་སུ་བཞུགས་པའི་སྐབས་དེར། བླ་མ་གསེར་ཆུ་ཐང་དུ་གྲགས་པའི་གནས་དེར་མཚན་མོར་རྟག་པར་འོད་ཀྱི་ཐིག་ལེ་དང་རྟགས་མཚན་མང་པོ་འདྲ་མིན་ཡོད་པར་གཟིགས་ལ། འོན་ཀྱང་ཉིན་མོར་འོད་དང་རྟགས་མཚན་ཡོད་སའི་གནས་དེ་གང་ཡིན་ཏག་ཏག་ཆ་མི་འཚལ་ཞིང་།  ཉིན་ཞིག་གི་མཚན་མོར་མཚམས་ཁང་གི་སྒེའུ་ཁུང་ཟུར་དུ་གྲི་རྐང་ངམ་རྐང་དུང་ཐག་པས་བསྡམས་ཏེ་རྐང་དུང་ནང་འོད་ཀྱི་ཐིག་ལེ་ལ་གཟིགས་ཏེ་ས་ཆ་ལ་ཆག་བཞག་ཏེ་ཕྱི་ཉིན་ནམ་ལངས་རྗེས་བསྐྱར་དུ་རྐང་དུང་ནང་དུ་ཐེངས་ཅིག་གཟིགས་དུས་འོད་ཀྱི་ཐི་ལེ་དང་ཆོ་འཕྲུལ་འདྲ་མིན་བྱུང་ས་གནས་དེར་གང་ཡིན་ངེས་གཏན་ཁེལ་བར་བྱུང་།  གནས་དེའི་རྒྱབ་རི་ལ་ཨ་ཡིག་རང་བྱུང་ཡོད་ལ་ཨ་ཡིག་དེ་ཡང་དབྱར་དཀྱིལ་ལྟ་བུ་རྩི་ཤིང་རྒྱས་དུས་ཧ་ཅང་གསལ་བར་མངོན་ཞིང་།   དེ་ནས་རྫི་བོ་བླ་མ་རིག་པ་རང་ཤར་གྱིས་གནས་དེར་དགོན་པ་ཞིག་བཞེངས་ན་ཀུན་ལ་ཕན་ཐོག་ཆེ་བར་དགོངས་ཏེ་ཚོ་ཁག་མི་འདྲ་བ་བཅུ་གསུམ་གྱི་ལྷ་དབལ་བཅུ་གསུམ་ཕྱོགས་གཅིག་ཏུ་བསྡུས་ནས་འོད་ཀྱི་ཐིག་ལེ་དང་ཆོ་འཕྲུལ་སྣ་ཚོགས་བྱུང་སའི་གནས་དེར་སྐུ་དངོས་སུ་ཕེབས་ཏེ་ས་རྐོ་རྡོ་བསློགས་དང་རྨང་གི་གཞི་རྡོ་བརྩིགས་ཏེ་སྐུ་ཡིས་ཕྱག་ལས་དངོས་སུ་གནང་ཏེ་མཐར་ཀ་བ་བཞི་ཅན་གྱི་ཚོགས་ཁང་ཞིག་ལེགས་གྲུབ་བྱུང་རྗེས་མཚན་ཡང་གདན་ས་བླ་མེད་ཡིད་བཞིན་ནོར་བུ་གླིང་དུ་གསོལ་ཏེ་གཅིག་གྱུར་གྱི་དགོན་པའི་ཚོགས་ཁང་གསར་དུ་བཞེངས་བར་མ་ཟད་རིག་པ་རང་ཤར་གྱི་ཆེས་ཐོག་མར་བཞེངས་བའི་དགོན་པ་ཞིག་ཏུ་གྱུར།  རྫི་བོ་རིག་པ་རང་ཤར་གྱིས་གནས་དེར་སྲིད་རྒྱལ་དྲེའུ་ནག་མོ་དངོས་སུ་གདན་དུ་དྲངས་ཤིང་།  ལྷ་དབལ་བཅུ་གསུམ་གྱི་ནང་ཚན་ཡུལ་སྐད་དུ་རྔུ་སྐྱིད་འོ་རུ་གྲགས་པའི་གནས་དེར་སྲིད་པ་རྒྱལ་མོའི་ཐུགས་ཧ་ཅང་དགྱེས་པའི་ཚུལ་བསྟན་ཏེ་དངོས་སུ་འཕུར་ཤུལ་དུ་སྐུ་ལ་གསོལ་བའི་ཐུལ་བའི་རི་མོ་མོའི་རྗེས་རྡོའི་སྟེང་དུ་ད་ལྟ་ཡང་མཇལ་རྒྱུ་འདུག།  ཐུལ་བ་ལ་ཡུལ་སྐད་དུ་སྒུར་པ་ཟེེར།   ངག་རྒྱུན་ཁྲོད་དུ་དགོན་པ་དེ་བཞེངས་ནས་མི་ལོ་གཅིག་སྟོང་ལྷག་གི་ལོ་རྒྱུས་ཀྱི་ཁུངས་བཙུན་པར་འདོད་དོ།།

།          དེ་ནས་རྗེ་ཚེ་དབང་རིག་འཛིན་གྱིས་རྫོགས་ཆེན་ལྟ་བ་ཐོག་བབ་ལེའུ་གསུམ་གྱི་རང་བཞིན་ཅན་སྙན་དུ་བརྒྱུད་ཅིང་། ཡུལ་སྐད་དུ་མཁར་བ་རུ་འབོད་པའི་གནས་དེར་མ་རྒྱུད་གསང་མཆོག་མཐར་ཐུག་ཉམས་སུ་བླངས་ནས་སྐུ་མཚམས་བཞུགས་དུས་གཞུང་ལུགས་ཉམས་ལེན་གྱི་གསུང་པོད་དུ་མར་མཛད་གང་མང་ཞིག་ཕྱིས་སུ་དུས་ངན་གྱི་ཆག་འཇིག་གི་ཀློང་ལ་ཐིམ་པར་བཤད། དེ་ནས་བླ་མ་རིག་པ་རང་ཤར་སྐུ་འཁོར་དང་བཅས་པ་སྟོད་གངས་རི་ལ་གནས་མཇལ་དུ་ཕྱིན་ནས་ཕྱིར་མར་ཕེབས་ཏེ་འོ་བཟེའི་ཡུལ་ཕུགས་མདའ་ལུང་གསུམ་ཚང་མར་མཐོང་སའི་རི་ཡི་ཉག་ཁར་རྒྱལ་རོང་ཡུལ་སྐད་དུ་གཡའ་ཕ་རུ་འབོད་པའི་ཉག་ཁ་ལ་འབྱོར་ནས་སྐུ་ངལ་གསོའི་དུས་རྒྱབ་ལ་སླེ་བོ་ཁུར་ཞིང་ངོ་གདོང་རྔུལ་ཆུས་གཡོགས་ཏེ་མིག་མཐར་མིག་སྐྱག་གིས་གང་ཞིང་།  གོས་ཧྲུལ་གྱིས་ལྭ་བ་གྱོན་པའི་བུད་མེད་ཤིག་འབྱོར་དུས་རིག་པ་རང་ཤར་གྱིས་རུམ་ནས་ཁ་བཏགས་དཀར་པོ་ཞིག་བླངས་ཏེ་མོའི་སྐེ་ལ་བསྐོན་ཏེ་དེ་རིང་རྟེན་འབྲེལ་འགྲིག་ཞིང་ཧ་ཅང་གི་ལེགས་ཚུལ་བརྗོད་དེ་གནས་དེ་ལ་བཙས་ཤིག་གསོལ།   དེ་དུས་ཉེ་འགྲམ་གྱི་སྐུ་འཁོར་དག་གིས་ཧང་སང་ཞིང་ཧོན་འཐོར་ཏེ་སྟོད་གངས་རི་ནས་ད་བར་ལུས་དང་ལངས་ཚོ་དར་ལ་བབ་ཞིང་སྒེག་ཉམས་ཅན་ཤ་སྟག་དང་ཐུག་འཕྲད་བྱུང་ནའང་བླ་མས་མིག་གིས་ཀྱང་མི་བལྟ་མོད། འོན་ཀྱང་དེ་རིང་འདི་ལྟ་བུ་ནི་ཆེས་ངོ་མཚར་སྐྱེ་བའི་གནས་ལས་མ་འདས་སྙམ་ཏེ་རེ་འགས་ལྐོག་ལབ་བྱས་ཤིང་རེ་འགས་འཕྱ་སྨོད་བྱས། གནས་དེར་དེང་སང་ཡང་མཐར་རྡོ་འབུམ་གྱིས་བསྐོར་ཞིང་ལ་བཙའ་དེར་ཕར་འགྲོ་ཚུར་ཡོང་མཁན་གྱི་མགྲོན་པོ་བོན་བན་སུ་ཡིན་རུང་རླུང་རྟ་གཏོར་བཞིན་སྨོན་ལམ་འདེབས་སྲོལ་ད་དུང་ཡང་ཡོད་དོ།།

་་་་་་་་་་་་་་་ཡིན་ནའང་བུད་མེད་དེ་ནི་རྒྱལ་རོང་ཡུལ་སྐད་དུ་གཡུ་སུམ་རུ་འབོད་པའི་གྲོང་ཚོ་དེའི་ཡུལ་མི་ཡིན་པར་མ་ཟད་ཆོས་ལུགས་ཀྱང་རྙིང་མ་ཡིན་པར་གྲགས། མོའི་མཚན་དངོས་ནི་ཐུབ་པ་སྨིན་ཡིན་ལ་འོན་ཀྱང་ཁོང་ཧ་ཅང་གི་བཟོ་ལྟ་ངན་ཞིང་སྤྱོད་པ་རྩིང་པས་ཡུལ་མི་ཀུན་གྱིས་ཁོང་གི་མཚན་ལ་ག་བ་སྨིན་དུ་བཏགས། ཡུལ་སྐད་དུ་ག་བ་ནི་གོས་ཧྲུལ་ཅན་ལ་གོ། ཕྱིས་སུ་ཁོང་རིག་པ་རང་ཤར་གྱིས་གསང་བའི་ཡུམ་དུ་བསྟེན་ཏེ་མཚན་ཡང་མཁའ་འགྲོ་གཡུང་དྲུང་སྒྲོལ་མ་རུ་གསོལ། རྫི་བོ་བླ་མ་རིག་པ་རང་ཤར་གྱི་གསང་ཡུམ་དུ་གྱུར་བའི་མཁའ་འགྲོ་གཡུང་དྲུང་སྒྲོལ་མ་ནི་ལྷ་དང་སྲུང་མའི་བཀའ་དང་བརྡ་ཐབས་རྟེན་འབྲེལ་འགྲིག་པས་ཡུམ་གྱི་ཚུལ་ཙམ་དུ་བསྟེན་ཞིང་། ཐུགས་ཀྱི་སྲས་གསུམ་ནི་ཁོང་གི་བཀའ་ཟབ་མོ་གསང་སྔགས་བོན་གྱི་སྣོད་དུ་རུང་བའི་རྒྱུད་པ་འཛིན་པའི་མཆོག་གྱུར་གྱི་སློབ་མ་གསུམ་དུ་བྱུང་ལ།  དེ་དག་གི་མཚམས་ཁང་དང་སྒྲུབ་ཕུག་ཡང་དེང་སང་ཀུན་གྱི་དད་པའི་རྟེན་མཆོག་ཏུ་གྱུར་བའི་གནས་ཤིག་ཏུ་གྱུར་ཏེ་གནའ་སྔ་མོའི་ཡུལ་སྲོལ་གྱི་གོམས་གཤིས་ལྟར་ད་ལྟའང་རྒྱུན་སྐྱོང་བྱས་ཏེ་དུས་བཟང་ཚེས་བཟང་སོགས་ལ་ལྷ་ཕྱག་མཆོད་འབུལ་བྱེད་བཞིན་པ་ལགས།

༢༽མཐར་དེ་དག་གིས་བོན་གང་ཞིག་ཉམས་སུ་བླངས་ནས་དགོངས་པ་བོན་དབྱིངས་སུ་ཚུལ་ཇི་ལྟར་གཤེགས་ཚུལ།
/
་་་་་་་་་་་་་་་་མདོ་སྔགས་བླ་མེད་ཡིད་བཞིན་ནོར་བུ་གླིང་གི་མདུན་རི་འབྲུག་གངས་དུ་གྲགས་པའི་རི་བོ་དེ་ཡི་འདབས་རོལ་དུ་ཡུལ་མིས་མཁར་བ་རུ་འབོད་པའི་གནས་དེར་རིག་པ་རང་ཤར་གྱིས་ཡབ་འཕྲུལ་གཤེན་སྣང་ལྡན་གྱི་ཐུགས་ཀྱི་དགོངས་བཅུད་ལས་འཁྲུངས་བའི་སྒྲུབ་པ་ཟབ་མོ་གསང་བ་འདུས་པ་ཡབ་གྱི་རྒྱུད་གཙོ་བོར་ཉམས་སུ་བླངས་བའི་མཐར་དཔལ་གསང་བ་འདུས་པའི་སྐུ་མཆོག་མངོན་དུ་གྱུར་ནས་འབྲས་བུ་སྐུ་འཇའ་ལུས་འཕོ་བ་ཆེན་པོར་གྲུབ་ཏེ་ཕུང་པོ་ལྷག་མེད་དུ་དྭངས་ཤིང་། ས་གནས་ཡུལ་མི་རྒན་རབས་པ་རེ་འགས་ངག་རྒྱུན་དུ་བྱ་འཕུར་ཤུལ་རྗེས་མེད་པ་ལྟར་ང་ཚོའི་བླ་མ་ཡུལ་གཞན་ལ་བཞུད་འདྲ་གར་སོང་ཆ་མེད་གྱུར་ཞེས་བཤད་སྲོལ་ཡོད་ལ།  མཁར་བ་ལས་ཡར་སྤྱི་ལེ་གསུམ་ལྷག་གི་མཚམས་སུ་མཐར་ནགས་ཚལ་གྱིས་བསྐོར་ཞིང་དབེན་གསུམ་འཛོམས་པའི་བྲག་ཕུག་དེར་མཁའ་འགྲོ་གཡུང་དྲུང་སྒྲོལ་མ་ཡིས་ཡུམ་བཟང་ཟ་རང་བཙུན་གྱི་གདམས་ངག་མ་རྒྱུད་གསང་བ་བསེན་ཐུབ་ཉམས་སུ་བླངས་ཏེ་གཞི་དྲུག་དོན་ལ་བསྒོམས། ལམ་དྲུག་ཉམས་སུ་བླངས།  འབྲས་དྲུག་མངོན་དུ་གྱུར་ནས་མཐར་དེ་གར་སྒྱུ་མའི་འོད་སྐུ་ཆེན་པོ་འགྲུབ་པར་བཞེད་དོ།།


་་་་་་་་་་་་་་གནས་མཆོག་སྐུ་བླ་ར་ཁང་གི་ཞོལ་དུ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་གནས་རི་ཐུགས་ཀློང་དུ་གྲགས་པའི་གནས་དེའི་གཡས་ཕྱོགས་སུ་ནགས་ཚལ་སྣ་ཚོགས་འཛོམས་ཤིང་དཀྱིལ་འཁོར་གྱི་བཀོད་པ་འདྲ་བའི་དབུས་སུ་རང་བྱུང་གི་བྲག་ཕུག་དང་ལ་ཧེ་མཚོ་སྨན་རྒྱལ་མོའི་ཉེ་འདབས་སུ་སྒྲུ་ཕུག་གཉིས་ལ་ཐུགས་སྲས་གསས་ཆེན་དང་གསས་ཆུང་གཉིས་ཀྱིས་སྲས་འཆི་མེད་གཙུག་ཕུད་ཀྱི་ཡང་ཞུན་སྙིང་ཐིག་བདུད་རྩིའི་རོ་མཆོག་གཉིས་མེད་དོན་ལྡན་སྲས་ཀྱི་རྒྱུད་ཉམས་སུ་བླངས་ཏེ་མཐར་ཕྱོགས་བཞིར་འཇའ་འོད་དང་ལྷན་དུ་ཡལ་བར་འདོད་ལ།

/

           222ཐུགས་སྲས་ཐ་ཆུང་དྲན་པ་བདུད་འདུལ་གྱིས་རྫི་བོ་རིག་པ་རང་ཤར་གྱིས་བཏབས་པའི་མདོ་སྔགས་བླ་མེད་ཡིད་བཞིན་ནོར་བུ་གླིང་འདི་ཉིད་འཛིན་སྐྱོང་བྱས་དེ་མཐར་གསང་བ་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་དགོངས་པའི་ཡང་བཅུད་གཉིས་མེད་དོན་ལྡན་སྲས་ཀྱི་རྒྱུད་གཙོ་བོར་ཉམས་སུ་བླངས་ཤིང་དྲན་པ་བདུད་འདུལ་སྐུའི་དགུང་ལོ་བདུན་གྱི་ཐོག་ལ་བདུད་ཀྱི་སྲིན་མོ་སྦྲུལ་ནག་རེ་འབྱམས་གྱི་གཟུགས་ཅན་དངོས་སུ་བསྒྲལ་ནས་འབྱུང་བ་ལ་རང་དབང་ཐོབ་པའི་རྟགས་སུ་རྡོ་ལ་བྱིས་པ་ལོ་བདུན་གྱི་ཞབས་རྗེས་དང་བསྟན་འགྲོའི་དོན་དུ་འཕྲིན་ལས་རྒྱ་ཆེན་པོར་མཛད་ཅིང་།  མཐར་རེ་ཞིག་འགྲོ་དོན་རྫོགས་པར་དགོངས་ཏེ།  སྐུ་མི་རྟག་མྱ་ངན་གྱིས་ཚུལ་བསྟན་ཏེ་དགོངས་པ་བོན་དབྱིངས་སུ་གཤེགས་ཏེ། བླ་མེད་དགོན་གྱི་དགོན་འདབས་སུ་ཡུལ་སྐད་དུ་པད་ཀེ་རུ་འབོད་པའི་གནས་དེར་སྐུ་གདུང་ཞུགས་འབུལ་བྱས་པའི་ཤུལ་དུ་མཆོད་རྟེན་གྱི་འདབས་སུ་བྱིས་པ་ལོ་བདུན་གྱི་རྡོ་ལ་ཞབས་རྗེས་དང་རང་བསྲེལ་སོགས་ད་ལྟ་ཀུན་གྱིས་མཇལ་ཡུལ་དུ་གྱུར་བ་ལགས་སོ།།

༣༽ དེ་དག་གི་གསོལ་འདེབས་དང་བཅས་ལ་ས་གནས་ཡུལ་མའི་ངག་རྒྱུན་དང་འབྲེལ་བའི་ཐོག་ཚིག་དོན་ཟུང་དུ་འབྲེལ་བའི་འགྲེལ་བཤད་ཕྲན་བུ།

ཨེ་མ་ཧོ།
དོན་དམ་སྔགས་ཀྱི་བདག་ཉིད་གསང་འདུས་གཤེན།།
མཐོང་ཐོས་དྲན་རེག་བདེ་བཀོད་ཚེ་ལ་དབང་།།
སྤྲུལ་པའི་སྐུ་མཆོག་མཐའ་འཁོབ་མུན་སེལ་སྒྲོན།།
རིག་པ་རང་ཤར་ཞབས་ལ་གསོལ་བ་འདེབས།།

     དོན་དམ་སྔགས་ཀྱི་བདག་ཉིད་གསང་འདུས་གཤེན།།
ཤེས་བྱ་ཀུན་གྱི་གཤིས་ལུགས་སམ་ཡང་བཅུད་མཐར་ཐུག་གི་དོན་ད༵མ་པའམ་ཡང་དག་པ་ཟབ་མོ་སྟོང་པ་ཉིད་ཉམས་སུ་བླངས་ཏེ་གསང་བ་སྔགས༵་ཀྱི་ལྟ་སྤྱོད་ལ་ཕུ་ཐག་ཆོད་ཅིང་ཐམས་ཅད་ཐུགས་ལ་མངའ་ཞིང་དབང་ཐོབ་པས་འགྲན་ཟླ་དང་བྲལ་བའི་བདག་ཉིད་༵ཆེན་པོ་ཟབ་དཀར་གསང་བ་སྔགས་ཀྱི་ལྟ་བའི་དགོངས་བཅུད་ཕྱོགས་ཅིག་ཏུ་བསྡུས་ཤིང་དཔལ་གསང་བ་འདུས་པའམ་ཡི་དམ་གསང་མཆོག་རྒྱལ་པོའི་སྐུ་མཆོག་མངོན་དུ་གྱུར་ཞིང་དེ་དང་ངོ་བོ་དབྱེར་མེད་དུ་གྱུར་བའི་གཤེན་༵པོ་གང་།

་་་་་་་་་་མཐོང་ཐོས་དྲན་རེག་བདེ་བཀོད་ཚེ་ལ་དབང་།།
སྔོན་བསགས་སྦྱང་འཕྲོ་བསོད་ནམས་མི་དམན་པའི་ཉེར་ལེན་དང་རྣམ་དཀར་དགེ་བའི་སྟོབས་ཀྱིས་ལས་འཕྲོ་སད་ཅིང་སྐལ་བ་དང་ལྡན་པའི་གདུལ་བྱ་དག་གིས་ཆུ་བུར་མིག་གིས་མངོན་སུམ་དུ་མཐོང་བའམ་ཞལ་མཇལ་དང་བཀའ་རྒྱུད་ཟབ་མོ་གཡུང་དྲུང་གི་བོན་ལ་སོགས་དངོས་སུ་ཐོས༵་པ་དང་རྒྱུན་དུ་མཆོད་འབུལ་དགེ་སྒྲུབ་སྡུག་སྤང་གི་དོན་ལ་གཟབ་ཅིང་ལྷག་པར་དུ་དུས་བཟང་ཚེས་བཟང་གི་ཉིན་མོར་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ལུས་ཀྱིས་བསྐོར་བ་དང་ལྷ་ཕྱག་འཚལ་ཞིང་ངག་གིས་སྒྲ་དག་ཚིག་གསལ་གྱིས་ཞལ་འདོན་དབྱངས་སུ་གྱེར་ཏེ་ཡིད་ཀྱི་ཀུན་སློང་གཙང་ཞིང་རྣམ་པར་དག་པའི་སྒོ་ནས་སྐུ་གསུངས་ཐུགས་རྟེན་ལ་ཐུག་རེག་བྱེད་པ་དང་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་མཐའ་དག་ཡིད་ལ་དྲ༷ན་པ་ཙམ་གྱིས་རང་རིག༵་པའི་ཡེ་ཤེས་སམ་བྱང་ཆུབ་གྱི་སེམས་རིན་པོ་ཆེ་རང་ངོ་འཕྲོད་ཅིང་མཐར་ཐུག་སྤང་རྟོགས་མཐར་ཕྱིན་པའི་བདག་ཉིད་བོན་སྐུ་བདེ་བ་ཆེན་པོའམ་སངས་རྒྱས་ཀྱི་ས་ལ་བཀོད་ནུས་ཤིང་སྐྱེས་འཆི་མེད་པའི་ཚེ་ལ་རང་དབང་ཐོབ་པའི་རིག་འཛིན་ཆེ་པོ་སྟེ།


་་་་་་་་་་་་སྤྲུལ་པའི་སྐུ་མཆོག་མཐའ་འཁོབ་མུན་སེལ་སྒྲོན།།
དེ་ལྟ་བུ་སྤྲུལ༵་པའི༵་སྐུ༵་རིན་པོ་ཆེ་མཆོག༵་གིས་གདུལ་བྱའི་བློ་དང་འཚམས་པའི་བོན་གསུངས་ཤིང་བཞུགས་པའི་གནས་དང་གསུངས་བའི་བོན་མཐར་སྐོར་བའི་འཁོར་སོགས་རྒྱན་དང་ཆ་ལུགས་སྐུའི་ཚེ་ཚད་གང་ཡང་ངེས་པ་མེད་ཅིང་མ་ངེས་ལྔ་ལྡན་དུ་སྤྲུལ་ཞིང་།  གང་འདུལ་ལ་དེར་སྟོན་གྱི་ཚུལ་དུ་རྣམ་པ་འདྲ་མིན་སྣ་ཚོགས་སུ་སྤྲུལ་ཞིང་བྱོན་ཏེ་གཡུང་དྲུང་གི་བོན་རིན་པོ་ཆེ་མ་དར་སའི་སྨག་རུམ་དང་མུན་པས་གཡོགས་ཤིང་ཁེངས་བའི་མཐ༵འ་འཁོ༵བ་གྱི་ཡུལ་ལུང་ལྟ་བུ་དག་ལ་བསྐལ་བར་བསགས་པའི་མ་རིག་གི་སྨག་ཀློང་མཐུག་པོའི་རླབས་ཕྲེང་རབ་ཏུ་འཕྱོ་ཞིང་གཡོ་བའི་མུན༵་ནག་གི་ཞིང་ཁམས་དེ་དག་དུས་སྐད་ཅིག་ཉིད་ཀྱིས་སེ༵ལ་བར་བྱེད་པའི་འོད་སྣང་གི་སྒྲོན༵་མེ་༵ལྟ་བུ་མངོན་པར་ཤར་ཞིང་།


    རིག་པ་རང་ཤར་ཞབས་ལ་གསོལ་བ་འདེབས།།
དེ་ལྟ་བུ་སྟོང་གསལ་བདེ་བ་གསུམ་གྱི་བདག་ཉིད་རིག༵་པ༵འི་རང་འོད་ཀྱི་རང་གདངས་ཀློང་དུ་ཆུབ་ཅིང་ཐམས་ཅད་ཀ་ནས་དག་པ་ར༵ང་ཤར༵་རང་གྲོལ་དུ་གྱུར་བའི་མཁྱེན་ཅིང་གཟིགས་པ་ཆེན་མོ་སྐྱེས་མཆོག་དམ་པ་དེའི་སྤྱི་བོ་གཙུག་རུམ་ནས་ཞབ༵ས་ཀྱི་མཐིལ་ཡན་ཆད་དུ་ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་ཡང་ལྷག་ལུས་མེད་པར་གང་དང་སུ་ཞིག་གིས་ཡིད་ལ༵་ལྷང་ངེར་དྲན་ཞིང་སེམས་ཀྱིས་གསོལ༵་བ༵་རྒྱུན་དུ་ཕུར་ཚུགས་སུ་འདེབ༵ས་པའི་མཆོད་ཡུལ་དམ་པ་འམ་དད་འདུན་མོས་གུས་ཀྱི་གནས་མཆོག་དམ་པ་མཆོད་ཕྱག་གི་ཡུལ་དུ་གྱུར་བ་དེ་འོ།།

ཨེ་མ་ཧོ།
འབྲུག་གངས་སྟག་གསུམ་ཉམས་རོལ་དབེན་ཕུག་ཏུ།།
གསང་ཡུམ་མཁའ་འགྲོས་གཡར་ཆུ་དུང་རང་བསྒྱུར།།
ཚེ་འདས་རྣམ་ཤེས་སྦྲུལ་སྤྲུལ་གསང་ལམ་འདྲེན།།
གཡུང་དྲུང་སྒྲོལ་མ་ཞབས་ལ་གསོལ་བ་འདེབས།།

      འབྲུག་གངས་སྟག་གསུམ་ཉམས་རོལ་དབེན་ཕུག་ཏུ།།
གནས་སམ་ཡུལ་གཞན་གང་ལ་ཕེབས་དུས་ཆིབས་རྟ་འབྲུ༵ག་དང་གངས༵་སེང་སྟ༵ག་གསུམ༵་གང་རུང་དུ་ཞོན་པའི་དྲག་རྩལ་ཅན་གྱི་ཡུལ་ལྷ་བཞུགས་པའི་གནས་མཆོག་གང་དེའི་ཉེ་འདབས་སུ།  ཉམ༵ས་དང་རྟོགས་པ་རྒྱུད་ལ་འཆར་ཞིང་དགའ་སྟོང་ཡེ་ཤེས་ཀྱི་བདེ་བ་ཆེན་པོ་བཅུ་དྲུག་མངོན་པར་རོ༵ལ་ཞིང་ཡིན་སྣང་ཤར་གསུམ་གྱི་དགོངས་རྩལ་ལྷུན་གྱིས་རྫོགས་ཤིང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་མཐའ་རུ་ཕྱིན་སའི་ཞིང་ཁམས་སུ་མཐར་ནག་ཚལ་གྱི་བསྐོར་བའི་ཚུལ་དུ་གནས་ཤིང་དབུས་སུ་བྲག་རིའི་རྩེ་མོ་གནམ་ལ་ཟུག་པའི་སུམ་མདོར་དབེ༵ན་གསུམ་འཛོམས་པའི་སྒྲུབ་ཕུག༵་ཏུ།༵

     གསང་ཡུམ་མཁའ་འགྲོས་དབྱར་ཆུ་དུང་རང་བསྒྱུར།།
རྫི་བོ་བླ་མ་རིག་པ་རང་ཤར་གྱི་བཞུགས་གནས་མཁར་བ་མཚམས་ཁང་དང་ཆུ་མིག་བར་ཨེན་ཙམ་རྒྱང་ཐག་རིང་ཞིང་འགྲོ་ལམ་གཉེན་འཕྲང་ཆེ་བས་རྒྱབ་ལ་ཆུ་ཟོམ་འཁུར་ས་སྟབས་ཧ་ཅང་མི་བདེ་བར་བརྟེན།  ཕྱག་རྒྱ་མ་འམ་གས༵ང་ཡུམ༵་ཆེན་མོ་མཁའ༵་འགྲོ་༵གཡུང་དྲུང་སྒྲོལ་མ་ལ་མཐུ་དང་ནུས་པ་རྫུ་འཕྲུལ་གྱིས་རྩལ་རྫོགས་ཤིང་གང་ལའང་ཐོགས་ཆགས་མེད་པས།  ནམ་ཟླ་དབྱར༵་དཀྱིལ་གྱི་སྒྲུབ་ཕུག་གི་ཆུ་༵དེ་ཡང་ཁ་དོག་དུང༵་ལྟར་དཀར་ཞིང་འཁྱག་པའམ་དར་གྱི་ར༵ང་བཞིན་དུ་བསྒྱུར༵་རྗེས་སླེ་བོའི་ནང་དུ་ཁུར་ཞིང་མཁར་བ་མཚམས་ཁང་དུ་ཕེབས་པའི་བཤད་སྲོལ་ཡོད་པར་བརྟེན།  ཆུ་དེར་ཡོངས་གྲགས་སུ་མཁའ་འགྲོའི་གནས་ཆུ་རུ་འབོད་དོ།།

    ཚེ་འདས་རྣམ་ཤེས་སྦྲུལ་སྤྲུལ་གསང་ལམ་འདྲེན།།
གནས་མཆོག་སྐུ་བླ་ར་ཁང་གི་མདུན་ཕྱོགས་སུ་ཆོས་ལུགས་ཇོ་ནང་གི་དུད་ཚང་ལྔ་བཅུ་ལྷག་ཙམ་ཡོད་ལ།  ཉིན་ཞིག་གྲོང་གསེབ་དེར་ཐོལ་བྱུང་དུ་མི་ཞིག་འདས་གྲོངས་སུ་སོང་བར་བརྟེན་རྫི་བོ་བླ་མ་གདན་འདྲེན་དུ་ཞུས་ཏེ་རྫི་བོ་བླ་མས་འདོན་པ་གསུངས་འགོ་རྩམ་སྟེ།  འགུག་གཞི་ལ་སླེབ་དུས་དལ་ཙམ་ཉམས་ཐུན་བསྐྱངས་རྗེས་གློ་བུར་དུ་སྦྲུལ་ནག་ཞིག་གིས་ཚེ་འདས་ཤི་རོ་ལ་སྐོར་གསུམ་འཁྱུག་ཅིང་དསྐྲིས་ཏེ་བསྡད།   དེའི་རྗེས་གསང་ཡུམ་མཁའ་འགྲོ་གཡུང་དྲུང་སྒྲོལ་མས་ཤི་རོ་རྟ་ལྟར་ཞོན་ནས་སྦྲུལ་ནག་གསང་བའི་ལམ་དུ་དྲངས་ཏེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཚངས་པའི་བུ་གར་དུ་བ་འདྲ་སྔོ་ལོང་ངེར་འཕྱུར་ཞིང་ཚེ་འདས་ཀྱི་རྣམ་ཤེས་ཀྱང་གཞའ་ལྟར་ཡལ་ཏེ་འོག་མིན་བདེ་ཆེན་བོན་ཉིད་ཀྱི་དབྱིངས་སུ་བཀོད་ཅིང་། མང་ཚོགས་ཀུན་གྱི་ཆུ་བུར་མིག་གིས་སྤྱོད་ཡུལ་དུ་གྱུར་ཞིང་ཧང་སང་ཞིང་ཧོན་འཐོར་ཏེ།  དེ་ནས་བཟུང་བོན་ཕྱོགས་ལ་སྡང་སེམས་འཆང་བའི་རིགས་ཡོངས་སུ་ཆད་ཅིང་དུད་ཚང་དེར་མི་ཤི་རྗེས་ཡར་རོ་ལངས་ཀྱི་རྒྱུན་ཡང་དེ་ནས་ཆད་རབས་བཤད།  སྤྱིར་དུད་ཚང་དེར་མི་ཤི་རྗེས་བསྐྱར་དུ་སླར་ཡར་རོ་ལངས་བྱ་མཁན་མང་བའི་དུད་ཚང་མིང་ཡང་ཤི་ལངས་བུ་རུ་ཐོག་ཏེ་དེང་སང་ཡང་དུད་ཚང་མིང་ལ་ཤི་ལངས་བུ་རུ་གྲགས་སོ།།

་་་་་་་་་གཡུང་དྲུང་སྒྲོལ་མ་ཞབས་ལ་གསོལ་བ་འདེབས།།
གདོད་མ་ནས་གཞི་ལ་འཁྲུལ་བ་མ་གྲུབ་ཅིང་སྤྲོས་པའི་ངོ་བོ་མཚན་བཅས་ཀྱི་རང་བཞིན་ཡེ་ནས་སྐྱེ་བ་མེད་ཅིང་། རྩལ་དང་རོལ་པའམ་རྫུ་འཕྲུལ་སྣ་ཚོགས་སུ་འགག་པ་མེད་པས་འདུལ་བྱ་གང་འདུལ་ལ་དེར་སྟོན་གྱིས་ཚུལ་དུ་མཛད་དེ།   སྐྱེ་འགག་གཉིས་ཀྱི་དྲི་མའི་མཐའ་ལས་འདས་པའི་ངོ་བོ་འགྱུར་བ་མེད་པའི་སྲ་བརྟན་གཡུང༵་དྲུང༵་གི་རང་བཞིན་དུ་གནས་ཤིང་།  འཁོར་བའི་སྡུག་བསྔལ་གྱི་དུ་ཁ་བཞི་ལས་སྒྲོལ༵་བར་མཛད་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱེད་པའི་བདག་ཉིད།  རིས་མེད་ཀུན་ལ་ཁྱབ་བདལ་དུ་གཟིགས་ཤིང་བྱམས་བརྩེ་འབུམ་གྱིས་ཕྱུག་པའི་མ༵་དྲིན་མོ་ཆེ་ལྟ་བུ་དེར་དུས་དང་རྣམ་པ་ཀུན་དུ་ཞབ༵ས་རྡུལ་སྤྱི་བོར་བླངས་ནས་དེ་ལ༵་རྒྱུན་དུ་གསོལ༵་བ༵་མི་བརྗེད་པར་ཡང་ཡང་འདེབ༵ས་པ་འོ།།

ཨེ་མ་ཧོ།
ཤར་ཕྱོགས་གནས་ཆེན་ར་ཁང་གསང་ཕུག་ཏུ།།
ཐུགས་སྲས་གསས་ཆེན་གླིང་བཞིར་རང་འོད་གསལ།།
ཆུ་མིག་རང་བརྡོལ་གླིང་བཞིར་སྒྲ་སྐད་སྒྲོགས།།
གསལ་བ་འོད་ཆེན་ཞབས་ལ་གསོལ་བ་འདབས།།

་་་་་་་་་་་ཕྱོགས་གནས་ཆེན་ར་ཁང་གསང་ཕུག་ཏུ།།
ཁ་བ་གངས་ཅན་གྱི་ལྗོགས་འདིར་རོང་ཆེན་བཞིའི་ཡ་གྱལ་ཤར་༵ཕྱོགས༵་རྒྱལ་མོ་ཚ་བ་རོང་དུ་གྲགས་པའི་ཡུལ་གྲུ་དེར་ཆུ་བོ་བརྒྱད་འདུས་ཀྱི་དབུས་རི་བོ་དྲུག་ཅུས་བསྐོར་བའི་གནས་མཆོག་གཡུང་དྲུང་སྤུང་རྩེའི་དམུ་རྡོ་ལྷ་གཉན་ལྷ་ཡི་སྲས་སུ་གྲགས་པའི་སྐུ་བླ་ར༷་ཁང༵་ངམ་སྐུ་བླ་དུང་ཕྲེང་དུ་འབོད་པའི་མཐུ་རྩལ་ཅན་གྱི་གཞི་བདག་དེའི་གཡོན་ཕྱོགས་སུ་སྲིད་རྒྱལ་བླ་མཚོ་རུ་གྲགས་པའི་ལ་ཧེ་མཚོ་སྨན་རྒྱལ་མོའི་འདབས་ཞོལ་ཐུགས་ཀློང་དུ་གྲགས་པའི་གནས་དེར་གས༵ང་སྔགས་སྤྱི་སྤུང་རྩ་བའི་རྒྱུད་གསུམ་གྱི་ནང་ཚན་མ་རྒྱུད་གསང་བ་བསེན་ཐུབ་གསང་བ་དགུ་དང་ལྡན་པའི་གསང་མཆོག་ཐུགས་རྗེ་ཉི་མའི་གནས་རི་གསང་སྔགས་རྫོགས་པ་ཆེན་པོ་ཕྱི་ནང་གསང་བ་གསུམ་ལས་གསང་བ་རིག་པ་ལྟ་བ་གཅེར་མཐོང་མངོན་དུ་གྱུར་བའི་སྒྲུབ་པའི་གནས་མཆོག་གི་ཕུག༵་པ་དེར།

་་་་་་་་་་ཐུགས་སྲས་གསས་ཆེན་གླིང་བཞིར་རང་འོད་གསལ།།
རིག་པ་རང་ཤར་གྱི་སྲས་མཆོག་གསུམ་ལས་ཐུགས་༵སྲས་༵ཆེ་བ་གས༵ས་ཆེ༵ན་ནམ་གསལ་བ་འོད་ཆེན་དུ་གྲགས་པ་དེ་ཡིས་གསང་བའི་སྒྱུབ་ཕུག་དེར་སྒྲུབ་པ་ཟབ་མོ་གཉིས་མེད་དོན་ལྡན་སྲས་ཀྱི་རྒྱུད་ཉམས་སུ་བླངས་བའི་མཐར། རྒྱུད་ལ་དངོས་གྲུབ་རྣམ་པ་གཉིས་ལྷུན་གྱིས་རྫོགས་ཏེ། ཟག་མེད་འོད་ཀྱི་དྭངས་མ་སྐུ་འཇའ་ལུས་འཕོ་བ་ཆེན་པོ་དངོས་སུ་གྲུབ་ཅིང་སྒྲུ་ཕུག་གི་ཕྱོགས་བཞི་འམ་གླིང༵་ཆེན་པོ་བཞི་༵ལ་རིག་པའི་རང་འོད་ཀྱི་རང༵་མདངས་གང་སར་གསལ་ཞིང་ཁྱབ་ཏེ། རི་ལུང་ཀུན་ལ་འོ༵ད་ཟེར་གྱིས་ཁེངས་ཤིང་འཕྲོ་བ་འོ།།

་་་་་་་་་་་ཆུ་མིག་རང་བརྡོལ་གླིང་བཞིར་སྒྲ་སྐད་སྒྲོགས།།
རྗེས་འཇུག་ཕྱི་རབས་པ་དག་གིས་དཀོན་མཆོག་ལ་ཡིད་ཆེས་ཤིང་རྒྱུད་ལ་དག་སྣང་དང་བླང་དོར་དགེ་བསྒྲུབ་སྡུག་སྤང་གི་ཆ་ལ་འབད་མཁས་ཤིང་བདེ་བླག་ངང་ངེས་ཤེས་རྒྱུད་ལ་རྙེད་པའི་ཐབས་ཁྱད་པར་ཅན་དང་།  རྒྱུན་དུ་དགེ་བ་ལ་སྐུལ་བའི་སླད་དང་གང་ཟག་སུ་ཞིག་གིས་ཅི་ལྟར་ཉམས་སུ་བླངས་ན་གསལ་བ་འོད་ཆེན་ནམ་གསས་ཆེན་དེ་ལྟར་འགྲུབ་ངེས་པའི་རྟགས་སུ་སྒྲུབ་ཕུག་གི་འགྲམ་དུ་བབ་པའི་ཆུ་སྒྲ༵་ཡང་གཞན་དང་མི་འདྲ་བར་སྙན་ཞིང་འཇེབས་ལ་རྒྱུན་དུ་དུ་ཏྲི་སུའི་དབྱངས་སུ་གྱེར་ཏེ་སྔོན་ལས་དང་འབྲེལ་བའི་གླིང་བཞིར་གནས་པའི་ལས་ཅན་གྱི་སེམས་ཅན་དག་ལ་ཡན་ལག་དྲུག་ཅུ་ཚང་བའི་བཀའ་ཟབ་མོའི་གསུངས་དབྱངས་ཐོས་པར་བྱེད་ཅིང་། གསུངས་འགག་པ་མེད་པའི་རྣ་བའི་བཅུད་ལེན་དུ་གྱུར་བའི་རང་བཞིན་གྱི་གསུངས་སྐ༵ད་སྙན་མོ་འདི་ཅི་སྲིད་དུ་གནས་ཤིང་།  བསྐལ་བ་སྲིད་མཐའི་བར་དུ་ཡང་ཡང་སྒྲོགས་ཤིང་འགྲོ་དོན་རྒྱུན་མི་ཆད་པར་མཛད་དོ།།
  །

        གསལ་བ་འོད་ཆེན་ཞབས་ལ་གསོལ་བ་འདེབས།།
བསྐལ་བར་བསགས་པའི་མུན་ནག་གི་རླབས་ཕྲེང་རབ་ཏུ་གཡོ་ཞིང་། སྨག་རུམ་གི་འདབ་མ་མཐུག་པོར་རྩེགས་པའི་ཞིང་ཁམས་འདིར་ཐམས་ཅད་ཡོངས་སུ་བཅོམ་སྟེ་འཇིག་རྟེན་གས༵ལ་བའི་སྒྲོན་མེ་ལྷང་ངེར་མཁའ་རུ་ཤར་ཞིང་།   གློ་བུར་དུ་བྱུང་བ༵འི་འོ༵ད་སྣང་ཞིག་གིས་ཅི་སྲིད་བདེ་ལ་བཀོད་པར་མཛད་པའི་སྐུ་ཡི་ཐུགས་སྲས་ཆེ༵ན་པོ་སྟེ།   ལྷ་ཡི་སྲས་པོ་གསས་ཆེན་དུ་གྲགས་པ་གང་དེ་ཡིས།  དངོས་སུ་ཞབ༵ས་སོར་འགོད་པའི་གནས་མཆོག་འདིར།  རྗེས་འཇུག་ཕྱི་རབས་པ་དག་གིས་སྒོ་གསུམ་རྣམ་པར་དག་པའི་སྒོ་ནས་དག་པ་རྣམ་གསུམ་གྱི་མཆོད་པ་རྒྱུན་དུ་གསོ༵ལ་ཞིང་།   མཐར་ཐུག་སེམས་ཀྱི་བདེ་བ༵འི་རོ་མཆོག་རྒྱུད་ལ་སྨིན་ཞིང་།  ཀུན་འདུས་རྩ་རྒྱུད་བླ་མའི་བཀའ་དྲིན་མི་བརྗེད་པར་སེམས་ནས་ཡང་ཡང་གསལ་འདེབས༵་པར་བྱ་འོ།།

ཨེ་མ་ཧོ།
མ་རིག་མུན་སེལ་གཡས་རི་གནས་མཆོག་ཏུ།།
ཐུགས་སྲས་གསས་ཆུང་འཛམ་གླིང་རང་འོད་གསལ།།
རྡོ་ལ་གྲུབ་ཆུ་མ་ཏྲི་དབྱངས་རང་གླེང་།།
གསལ་བ་འོད་ཆུང་ཞབས་ལ་གསོལ་བ་འདེབས།།

་་་་་་་་་མ་རིག་མུན་སེལ་གཡས་རི་གནས་མཆོག་ཏུ།།
ནང་མན་ངག་དམར་ཁྲིད་ཀྱི་ཐུགས་རྗེ་རྒྱུན་གྱིས་བསྲིངས་ཤིང་།
རང་རྒྱུད་མ༵་རི༵ག་པའི་འཆང་རྒྱ་ལས་ཐར་ཏེ་འབགས་བཙོག་གི་དྲི་ངན་དང་མུན༵་ནག་འཐུག་པོ་ལྟ་བུ་ལས་གཏན་དུ་བྲལ་ལ། བློ་རྨོངས་པ་གཉིད་ནད་ཀྱི་ར་བ་ལས་ཐར་ཞིང་སེ༵ལ་བར་བྱས་པའི་གཉེན་པོ་སྟེ། གནས་མཆོག་སྐུ་བླ་ར་ཁང་དུ་གསོལ་བའི་སྙན་པའི་བ་དན་ཕྱོགས་བཅུར་གཡོས་བའི་གཡོན་ཕྱོགས་སུ། རི༵་ཡི་མདུན་རྒྱབ་རྫ་རི་དང་ནག་ཚལ་གྱིས་བསྐོར་ཞིང་། གན༵ས་དེ་ལ་ས་གནས་ཡུལ་མིས་མུན་སེལ་དུ་འབོད་ཅིང་། གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མ་ལ་ཕྱི་ནང་གསང་གསུམ་དུ་ཕྱེས་བས་སྒྲུབ་ཕུག་གསུམ་གྱི་ཡ་གྱལ་ཡང་བའི་གནས་མཆོ༵ག་བརྒྱ་རུ་འཛོམས་པའི་གསང་སྔགས་ནང་གི་སྒྲུབ་ཕུག་ཏུ།༵

་་་་་་་་་་ཐུགས་སྲས་གསས་ཆུང་འཛམ་གླིང་རང་འོད་གསལ།།
སྐུ་ཡི་སྲས་མཆོག་གསུམ་ལས་འབྲིང་བ་ཡིས་ལེགས་ཚོགས་ཐམས་ཅད་ཐུགས༵་རྒྱུད་ལ་ས་ལེར་མངའ་ཞིང་རྒྱལ་སྲས༵་གཡུང་དྲུང་སེམས་དཔའི་ངང་ཚུལ་དུ་འཆང་སྟེ།   བཟོད་པའི་སྙིང་སྟོབས་ཀྱི་གོ་ཆ་རྒྱུད་ལ་འཁྲུངས་ཤིང་བརྩོན་འགྲུས་ཀྱིས་རྟ་ཕོར་ཞོན་ཏེ་གསང་སྔགས་ཐེག་ཆེན་གྱི་ལྟ་སྤྱོད་གདན་དུ་བཏང་ནས།  རིག་པའི་གཞུང་ལུགས་གྱི་ཐང་ཆེན་ལ་བང་རྩལ་གྱིས་གོམ་སྟབས་ངོམ་བཞིན།   གཉིས་མེད་དོན་ལྡན་སྲས་ཀྱི་རྒྱུད་ཉམས་སུ་བླངས་མཐར་འབྲས་བུ་གཡུར་དུ་ཟ་ཞིང་།  དགེ་སྡིག་གི་ཆ་ཅི་ལྟར་ཕྲ་ཞིང་ཆུང༵་ན་འང་། ཕྱི་སྤང་ལམ་མདོ་ཡི་ལུགས་ལྟར་བླངས་དོར་གྱི་གནད་ལ་ཤེས་རབ་རྒོད་ཅིང་།  ནང་གསང་བ་སྔགས་ཀྱི་ལྟ་སྤྱོད་ལ་ཐུགས་དགོངས་སྒམ་ཏེ་བསྙེན་པའི་གཞི་མ་སྒོ་དགུ་དང་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཚང་བའི་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པའི་གནད་ལ་ཕུལ་དུ་བྱུང་བའི་མཐར།  གྲུབ་པའི་ཡོན་ཏན་གྱི་གོ་འཕང་མངའ་བརྙེས་ནས་ས་ཆེན་པོ་འཛ༵མ་གླིང༵་གོ་ལ་ཟླུམ་པོ་འདིར་གདུལ་བྱ་རྟག་འཛིན་ཅན་གྱི་ལོག་རྟོག་སེལ་བའི་སླད་དུ་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཞིང་།  སླར་ཡང་སྐྱེ་བ་མེད་ཀྱང་ཆད་པར་ལྟ་བའི་རིགས་ཀྱི་ལོག་རྟོག་སེལ་བར་བྱ་་བའི་ཐབས་ལ་དམིགས་ཏེ་སྐུ་མཆོག་གཞའ་ལྔའི་རང་བཞིན་ཁྲི་འཕང་བར་སྣང་ཁམས་སུ་བཀོད་དེ་རང་༵ལུས་འོད༵་ཀྱི་གུར་ཁང་དྭངས་མ་ནམ་མཁའི་མཐོང་ཁྱབ་ཏུ་གས༵ལ་བར་འཆད་དོ།།

       རྡོ་ལ་གྲུབ་ཆུས་མ་ཏྲི་དབྱངས་རང་གླིང་།།
འབྱུང་བ་ལྔ་ལ་རང་དབང་ཐོབ་ཅིང་གྲུབ་པའི་དབང་ཕྱུག་ཆེན་པོ་གང་དེས།  བསྙེན་སྒྲུབ་གྱི་སྒྲུབ་པ་ཟབ་མོ་ལ་མངའ་བརྙེས་པའི་རྟགས་སུ། མཚམས་ཁང་གི་གྲུ་ཟུར་དུ་རྡོ༵་ལ་མཛུབ་མོས་བྲིས་བའི་གཡུང་དྲུང་གི་རི་མོ་དང་། རང་བྱུང་དུ་བབ་པའི་ཆུ་ལ༵་ཐུན་མིན་གྱི་ཁྱད་ཆོས་རང་བཞིན་གྱི་རྫོགས་ཤིང་གྲུབ༵་ལ།  གཙང་ཞིང་དྭངས་བའི་ཆུ་ཐིགས་ཕྲེང་བ་ཡང་ཚར་དུ་དངར་ཏེ་རིམ་གྱིས་ས་རུ་ལྷུང་དུས།  སྟོན་པའི་ཞལ་སྔ་ལས་གསུངས་བའི་བཀའ་ཡིས་འཁོར་ལོ་དངོས་སུ་སྐོར་བཞིན་པའི་སྣང་བ་སྟེར་ཞིང་།  ཆུ༵་སྒྲ་ཡིས་མ༵་ཏྲི༵འི་བསྙེན་འཛབ་དབྱང༵ས་སུ་གྱེར་ཏེ་འཇིག་རྟེན་རང་ཁ་མ་སུ་ཡིས་ཐོས་ཀྱང་ངོ་མཚར་སྐྱེ་བའི་གནས་སུ་གྱུར།   དེས་ཕྱིར་དད་པ་དང་མོས་འདུན་དྲགས་པོ་ངང་གིས་འཕེལ་ཞིང་།  གནས་དེར་མཇལ་བས་ར༵ང་བཞིན་ཤུགས་ཀྱི་དགེ་བའི་ཕྱོགས་སུ་བློ་ཁ་ཕྱོགས་ནུས་པའི་ཐུན་མིན་གྱི་ཡོན་ཏན་དང་ཁྱད་ཆོས་ལྡན་ཞིང་།  དེ་ལྟ་བུ་ནི་རིན་པོ་ཆེ་འཛོམས་སའི་གསེར་གླིང༵་དུ་ཕྱིན་ན་འང་ཐོས་ཤིང་མཇལ་བའི་སྐལ་བཟང་ཐོབ་པའི་གོ་སྐབས་དབེན་པར་ལྟ་བུའོ།།
 །
་་་་་་་་་་གསལ་བ་འོད་ཆུང་ཞབས་ལ་གསོལ་བ་འདེབས།།
སྟོང་གས༵ལ་བདེ་བ༵་གསུམ་གྱི་བདག་ཉིད་ཡེ་ཀ་ནས་དག་པའི་གཞི་ཡི་ངང་ལས།  རྩལ་ལྷུན་འགྲུབ་གྱི་ཆོ་འཕྲུལ་འོད༵་ལྔའི་ཡེ་ཤེས་ཀྱི་རང་བཞིན་འགག་པ་མེད་པའི་བདུད་རྩིའི་ཆུ་བོའི་རླབས་ཕྲེང་རབ་ཏུ་གཡོ་བས།  ཚ་གདུང་གིས་མནར་ཞིང་དབུགས་རྒྱུན་འགག་ལ་ཁད་ཀྱི་གདུལ་བྱ་དག་ལ་སླར་ཡང་གསོན་པའི་རང་དབང་གི་རེ་བ་རྙེད་ཅིང་། ལམ་ཟབ་མོ་གཡུང་དྲུང་གི་བོན་འདི་ཉམས་སུ་བླངས་བའི་ཐུགས་རྗེ་མཐུ་ཡིས་སྡིག་སྒྲིག་ཆེ་ཆུང༵་གང་ཡིན་རུང་རང་ས་ནས་དག་པར་བྱ་ཞིང་།   ཐབས་ཆེ་ཞིང་སྒོ་ཡངས་པའི་ཟབ་ལམ་གནད་ཀྱི་གདམས་ངག་གསལ་བར་བསྟན་པའི་འོད་ཆེན་གསལ་བའི་སྒྲོ་མེ།དེ་ལྟ་བུ་སངས་རྒྱས་མི་གཟུགས་སུ་སྤྲུལ་བའི་སྐྱེས་ཆེན་དམ་པ་གང་གིས་སྐུ་ཡི་ཞབ༵ས་སོར་དངོས་སུ་བཀོད་པའི་གནས་འདིར། ཤུལ་ལུས་ཕྱི་རབས་པ་དག་ལ༵་སླར་ཡང་སྐུ་ཡི་དཀྱིལ་འཁོར་མངོན་པར་མཇལ་བའི་སྐལ་བཟང་ཐོབ་པའི་གསོ༵ལ་བ༵་རྒྱུན་དུ་འདེབ༵ས་པ་འོ།།


ཨེ་མ་ཧོ།
གདན་ས་བླ་མེད་ཡིད་བཞིན་གླིང་ཕུགས་དུ།།
ས་ཐེའུ་ནག་མོ་དངོས་སུ་བསྒྲལ་བའི་རྟགས།།
རང་འབྱུང་གཉན་ར་བརྡེག་ཕུག་ཆུ་མུག་བརྡོལ།།
དྲན་པ་བདུད་འདུལ་ཞབས་ལ་གསོལ་བ་འདེབས།།

་་་་་་་་་་གདན་ས་བླ་མེད་ཡིད་བཞིན་གླིང་ཕུགས་དུ།།
རྫི་བོ་བླ་མ་རང་གི་སྐུ་ཡིས་དངོས་སུ་ཕྱག་བཏབས་མཛད་གནང་བའི་གདན༵་ས༵།   ཡོང་གྲགས་སུ་བླ་མ་གསེར་ཆུ་ཐང་དུ་གྲགས་ཤིང་།  ཡུལ་གྲུ་དེའི་རྒྱབ་རི་ལ་ཡི་གེ་ཀུན་གྱི་མ་འམ་སྲོག་ཏུ་གྱུར་བའི་བླ༵་ན་མེ༵ད་པའི་ཡི་གེ་ཨ་ཡིག་རང་བྱུང་དུ་གྲུབ་པའི་གནས་མཆོག་འདིར།  ས་དབྱིབས་དགོས་འདོད་ཀུན་དུ་འབྱུང་བའི་ཡི༵ད་བཞིན༵་གྱི་ནོར་བུ་རིན་པོ་ཆེ་བང་ལ་གདན་དུ་བཏང་བ་དང་འདྲ་ཞིང་།  དགོན་འདིར་གླིང་སྟོད་སྨད་གཉིས་སུ་བྱས་པའི་གླིང་སྟོད་ཀྱི་གཡོན་ཕྱོགས་སུ་ཡོད་པའི་ལུང་པ་དེ་ཡི་ཕུགས༵་པ་དེར།

      ས་ཐེའུ་ནག་མོ་དངོས་སུ་བསྒྲལ་བའི་རྟགས།།
སྤྱིར་ཡི་དྭགས་ཀྱི་སྡེ་རིགས་ལ་གསུམ་དུ་ཕྱེ་ཞིང་།  གནས་ན་འདུག་པའི་ཡི་དྭགས་དང་།  མཁའ་ལ་རྒྱུ་བའི་ཡི་དྭགས་དང་།  རྒྱུ་དྲུག་འཁོར་བའི་ཡི་དྭགས་དང་གསུམ་མོ།  ནང་སྒོས་སུ་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་ཁོངས་སུ་གཏོགས་པའི་ཡི་དྭགས་ཀྱི་རིགས་ལའང་བཅུ་སྟེ།   གནམ་ཐེའུ་དཀར་པོ་དང་བར་ཐེའུ་ཁྲ་བོ་དང་ས་ཐེའུ་ནག་མོ་ལ་སོགས་སོ།   དེ་ལས་ས་ཐེའུ་ནག་མོས་རྒྱུན་དུ་ཡུལ་མི་རྣམས་ལ་གནོད་པ་དང་འཚེ་བའི་རྒྱུན་མི་ཆད་པས་ཡུལ་མི་དག་འཚོ་དཀའ་བའི་གནས་སུ་གྱུར། དེས་ཕྱིར་ཐུགས་སྲས་ཆུང་བ་དྲན་པ་བདུད་འདུལ་གང་ཉིད་གསང་གཅོད་ཀྱི་བསྙེན་མཚམས་སྒྲུབ་པ་ཟབ་མོར་ཞུགས་པའི་སྐབས་དེར་ས་ཐེའུ་ནག་མོས་ཆོས་འཕྲུལ་སྣ་ཚོགས་བསྟན་ཏེ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཚེ་བ་ཤིན་་ཏུ་ཆེ་བས། ད་ནི་དུས་ལ་བབ་ཅིང་དྲག་པོའི་ལས་ལ་སྙིང་རྗེ་མེད་ཅེས་གསུངས་པས་དངོས༵་སུ་༵ཡི་དམ་གསང་གཅོད་ཀྱི་སྐུ་རུ་མངོན་པར་བཞེངས་ཏེ་སྒྲལ༵་བའི༵་ཞིང་བཅུའི་ཁོངས་སུ་གཏོགས་པར་དགོངས་ཏེ། རང་དབང་མེད་པར་བྱ་སྒྲོ་རླུང་གིས་དད་པ་བཞིན་དུ་བཀུག་ནས་ས་རྡོ་འདྲེས་མའི་རི་འདབས་སུ་བསྒྲལ་སྟབས་རོལ་གསུམ་དུ་བྱས་པའི་རྟགས༵་སུ།

་་་་་་་་་་་་རང་འབྱུང་གཉན་ར་བརྡེགས་ཕུག་ཆུ་མུག་བརྡོལ།།
མཐའ་ལ་དྲི་ངད་དང་ལྡན་པའི་ར༵ང་འབྱུང༵་གི་བཟང་ཤིང་སྣ་ཚོགས་བསྐོར་ཞིང་། དབུས་སུ་ས་རྡོ་འདྲེས་མའི་རི་འདབས་སུ་རི་དག་གཉན༵་གྱི་རྭ་རྩེ་ལྟར་རྩེ་མོ་ཧ་ཅང་རྣོ་དབལ་ཅན་གྱི་རང་བཞིན་ཏེ་དྲན་པ་བདུད་འདུལ་གྱིས་ཐུན་རྭ་གཡུགས་ཐེངས་ཅིག་གིས་ས་ཐེའུ་ནག་མོ་དེ་གར་དངོས་སུ་བསྒྲལ་ཞིང་།  ཐུན་རྭ་བརྒྱབ་པ་འམ་བརྡེག༵ས་པའི་ཤུལ་དུ་རི་རྩ་ལ་བུ་ག་རུ་ཕུག༵་སྟེ་བུ་གའི་དབྱིབས་ཀྱང་རྭ་ཅོ་ལྟར་དུ་གྲུབ་ཅིང་རྩ་བ་ཟླུམ་ཞིང་གོར་ལ། རྩེ་མོ་རྣོ་ཞིང་དབལ་སོ་དང་ལྡན་པའི་ེརང་བཞིན་ཏེ་དུང་གི་ཕུགས་སམ་རྩེ་ལ་ཆུ་༵མིག༵་རང་བརྡོལ༵་དུ་བྱུང་ཞིང་། ཆུ་མིག་དེར་ཆུ་འཐུང་བ་དང་ལུས་ལ་བྱུག་ཚེ་པགས་ནད་དང་འགོ་ནད་ཀྱི་རིགས་ལ་ཧ་ཅང་སྨན་ཞིང་ཕན་ནོ། །

     དྲན་པ་བདུད་འདུལ་ཞབས་ལ་གསོལ་བ་འདེབས།།
ཐོག་པ་མེད་པའི་ཐུགས་རྒྱད་ལ་མཁྱེན་པའི་སྒྲིབ་གཡོགས་མེད་ཅིང་།   དམིགས་ནས་མི་བརྗེད་པའི་དྲན༵་པ༵་ས་ལེར་རྒྱུད་ལ་གསལ་ཞིང་སྐུ་ཡི་ཐུགས་སྲས་ཆུང་བའི་གང་གི་ནུས་མཐུ་དང་གཟི་བྱིན་བླ་ན་མེད་དེ། སེམས་ཅན་ལ་འཚེ་བར་བྱེད་པའི་བདུད༵་དང་ཐེའུ་རང་གི་རིགས་ཐམས་ཅད་དབང་དུ་བསྡུས་ཤིང་།  ཀུན་ལས་རྣམ་པར་རྒྱལ་ཏེ་མི་མཐུན་པའི་བགེགས་ཚོགས་མཐའ་དག་ཡོངས་སུ་འདུལ༵་ཞིང་ཟིལ་གྱིས་མནན་པའི་གཉེན་པོ་གང་།  ཐུགས་དགྱེས་ཤིང་མཉེས་པའི་ཞབ༵ས་ཏོག་མཆོད་པ་རྣམ་གསུམ་ལ༵་སོགས་ཟད་མེད་རྒྱ་ཆེན་འབུལ་ཞིང་གསོ༵ལ་ཏེ། མངོན་མཐོ་ངེས་ལེགས་ཀྱི་བདེ་བ༵་ཆེན་པོ་འབྲས་བུ་གསུམ་གྱི་གོ་འཕང་མངོན་དུ་གྱུར་བའི་བདག་ཉིད། བསླུ་མེད་གཏན་གྱི་སྐྱབས་གནས་ཁྱེད་དང་ནམ་ཡང་འབྲལ་བ་མེད་ཅིང་།  གདུལ་བྱ་མཐའ་དག་ལ་ཐུགས་ཀྱི་བརྩེ་གཟིགས་ཆེ་པོའི་ངང་ལ་རྒྱུན་དུ་གཟིགས་ཤིང་།  མཁྱེན་དགོངས་རྩལ་ལས་མི་འདོར་བར་གསོལ་བར་སྙིང་ནས་འདེ༵བས་འོས་པ་ལགས་སོ། །

གདོད་མའི་མགོན་པོ་འོད་མི་འགྱུར་ཅན་ཡེ་ནས་སངས་ཆེན་རྒྱལ་པོའི་སྐུ།།
རྨོངས་ཅན་བདག་འདྲའི་ཁབ་མིག་ཅན་ལས་ཁྱེད་སྐུ་དཔོག་པར་དཀའ་ན་ཡང་།།
དད་པའི་དམ་ཚིག་སྙིང་གར་ཟུམ་པའི་སྐྱེས་བུ་སྟོང་གི་ངག་རྒྱུན་ལས།།
རྙེད་པའི་བདེན་ཚིག་ཆུ་ཐིགས་ཟེགས་མའི་ཚུལ་འདིར་འཆད་པའི་སྐལ་བཟང་རྙེད།།

འཇིག་རྟེན་སྣང་བྱེད་སྒྲོན་མེའི་འོག་ཏུ་མུན་ནག་རང་བཞིན་ཡོད་པ་ལྟར།།
རྣམ་དག་ཀུན་སློང་གཙང་མ་འདོད་ཀྱང་ཤུགས་ལས་སྐྱོན་གྱིས་གོས་པར་དོགས།།
དེས་ཕྱིར་ཚུལ་འདིར་འབད་པའི་ལས་ལ་མ་དག་དྲི་མས་སླད་པའི་རིགས།།
རྣམ་དཔྱོད་གོང་མའི་རྒྱལ་སར་འཛིན་པའི་མཚན་ལྡན་སྐྱེས་བུ་རྣམས་ལ་བཤགས།།

ཅེས་རྩ་བའི་གྲྭ་ས་གོང་མ་ ༧ སྨན་རིའི་གླིང་དུ་སྤྱི་ལོའི་ཟླ་ཚེས་ཉིན་ 2017/8/12/ རྒྱལ་རོང་ཁྲོ་སྐྱབས་བསྐལ་བཟང་གཡུང་དྲུང་དུ་འབོད་བས་སྦྱར།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *