ཁྱོད་རང་འདི་ལྟར་བཞུད་སོང་ངམ།

རྩོམ་ཡིག་འདི་ཐེངས། 566 བཀླགས་འདུག

Screen Shot 2017-05-29 at 10.18.24 AM

གཅིག

ཉག་ག་ཕ་གིའི་རི་བོ་དེ་ནི་ཁྱོད་ཀྱི་མི་ཚེའི་རྒྱབ་རི་ཡིན

མིག་རྒྱང་གང་གི་རྐང་ལམ་དེ་ནི་ཁྱོད་ཀྱི་བཤུལ་ལམ་ཕྲ་མོ་ཡིན

ཁྱོད་ཀྱི་མིག་ཟུང་ནི་ཚེ་འབར་གྱི་མར་མེ་ཡིན

ཁྱོད་ནི་བགྲེས་རྒུད་མེད་པའི་འཕགས་པ་དེའང་ཡིན

རེད་དེ།  ཁྱོད་རང་འདི་ལྟར་བཞུད་སོང་ངམ

འདི་ལྟར།  སྐྱེ་འཆི་ཡི་ཕར་ངོགས་སུ་བཞུད་སོང་ངམ

ཚམ་ཚོམ་དང་བཅས་པའི་ཐུག་འཕྲད་དེའི་རྗེས་སུ

ཁྱོད་ཅེས་པའང་དྲན་སྣང་ཁྲོད་ཀྱི་ཆ་ཤས་ཤིག་གྱུར་སོང་ངམ

བདག་གི་བགྲེས་རྒུད་མེད་པའི་བླ་རི་ལགས

སྨྲ་བ་བསྙུངས་ཏེ་འདུག་པར་མི་བྱ་རོགས

ང་ཡིས་ཁྱོད་ཀྱི་སྒོ་གླེགས་དལ་གྱིས་རྡུང་བར་མ་ཐོས་སམ།

བདག་གིས་ཤིན་ཏུ་གྲང་བའི་ཚིག་ཚོགས་ཀྱི་ཆོ་ག་བཏོན

དཀར་འོད་ཀྱི་ས་བོན་རེ་རེ་ཁྱོད་ཀྱི་ཞིང་སར་འདེབས་ཅི་ཐུབ་བྱས

ཁྱོད་ཀྱི་ནན་ཏན་གྱི་སྤྱན་ཟུང་དེ་དག་དྲན་ཐེངས་རེར

རྨི་ལམ་དང་དངོས་ཡོད་ཀྱི་ཧེ་བག་ཀྱང་མག་མོག་ཏུ་གྱུར

                                                         མག་མོག་ཏུ་གྱུར

གཉིས།

གྲྭ་ཤག་གི་གྲང་རེག་དང་འཇིག་རྟེན་གྱི་ཆོས་ཉིད་དག

སྙིང་བོ་མེད་པའི་འགྲུལ་བཞུད་དང་ལྐོག་ཇུས་དག

སྙིང་རྗེ་མེད་པའི་མི་དང་མི་ཡིས་གྲུབ་པའི་འཁོར་བ་དག

ས་འདིར་ཁྱོད་མེད་པས

སྨིག་པ་འཐིབས་བྱུང

མཐོང་ལགས་སམ

བདག་གི་འཕགས་པ་ཡཱ

ལྐོག་གྱུར་གྱི་གསང་བ་དག་རེ་རེ་ནས་ཁྱོད་ལ་དྲིས

མི་རྣམས་ཀྱི་ངོ་གདོང་དུ་དོད་པ་ནི་དགའ་སྐྱོ་ཆགས་སྡང་གང་ཡང་མ་རེད།

ད་ལྟ་ཁྱོད་རང་གང་དུ་ཡོད

ང་རང་ཉི་འོད་ཀྱི་འོག་ཏུ་མཆོངས་རྒྱུག་བྱེད་ཀྱིན་ཡོད

ཕ་ཡུལ་དུ་ད་དུང་དབྱར་ཁ་ཚེས་མ་བྱུང

གནས་མལ་དུ་ཁ་བའི་རེག་པ་གྲང་ལགས་སམ

བདག་གི་འཕགས་པ་ཡཱ འཕགས་པ

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *