ཉི་འཛིན་དང་ཟླ་འཛིན་ལ་དགེ་སྡིག་གི་འཕེལ་འགྱུར་ཡོང་ཚུལ་ཅུང་ཙམ་གླེང་བ།

རྩོམ་ཡིག་འདི་ཐེངས། 2319 བཀླགས་འདུག

pexels-photo-164292      དང་པོ་ཉི་འཛིན་ཟླ་འཛིན་འབྱུང་ཚུལ་ནི།  དེའང་ཉི་   འཛིན་དང་ཟླ་འཛིན་ཞེས་འཛིན་མཁན་ནི་གཟའ་སྒྲ་གཅན་ཞེས་པ་དེ་ཡིན་ལ་སྒྲ་གཅན་ཟེར་བ་དེ་གང་ཞིག་ཡིན་མིན་ནི།   དཔྱད་གསུམ་དག་རྩིས་ནམ་མཁའི་གཏེར་མཛོད་ལས།   ཕྱི་ལྟར་སྒྲ་གཅན་ལུས་ཀྱིས་གོ་ལའི་ཕྱེད།  ཁྱབ་ལ་མགོ་འཇུག་བཻཌཱུར་ཡའི་རང་བཞིན།  ལུས་ཀྱི་ཆ་རྣམས་ནམ་མཁའ་སྟོང་པ་སྟེ།  བསོད་ནམས་ལྡན་པ་ཆོས་སྐོར་ཚུལ་དུ་རྒྱུ།  ཉི་རི་ལ་སོགས་གཟའ་གཞན་བོན་འཁོར་ཡིན།  ལུས་བྱིང་གང་དང་འཕྲད་ཀྱང་སྒྲིབ་པ་མེད།  མགོ་འཇུག་བཻཌཱུར་འོད་ཀྱིས་ཉི་ཟླ་སྒྲིབ། ཅེས་གསུངས་པས་སྒྲ་གཅན་ཞེས་སྟོང་པའི་ལུས་ཅན་དེ་གོ་ལའི་ཕྱེད་ལ་ཁྱབ་ཅིང་མགོ་འཇུག་གཉིས་ནི་བཻཌཱུར་ཡ་སྟེ་འོད་ཀྱི་རང་བཞིན་གནས་ཤིང་མདོར་ན་ལུས་ཀྱི་ཆ་ཤས་ཡོད་ཚད་ནམ་མཁའ་སྟོང་པ་སྟེ།   བསོད་ནམས་ལྡན་པ་ཞེས་སྒྲ་གཅན་ནི་གཟའ་གཞན་དང་མི་འདྲ་བ་རང་འགྲོས་འཕེལ་གྲིབ་མེད་པ་འགྲོས་མཉམ་གྱིས་གོ་ལའི་གཞི་ལ་ཆོས་སྐོར་གྱི་ཚུལ་དུ་རྒྱུ་བ་དང་།   ཉི་རི་ཞེས་ཉི་མ་དང་གཟའ་གཞན་དང་རྒྱུ་སྐར་རྣམས་རང་འགྲོས་བོན་འཁོར་གྱི་ཚུལ་དུ་རྒྱུ་བ་ཡིན།  དེ་ལྟར་སྒྲ་གཅན་སྟོང་པའི་ལུས་ཅན་ཡིན་པས་ལུས་བྱིང་གང་དང་འཕྲད་ཀྱང་སྒྲིབ་པ་མེད་ཅེས་ཉི་འཛིན་ཟླ་འཛིན་འབྱུང་བ་མིན་ལ།  མགོ་མཇུག་བཻཌཱུར་འོད་ཀྱིས་ཅེས་ཉི་ཟླ་རྒྱུ་སྐར་གྱི་སྤྱོད་ཚུལ་དང་བསྟུན་ནས་ཐ་སྐར་ནས་བོན་འཁོར་གྱིས་རྩིས་པ་སྐར་གནས་རྗེས་འབྲངས་དང་བཅས་པ་ལ་སྒྲ་གཅན་གྱི་གདོང་དང་།  གདོང་གི་འཇུག་མ་ལ་གཟའ་དུས་མེ་གནས་པ་སྒྲ་གཅན་མཇུག་མ་ཞེས་བརྗོད་ཅིང་། ཉི་ཟླ་སྒྲིབ་ཅེས་གོང་གི་གདོང་མཇུག་གང་ལའང་ཕྱོགས་གཅིག་ཏུ་ཁེལ་བའི་འོད་ནམ་གྲིབ་མས་ཉི་འཛིན་དང་ཟླ་འཛིན་འབྱུང་བ་ཡིན་ནོ།

། 

        མདོར་ན་ཉི་ཟླ་གཉིས་པོ་ཕྱོགས་གཅིག་ཏུ་འཆར་བའི་དུས་སུ་སྒྲ་གཅན་གདོང་མཇུག་གང་རུང་ཞིག་དང་གསུམ་འཛོམས་ཚེ་ཉི་འཛིན་འབྱུང་སྲིད་ལ།  ཉ་གང་ལ་ཉི་ཟླ་གཉིས་པོ་ཁ་གཏད་དུ་འཆར་བའི་དུས་དེར་སྒྲ་གཅན་གདོང་མཇུག་གང་རུང་ཞིག་ཟླ་བ་དང་མཛོམས་ཚེ་ཟླ་འཛིན་འབྱུང་སྲིད་ཀྱང་།  སྐར་མ་གང་དང་གང་ལ་གནས་པ་ལེགས་པར་བརྟག་ཏེ།  ས་ཚིག་སོ་སོའི་དབང་གི་འཛིན་ཆ་ཆེ་ཆུང་དང་།  དགུང་སྔོན་དབྱིངས་སུ་མཐོང་མི་མཐོང་མི་འདྲ་བ་སྣ་ཚོགས་འབྱུང་ཞེས་བཤད།   དེང་རབས་ཚན་རིག་པས།  ཉི་འཛིན་དང་ཟླ་འཛིན་ནི་ཉི་ཟླ་གོ་ལ་གསུམ་གྱིས་འཕྲད་ས་སྟེ།   ཉི་མའི་སེར་ལམ་དང་ཟླ་བའི་དཀར་ལམ་གཉིས་བྱང་མཐའ་ནས་ལྷོ་རྒྱུ་བའི་སྐབས་སུ་འཕྲད་པ་ནི་ཐུར་རྒྱུའི་འཕྲད་ས་དང་།  ལྷོ་མཐའ་ནས་བྱང་དུ་རྒྱུ་སྐབས་ཕན་ཚུན་འཕྲད་པ་ནི་གྱེན་རྒྱུའི་འཕྲད་ས་ཞེས་བརྗོད་པས་དོན་དུ་གོང་གི་སྒྲ་གཅན་གདོང་མཇུག་གཉིས་པོ་མིང་ཙམ་མ་གཏོགས་ཤོད་ཚུལ་མི་མཐུན་པ་མེད་དོ་སྙམ་པ་ཡིན།     དཔྱད་གསུམ་དག་རྩིས་ལས།  ལྷ་ཡི་དབུ་མས་སྲིད་པའི་ཕྱག་རྒྱ་མཆིང་།  སྒྲ་གཅན་དབུ་མས་ཉི་ཟླའི་གཟི་འོད་འཕྲོག   སེམས་ཀྱི་དབུ་མས་འཁྲུལ་འཁོར་དབྱིངས་སུ་བསྒྲལ།  ཀུན་ཀྱང་ཡེ་ཤེས་ཆེན་པོའི་ཀློང་དུ་ཆུབ།  ཞེས་དང་།  བརྗོད་ན་ཐོག་མར་ཉི་ཟླ་སྒྲ་གཅན་བཅས།  ལྷན་ཅིག་སྟོང་པར་འཇུག་པའི་ལོ་ཚོགས་ནི།  ཞེས་དང་།  འཆར་བས་དེ་ཡི་རིང་ལ་ཉ་སྟོང་དུ།  ཟླ་ཉི་གདོང་འཇུག་ལོངས་སྤྱོད་མཉམ་སྐབས་སུ།  སྒྲ་གཅན་སྟོབས་ཀྱི་ཉི་ཟླའི་དཀྱིལ་འཁོར་སྒྲིབ།  ཅེས་སོགས་ཉི་ཟླ་འཛིན་པའི་ཚུལ་དགེ་བའི་འགྱུར་ཁྱད་འབྱུང་འགྱུར་གྱི་འབྲས་བུ་བཅས་གསལ་ཞིང་རྒྱས་པར་བཞུགས་ཡོད་པ་དེར་གཟིགས།    དེ་ལྟར་སྒྲ་གཅན་ནི་ནམ་མཁའ་སྟོང་པ་ལྟ་བུ་ཡིན་གསུངས་པ་མ་གཏོགས་གཞན་ཕྱི་གདོས་བཅས་ཀྱི་དངོས་པོར་གྲུབ་པའི་ལུས་པོ་ཡོད་པ་ཞིག་གིས་ཁ་སྡང་ཞིང་མིག་བསྒྲད་དེ་ཉི་ཟླ་གཟའ་སྐར་སོགས་གྱུར་མིད་དུ་གཏོང་མཁན་ཞིག་མ་ཡིན་པ་གསལ་བར་གསུངས་སོ།།

       འོ་ན་གཟའ་བདུད་ར་ཧུའམ་སྒྲ་གཅན་ཞེས་ལུས་པོ་ཤིན་ཏུ་ཆེ་ཞིང་མགོ་ལུས་མེད་པ་མིག་གི་གང་ཞིང་གཟའ་ཐམས་བཅད་ཀྱི་བདུད་དེ་ཟ་ཞིང་འཆའ་མཁན་གྱི་ལྷ་འདྲེ་མཐུ་བོ་ཆེ་ཞིག་ཡོད་པར་ཆོས་ལུགས་ནང་དུ་གསུངས་ཡོད་པ་མ་ཡིན་ནམ།  ཞེ་ན།  ཡོད་དེ་དེ་ནི་ནམ་མཁའ་སྟོང་པའི་འོད་དམ་གྲིབ་ལ་གནས་ཤིང་ཞེན་པའི་ལྷ་འདྲེའི་རིགས་ཤིག་ཡོད་པ་ཡིན་ནོ།   དེ་ལྟ་བུའི་ལྷ་འདྲེའི་རིགས་ནི་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔ་ལ་གནས་བཅས་པའི་ལྷ་སྲིན་སྡེ་བརྒྱད་དམ་གཡེན་ཁམས་ཀྱི་རིགས་ཞེས་ཡིད་གཟུགས་ཤིག་ཡིན་པ་ལས་ཕྱི་གདོས་བཅས་ཀྱི་དངོས་པོ་གྲུབ་པའི་ལུས་ཤིག་ཡོད་པར་མ་གསུངས་སོ།  ང་ཚོས་ནམ་རྒྱུན་ཏུ་ས་ལ་གནས་པའི་ས་བདག་དང་།  ཆུ་ལ་གནས་པའི་ཀླུ་སོགས་དེ་བཞིན་རླུང་ལ་རླུང་ལྷ་མེ་ལ་མེ་ལྷ་ནམ་མཁའ་ལ་ལྷའམ་དབལ་ལ་སོགས་ཅེས་བརྗོད་ཡོང་དུས།   དེ་ཚོ་ནི་ས་ཆུ་མེ་རླུང་ནམ་མཁའ་སོགས་དངོས་པོ་གྲུབ་པའི་ས་རྡོ་རི་བྲག་ཆུ་སོགས་ལ་ཟེར་བ་མ་ཡིན་ཞིང་།    དེ་བཞིན་གནས་ཡུལ་དང་གནས་མཁན་གཉིས་མིང་གཅིག་ཡིན་པ་ནི།  གཟའ་ར་ལུ་དང་ལྷ་ཡི་བུ་མོ་ཉི་མ་ཞེས་གཟའ་དང་རྒྱུ་སྐར་རྣམས་ཡུལ་དང་ཡུལ་ཅན་མིང་གཅིག་པ་ཡིན་པ་ལྟ་བུ་མང་པོ་ཡོད་པ་ཡིན་པས།   དཔེར་ན་ང་ཚོ་ཤ་ཁྲག་གི་ཕུང་པོ་འདི་ལ་གནས་བཅས་པའི་རྣམ་ཤེས་སམ་སེམས་ཡོད་པ་ནང་བཞིན་གཟའ་དང་རྒྱུ་སྐར་གོ་ལའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་མེ་ཆུ་རླུང་སོགས་ཕྱི་གདོས་བཅས་ཀྱི་དངོས་པོར་གནས་བཅས་པའི་གཡེན་ཁམས་ལྷ་འདྲེ་ཡིད་གཟུགས་བསམ་གྱི་མི་ཁྱབ་པ་ཞིག་ཡོད་པ་ཡིན།  མདོར་ན་ཆུང་བ་ཤིག་དང་སྲོ་མའི་ལུས་དང་ཆེ་བ་གཟའ་སྐར་གོ་ལ་སོགས་གདོས་བཅས་ཀྱི་སྣང་བ་ཀུན་ལས་ནམ་མཁའ་གར་ཁྱབ་རྣམ་ཤེས་ཁྱབ།  རྣམ་ཤེས་གར་ཁྱབ་སེམས་ཅན་ཁྱབ་ཅེས་གསུངས་པ་ནང་བཞིན་རྣམ་ཤེས་འདི་ནི་མ་ཁྱབ་པ་མེད་པ་མ་ཟད་ནམ་མཁའ་སྟོང་པ་ལའང་གནས་པའི་སེམས་ཅན་གྲངས་མེད་ཅིག་ཡོད་པར་གསུངས་པས་སོ།  དེ་ལྟར་ནང་གི་སེམས་རྒྱུད་དེ་བདེ་ནས་ཕྱི་ཡི་ཕུང་ཁམས་འདི་བདེ་བ་དང་།  ནང་གི་སེམས་རྒྱུད་དེ་ཉོན་མོངས་པ་འཁྲུགས་ནས་ཕྱི་ཡི་ལུས་པོའང་དེ་ནང་བཞིན་མི་བདེ་བ་ཡོང་ཞིང་འཁྲུགས་པ་ལྟར།   འབྱུང་བ་ལྔ་ལ་གནས་བཅས་པའི་ལྷ་འདྲེའམ་གཡེན་ཁམས་རིགས་ཕན་ཚུན་མཐུན་ནས་དགེ་ཞིང་ཤིས་པ་དང་དུས་བདེ་བ་སོགས་འབྱུང་བ་དང་།  འཁྲུག་པའམ་ཡིད་མི་བདེ་བ་གྱུར་ནས་དུས་མིན་གྱི་འབྱུང་བ་ལོག་པ་དང་འཁྲུག་པ་སོགས་ཐལ་དྲག་ནས་རང་འབྱུང་ཁམས་ཀྱི་གནས་ཚུལ་མི་འདྲ་བ་འབྱུང་སྲིད་པ་ཡིན།  དེ་ལྟར་ཆགས་གནས་འཇིག་སྟོང་དང་ཕོ་དང་མོ་བདེ་སྡུག་ཡག་ཉེས་ཕན་གནོད་སོགས་གཅིག་ལས་གཅིག་བརྟེན་གྱི་ཚུལ་དུ་བསམ་ཡུལ་འདས་པའི་འདྲ་འདྲ་འགྲིག་འགྲིག་རང་འབྱུང་གི་བཀོད་པ་ཡ་མཚན་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ཞེས་པ་འདི་ནི།   སྲིད་པ་གསུམ་སྟེ་ཡེ་སྲིད་སྲིད་པའི་རྣམ་ཤེས་ཀྱི་རྩལ་ལས་གྲུབ་པའི་རྒྱུ་མཐུན་གྱི་སྲིད་པ་དང་བྱེད་བྱས་ཀྱི་སྲིད་པས་བསྐྱེད་པ་ཡིན་ལ།  (སྲིད་པ་གསུམ་གྱི་རྣམ་གཞག་གི་དཔེ་ཆ་ཞིབ་ཅིང་རྒྱས་པ་མང་པོ་བཞུགས་ཡོད་པར་དེར་གཟིགས་སོ།)དེ་ནི་སངས་རྒྱས་བྱང་སེམས་ཅན་གྱི་ཐུགས་རྗེ་དང་སྤྱི་མཐུན་སེམས་ཅན་ཉོན་མོངས་ཅན་གྱི་ལས་དང་བག་ཆགས་དབང་གིས་བྱས་ཞེས་དེ་ལ་བརྗོད་པ་ཡིན་ནོ།    སྤྱི་བཙན་འཁོར་འདས་ལམ་གསུམ་གྱི་བོན་ཀུན་ལ་བྱེད་པོ་བ་མེད་མོད་སྒོས་བཙན་ད་ལྟའི་འཇིག་རྟེན་ཁམས་འདི་ནི་བྱེད་པ་པོ་ཡོད་པ་ཡིན་ནོ།   འདི་ཡི་སྐོར་ཡིག་ཚོགས་མང་དོག་པས་འདིར་དེ་ཙམ་མཚམས་འཇོག་རྒྱུ་ཡིན།

གཉིས་པ་དགེ་སྡིག་གི་འགྱུར་ཁྱད་ནི།

          ཇི་སྐད་དུ།  དཔྱད་གསུམ་དག་རྩིས་ལས།    རྩ་བའི་ས་བཅད་བཞི་པ་དགེ་སྡིག་འགྱུར།  དྲང་དོན་ཉི་ཟླའི་མདོ་དང་ངེས་དོན་སོགས།   གསུང་ཚུལ་མང་ཡང་ཞང་བོད་རིག་འཛིན་བཀའ།   གསང་སྔགས་རྫོགས་འཕྲང་ལས་བཤད་དགེ་སྡིག་གང་།   ཐུན་མོང་ཁྱད་པར་ཡང་ཁྱད་འགྱུར་གསུམ་ལས།  ༧  ཐུན་༵མོང་འགྱུར་ཞེས་ཚེས་གཅིག་བཅུ་བཞི་དྲུག   ཉེར་གཉིས་ཉ་སྟོང་ཚེས་བརྒྱད་སྟོང་འགྱུར་དང་།  མཆོག་ཆེན་བླ་མ་དགེ་བཤེས་དུས་ཆེན་རྣམས།  ཁྲི་འགྱུར་རེ་དང་ཁྱད་༵པར་སངས་རྒྱས་ཀྱི།  དུས་མཆོད་བཞི་ལ་འབུམ་འགྱུར་ཞེས་སུ་གྲགས།  ཡང་༵ཁྱད་སྟོན་མཆོག་སྐུ་འཁྲུངས་མྱང་འདས་དུས།   (འཇིག་རྟེན་གྱི་ཁམས་འདིར་སྒྲ་ཆེན་པོ་གྲགས་པ་དང་།  ས་གཡོ་དུས་ས་ཡ་འགྱུར།)  བྱེ་བ་གཅིག་དང་ཟླ་འཛིན་བྱེ་བ་བདུན།  ཉི་འཛིན་བྱེ་བ་འབུམ་འགྱུར་ཡོད་པར་གསུངས།   ངེས་དོན་ཉི་འཛིན་སྐབས་སུ་རོ་རྐྱང་རླུང་།  ཟླ་འཛིན་རྐྱང་མའི་རླུང་ཉིད་དྷཱུ་ཏཱིར་ཚུད།  དུས་དེར་བསྐྱེད་རྫོགས་དོན་བསྒོམ་བཟླས་བརྗོད་སོགས།  ཆེར་འཕེལ་འགྱུར་རོ་དེ་བཞིན་སྡིག་ལས་གང་།  བྱས་ཀྱང་སྐབས་འདིར་དེ་ལྟར་འཕེལ་བས་ན།  དགེ་སྒྲུབ་སྡིག་སྤང་བླང་དོར་ཚུལ་བཞིན་གཅེས།   ཞེས་གསུངས་ཞིང་རྒྱས་པར་རྫོགས་ཆེན་དང་།  རྫོགས་འཕྲང་།  རྣམ་འབྱེད་མདོ།  དུས་ཁྲིམས་མདོ།   ནམ་མཁའི་དབྱིངས་མཛོད་སོགས་གསུངས་སོ།  གསལ་བཤད་ཞིག་ནི་འདི་ལྟ་བུའི་འཕེལ་འགྱུར་ག་ཚོད་ཆེ་ཡང་སྟོང་ཉིད་སྙིང་རྗེས་ཟིན་པའི་ཐེག་པ་ཆེན་པོའི་དགེ་བའི་བསོད་ནམས་དང་འདི་དང་སྡུར་ཐབས་རྩ་ནས་མེད་ཐེག་པ་ཆེན་པོའི་བོན་གྱིས་འཕེལ་འགྱུར་ཆེ་བ་ཡིན།   དུས་ཆེན་འདི་ལྟ་བུའི་སྐབས་སུ་སྟོང་ཉིད་དང་སྙིང་རྗེ་ཟུང་འབྲེལ་གྱི་སྒོ་ནས་མདོ་སྔགས་སེམས་གསུམ་ཐེག་པ་ཆེན་པོའི་བོན་གང་བྱས་ཀྱང་འཕེལ་འགྱུར་དེ་བས་འཕེལ་འགྱུར་ཆེ་བ་ཡིན་པ་ནི་ཤེས་དགོས་སོ།།

གསུམ་པ་དེ་ལྟར་དགེ་སྡིག་འགྱུར་ཁྱད་ཡོང་དོན་ནི།

         འོ་ན།   ཉི་འཛིན་ཟླ་འཛིན་ཞེས་བརྗོད་མོད་དོན་དུ་ཉི་ཟླ་གོ་ལ་གསུམ་པོ་ང་ཚོའི་མཐོང་ཡུལ་དུ་ལམ་གཅིག་ཏུའམ་ཐད་དྲང་དུ་འབབ་པའི་སྐབས་སུ་གཅིག་གིས་གཅིག་ལ་ཕན་ཚུན་གྱི་སྒྲིབ་པའམ་གྲིབ་མ་ཙམ་ལས།  དེ་ལ་དགེ་སྡིག་འཕེལ་འགྱུར་ཇི་ལྟར་འགྱུར་རམ་འགྱུར་མི་སྲིད་དོ།།  ཞེས་དྲི་བ་གཏོང་སྲིད་མོད།  དེའི་ལན་ནི།  མི་སུམ་ཅུ་བསམ་བློ་སུམ་ཅུ་ཟེར་བ་ནང་བཞིན་ཚན་རིག་པ་བ་དང་དངོས་གཙོ་རྩོད་སྒྲུབ་རིག་པ་བ་དང་སེམས་ཁམས་རིག་པ་བ་ཙམ་མ་ཟད་ཆོས་ལུགས་བ་སོགས་མང་པོ་ཞིག་གིས།   དེང་ནི་སྨྲ་བརྗོད་རང་དབང་ལྡན་པའི་དུས་རབས་ཤིག་སླེབས་ཟིན་པས་སོ་སོའི་བསམ་ཚུལ་དང་ཤོད་ཚུལ་མང་པོ་ཡོད་སྲིད་ལ་ཤོད་ཆོག་པ་ཡིན། དེ་ནས་འདིར་སྤྱིར་ཐེག་པ་ཆེན་པོའི་བོན་ནི་སེམས་གཙོ་ཞེས་དག་སྣང་བྱམས་སྙིང་དང་ལྟ་བའི་རྟོགས་ཚད་དང་མཐུན་པའི་སྒོ་ནས་དགེ་བ་འཕེལ་འགྱུར་རྒྱ་ཆེ་ཆུང་འགྲོ་གི་ཡོད་པ་ནི་བཀའ་ལུང་ཀུན་ལས་ཞལ་གསལ་བར་གསུངས་པ་དང་། སྒོས་སུ་གནས་རི་བླ་རྟེན་ཏེ་སྐུ་གསུང་ཐུགས་རྟེན་སོགས་ལ་རྩ་ཆེ་ཆུང་ཡོད་པ་བཞིན་བྱིན་རླབས་ཆེ་ཆུང་ཡོད་པར་གསུངས་པའང་བྱིན་གྱིས་བརླབས་མཁན་ནི་མཁྱེན་བརྩེ་ནུས་གསུམ་སོགས་འབྲེལ་སྡད་ཡོད་པ་ཡིན་པས།   དགེ་བའི་འཕེལ་འགྱུར་ནི་སོ་སོའི་བྱམས་སེམས་དང་ལྟ་བའི་རྟོགས་ཚད་ཀྱི་སྒོ་ནས་དང་གནས་རི་བླ་རྟེན་ལའང་བྱིན་རླབས་ཁྱད་པར་གྱི་སྒོ་ནས་དང་སོ་སོའི་དད་པ་ཆེ་ཆུང་སོགས་སེམས་སྟོབས་ཀྱིས་སྒོ་ནས་དགེ་བའི་འཕེལ་འགྱུར་རྒྱ་ཆེ་ཆུང་ཡོང་གི་ཡོད་པ་ནི་སེམས་གཙོ་སྨྲ་བའི་དགོངས་དོན་ངོ་མ་དེ་ལོས་ཡིན།   རྒྱུ་མཚན་དེའི་དབང་གིས་ཕྱི་འཇིག་རྟེན་གྱི་དངོས་པོའི་གནས་ལུགས་ཡོད་ཚད་ནི་ནང་སེམས་སམ་རྣམ་ཤེས་སྟོང་པ་དེ་འབྲེལ་སྡད་ཡོད་པ་ནས།  འཇིག་རྟེན་གྱི་གྲགས་ཚོད་དམ་དོ་སྣང་ཆེ་བའི་རིགས་རྣམས་ལ་དགེ་སྡིག་གི་འཕེལ་འགྱུར་ཆེ་བར་སྣང་ཞིང་།  དེའང་མི་གཅིག་བུ་མིན་པ་ཁམས་གསུམ་གྱི་སེམས་ཅན་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་འོས་པའི་རིགས་ཀུན་ལ་ཟེར་ཆོག་པ་ཡིན།   དོ་སྣང་ཆེན་པོ་བྱེད་འོས་པའི་རིགས་ནི་བླ་མའམ་མི་སྣ་ཁྱད་པར་ཅན་འདས་འཁྲུངས་དང་བོན་འཁོར་བསྐོར་བ་དང་བདུད་ཀྱི་ཆོ་འཕྲུལ་བསྟན་པའི་དུས་ལྟ་བུ་དང་ཉི་ཟླ་གཟའ་འཛིན་བྱུང་དུས་ས་གཡོ་བ་སྒྲ་ཆེན་པོ་གྲགས་པ་སོགས་དང་།    དེ་ནང་བཞིན་འབྱུང་བ་དང་དུས་ཆ་མི་སྙོམ་པ་དང་་ནད་མུག་འཁྲུག་རྩོད་ལྟ་བུ་སྐལ་ངན་མི་བདེ་སྣ་དགུ་བྱུང་བའི་སྐབས་དང་།   ཡང་ན་ལྷ་ཀླུ་མི་ཡིས་དགེ་བ་རྒྱ་ཆེན་པོ་བྱས་པའི་དུས་སོགས་ལས་དང་སྐལ་པ་བཟང་ཞིང་དགེ་ལེགས་ཕུན་སུམ་ཚོགས་པའི་དུས་དང་སྐབས་སོགས་མདོར་ན་ལྷ་འདྲེ་མི་གསུམ་གྱི་བྱ་བ་བཟང་ངན་ཡག་སྡུག་ལེགས་ཉེས་ཀུན་དོ་སྣང་བྱེད་འོས་པའི་རིགས་ཆེ་འབྲིང་ཆུང་གསུམ་ཀུན་ལ་དགེ་སྡིག་གི་འཕེལ་འགྱུར་ཡང་ཆེ་འབྲིང་ཆུང་སོགས་འགྲོ་གི་ཡོད་པ་ནི་ལུང་རིག་གཉིས་ཀས་གྲུབ་ཡོད་པ་ཡིན།

          དེ་ལྟར་རང་འབྱུང་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་ཀྱིས་ཐུགས་རྗེ་དང་སེམས་ཅན་ལས་དང་བསོད་ནམས་དབང་གིས་གནས་ལུགས་དང་བཀོད་པ་ངེས་ཅན་ཡོད་པ་ནང་བཞིན་ཉི་འཛིན་ཟླ་འཛིན་དང་ཉ་སྟོང་ཚེས་བརྒྱད་སོགས་ལའང་འཇིག་རྟེན་འདིར་དོ་སྣང་གལ་ཆེན་བྱེད་འོས་པའམ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་ཡིན།  དཔེར་ན་གཟའ་ནད་ཡོད་པའི་མི་ལྟ་བུ་ལ་ཆ་གཞག་ནས་མི་དེ་ཉ་སྟོང་ཚེས་བརྒྱད་ཀྱི་དུས་སུ་ནད་གཞི་ཐུ་རུ་འགྲོ་བ་དང་།   དེ་ནང་བཞིན་མཐའ་ཡི་རྒྱ་མཚོ་ཆེན་པོ་རྣམས་ནམ་རྒྱུན་ལས་རྦ་རླབས་ཆེ་རུ་འགྲོ་གི་ཡོད་པ་ནི་ང་ཚོ་ཚང་མས་མཐོང་གསལ་རེད་ལ།   དེ་བཞིན་ཕྲ་མོའི་སེམས་ཅན་གྱི་རིགས་ཚུད་ཆད་དེ་ལྟ་བུའི་གནས་ཚུལ་འདྲ་མིན་འབྱུང་གི་ཡོད་པ་ནི་སྨོས་ཅི་དགོས།  དེ་ནི་ཉི་ཟླ་གཟའ་སྐར་གྱི་རང་འགྲོས་ཀྱི་འཁོར་ལམ་ལ་ཕན་ཚུན་ཕྱོགས་གཅིག་ཏུའམ་དྲང་ཐད་དུ་འབབ་སྐབས་སུ་ས་ཆུ་མེ་རླུང་སོགས་འབྱུང་བའི་ཁམས་དེ་འགྱུར་ལྡོག་ཏོག་ཙམ་འགྲོ་གི་ཡོད་པའི་རྐྱེན་གྱི་ཡིན་པ་རེད།  དེ་ནང་བཞིན་གནས་རི་ཁྱད་པར་ཅན་དྲི་བདའ་སྤོས་རི་(པྲེ་ཏ་པུ་རི)དང་དབལ་རོང་གི་གནས་སུ།  རང་འབྱུང་ཁམས་ཀྱི་ཆུ་ཚན་གྱི་ནང་དུ་འཕེལ་གདུང་རིང་བསྲེལ་ཞེས་ཉ་སྟོང་ཚེས་བརྒྱད་སོགས་ཉ་ཚེས་ཁྱད་པར་ཅན་གྱི་དུས་སུ་ཆུ་ཚན་ནང་དུ་འཕེལ་གདུང་མང་པོ་ཡོད་ཅིང་། དེ་མ་གཏོགས་ནམ་རྒྱུན་དུ་འཕེལ་གདུང་རིང་བསྲེལ་དེ་ལྟ་བུ་མཐོང་དཀོན་པ་ཡིན།   ང་ཚོས་ཆུ་ཚན་རིང་བསྲེལ་བླངས་ཏེ་འབགས་གཙོག་མ་ཤོར་པ་ཉར་ཚེ་མང་པོར་འཕེལ་ཡོང་བ་ཡིན་པས་འཕེལ་གདུང་རིང་བསྲེལ་ཞེས་བརྗོད་དགོས་པའི་རྒྱུ་མཚན་དེ་ལྟར་རེད། དེ་ལྟ་བུའི་རིགས་ནི་ང་ཚོས་འགྲེལ་རྒྱག་དཀའ་བའི་རང་འབྱུང་ཁམས་ཀྱི་གསང་བ་ཡ་མཚན་ཞིག་མ་ཡིན་ནམ་། དེ་ལྟར་ནང་བཞིན་རང་འབྱུང་ཁམས་ཀྱི་ཡ་མཚན་གྱི་བཀོད་པ་དང་གསང་བ་བསམ་ལས་འདས་པ་དང་།   དེ་དང་འབྲེལ་བའི་གཟུགས་ཅན་གཟུགས་མེད་ཀྱི་རིགས་བསམ་གྱིས་མི་ཁྱབ་ཡོད་པ་ཙམ་ནི་ང་ཚོ་རིག་པས་སྤོགས་ནུས་པ་ཡིན་མོད།  དེ་ཚོའི་་གནས་ལུགས་དང་རྒྱུ་མཚན་དགེ་སྡིག་འཕེལ་འགྱུར་ལ་སོགས་པའི་མི་ཟད་རྒྱན་གྱི་འཁོར་ལོའི་གསང་བ་ཇི་བཞིན་རྟོགས་ནུས་པ་དེ་སུ་ཡོད་དམ་ཞེ་ན།   བསྐལ་པ་རེ་ལ་སྤང་རྟོགས་ཕུན་ཚོགས་པའི་སངས་རྒྱས་ཞེས་རེ་འབྱོན་རྒྱུད་ཡོད་ཅེས་གསུངས་པ་ནས་དེ་མ་གཏོགས་པའི་གཞན་ཡོད་ཚད་ཀྱིས་ཤེས་ནུས་པ་དང་ཤེས་མཁན་ཞིག་ཧ་ཀྱང་དཀོན་ནོ་སྙམ་པ་ཡིན། འོན་ཏང་ཆོས་ལུགས་པའམ་ཚན་རིག་པའམ་དངོས་པོ་རྩོད་སྒྲུབ་རིག་པའམ་སེམས་ཁམས་རིག་པ་སོགས་ཀྱིས་དེ་ཚོའི་གནས་ལུགས་དང་རྒྱུ་མཚན་འགའ་ཞིག་ཧ་གོ་བ་དང་འགའ་ཞིག་ཕྱོགས་ཙམ་གོ་ནུས་པ་སོགས་ཀྱིས་མདོར་ན་ད་ལྟ་དེང་རབས་ཅན་གྱི་ཚན་རིག་པས་བྱས་པའི་སྤྱི་ཚོགས་འདི་བྱུང་བ་ཡིན་པ་ནི་ལོས་གོ་ལ།  ད་ལྟའི་དེེང་རབས་ཅན་གྱི་སྤྱི་ཚོགས་ཕུན་སུམ་ཚོགས་པོ་འདི་ནི་འགྲོ་བ་མི་ཡི་རིགས་གཅིག་བུའི་བདེ་སྐྱིད་ལ་དམིགས་ཏེ་བྱུང་བ་ཡིན་པ་ནི་དེ་བས་ཀྱང་ཧ་གོ་ནུས་པ་ཡིན་ནོ།།  ཞེས་སོ།།

། 

            དེ་ནས་མཁས་དང་མི་མཁས་པ་ཁག་གཅིག་གིས་ནང་པ་སངས་རྒྱས་ཆོས་ལུགས་ནི་ཡང་དག་པའི་ཚན་རིག་མཐར་ཐུག་རེད་ཅེས་དང་ཆོས་ལུགས་དང་ཚན་རིག་གཉིས་པོའི་བཤད་ཚུལ་ཅུང་ཙམ་མཐུན་པོ་བྱུང་བ་ལ་ཤོད་ཅི་ཐུབ་དང་།  ཆོས་གཞུང་ལས་གསུངས་པ་འགའ་ཞིག་ནི་ཚན་རིག་གིས་ཁས་ལན་རྩ་བ་ནས་མེད་པའི་རིགས་ལ་གསང་ཅི་ཐུབ་པའམ་ཡང་ན་ཕར་ཆེར་དེ་ཚོ་སངས་རྒྱས་ཀྱི་བཀའམ་ཆོས་ལུགས་གཅོས་མའམ་ཡང་དག་པ་ཞིག་མིན་ཚུལ་འདྲ་མང་པོ་ཞིག་བརྗོད་མཁན་མང་དག་ཅིག་འདུག་མོད། ཁོ་བོས་ཁ་རི་ཁ་ཐུག་གིས་སྒོ་ནས་བཤད་ནས་ཚན་རིག་དང་ཆོས་ལུགས་མཐུན་ན་མཐུན་ཆོག་པ་པ་དང་།  མ་མཐུན་ནའང་གསང་དགོས་རྒྱུ་ཞིག་གང་ཡང་མེད་སྙམ་པ་ཡིན། དེས་ནས་འདིར་ཆོས་ལུགས་པའི་དགོངས་དོན་ཡང་དག་ལོན་ཡོད་པའི་ངེས་པ་གཏན་ནས་མེད་མོད་དེ་དང་འབྲེལ་བའི་སྒོ་ནས་ཤེས་ཚོད་ཙམ་གྱི་བསམ་ཚུལ་ཁ་ཤས་ཤིག་ཞུས་པ་འདི་ནི་བོད་མེ་བྱ་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལ་ཟླ་འཛིན་འདུག་པར་དེ་ལྟར་ཉི་འཛིན་དང་ཟླ་འཛིན་སྐབས་སུ་དགེ་སྡིག་འཕེལ་འགྱུར་ཅི་ལྟར་ཡོང་མིན་སྐོར་གླེང་ཕྱོགས་ཤིག་གིས་བསྐུལ་ཏེ་ཁོ་བོ་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ལས་ཀའི་བར་གསེང་དུ་བྲིས་པས་ནོར་འཁྲུལ་བྱུང་ཡོད་ངེས་གཟིགས་མཁན་ཚོ་ལ་དགོངས་པ་དྭངས་བར་ཞུའོ།། །།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *