མཁས་དབང་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ།

རྩོམ་ཡིག་འདི་ཐེངས། 73634 བཀླགས་འདུག

Screen Shot 2017-05-07 at 10.58.05 AM

མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཁན་པོ་རིན་པོ་ཆེའི་ཁྲི་འབུལ་སྐབས།

བཅུ་ཕྲག་རིག་པའི་བདག་ཉིད་ཆེན་མོ་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་བམ་མཚོ་ལྡན་སྙེམས་བློར་འབོད་པ་ཁོང་ནི།  སྤྱི་ལོ་ ༡༩༦༦ ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་མདོ་སྨད་རྔ་ལྗོངས་གཡང་གི་ར་བའི་བློན་ཚང་འཇུ་སྐོར་སྡེ་བའི་སྤྲེའུ་ཚང་ལ་སྐུ་འཁྲུངས།   དགུང་ལོ་དགུའི་ཐོག་ནས་སྤྱི་ཚོགས་སློབ་གྲྭ་ཆུང་འབྲིང་སོགས་འགྲིམ་ནས་རྒྱ་ཡིག་དང་རྩིས་རིག་སོགས་སུ་སྦྱང་འབྲས་མི་དམན་པ་ཞིག་ཐོབ།    ཕྱིས་སུ་ལས་སྨོན་བཟང་པོའི་རྟེན་འབྲེལ་ཞིག་གིས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་ཏེ་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་ལ་ཞུགས་ནས་སྣང་ཞིག་སྐྱབས་རྗེ་སྐུ་ཕྲེང་སོ་དགུ་བའི་ཡོངས་འཛིན་མཁས་དབང་བསྟན་འཛིན་ཡེ་ཤེས་རིན་པོ་ཆེ་དགེ་བའི་བཤེས་གཉེན་དུ་བསྟེན་ནས་དམ་པ་ཁོང་གི་དྲུང་ནས་སྤུངས་སོ་ཆེ་ཆུང་དང་།  སྨར་ཆེ་ཆུང་གི་ཡི་གེ་འབྲི་སྟངས།  བརྡ་སྤྲོད་རིན་ཆེན་གཏེར་ཁྱིམ།  བརྡ་སྤྲོད་ཉི་ཤུ་བདུན་པ་རྩ་འགྲེལ།  སྣང་ཞིག་བསྟན་པའི་ཉི་མའི་སྙན་འགྲེལ།  སྐར་རྩིས་མཐོང་བ་དོན་གསལ་རིན་ཆེན་དོ་ཤལ།  ནག་རྩིས་སྣང་སྲིད་མེ་ལོང་།  དབྱངས་ཅན་སྒྲ་འགྲེལ།   སྡེབ་སྦྱོར་རིན་འབྱུང་།   སྡོམ་གསུམ།   གཞི་གསུམ་ཆོ་གའི་ཕྱག་ལེན།  ལམ་རིམ་སུམ་བརྒྱ་བ།  བྲུ་ཡི་སྣོད་བཅུད་ཆགས་ཚུལ་སྐོར་གྱི་གཞུང་སོགས་རིག་པའི་གནས་ལྔ་ལ་སྦྱོང་བ་བྱས།   དེ་མིན་དཔོན་སློབ་ཨ་ཁུ་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་དུ་མའི་གམ་ནས་དཀྱིལ་འཁོར་ཐིག་རྩ་དང་མཚན་ཉིད་རིག་པའི་གཞུང་བསྡུས་གྲྭ་སོགས་གང་འཚམས་སྦྱོང་བ་བྱས་ཤིང་།   སྣང་ཞིག་དགོན་ཆེན་གྱི་དྲུང་ཡིག་ཆེན་མོ་དང་ཐིག་དཔོན་ཆེན་མོ་དགེ་བསྐོས་ཆུང་བ་སོགས་ཀྱི་འགན་བཞེས་ནས་བསྟན་ལ་སྲི་ཞུ་ཚུལ་བཞིན་ལ་འབད།

སྤྱི་ལོ་ ༡༩༩༥ ལོར་དཔལ་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཞུགས་ཀྱི་སློབ་མ་བྱས་ཏེ།   མཁན་ཆེན་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གི་གཙོས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་བསྡུས་གྲྭ།  རྟགས་རིགས།  ཚད་མ།   ཐེག་འགྲེལ།   མཚོན་བྱེད་ཞེ་ལྔ།   ས་ལམ།  ཕར་ཕྱིན།   བསམ་གཟུགས།   རྟེན་འབྲེལ།   དགེ་འདུན་ཉི་ཤུ།   དབུ་མ།   མཛོད།   འདུལ་བ།   རྩ་རླུང་འཁྲུལ་འཁོར།   ལྷ་གཉེན་ཤེལ་སྒོང་སོགས་ལ་སྦྱོང་བ་བྱས་པ་མ་ཟད།   གདན་ས་དེ་རུ་རིག་གནས་དགེ་རྒན་གྱི་འགན་བཞེས་ནས་ཕྱོགས་སོ་སོའི་སློབ་མ་རྣམས་བསྐྱངས་བ་དང་།   དཔལ་ཁྲི་བརྟན་ནོར་བུ་རྩེའི་རིག་གནས་སློབ་སྦྱོང་གི་གཞི་རྐང་དམ་པོར་བཙུགས་ནས་དགོན་དེ་ནས་གཞུང་ཁྲིད་དགེ་རྒན་མི་ལོ་དགུ་དང་།   དེ་མིན་རིག་གནས་འགན་འཛིན།   དགེ་བསྐོས།   དྲུང་ཡིག་པ།   འཕྲོད་བསྟེན་འགན་འཛིན། 《བགྲེས་པོའི་འབེལ་གཏམ་དུས་དེབ་ཀྱི་རྩོམ་སྒྲིག་སོགས་ཀྱི་འགན་བཞེས།    ཡོངས་འཛིན་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དྲུང་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་དང་།    ཐེག་འགྲེལ།   མཚན་ཉིད་གསུམ།   དབུ་མའི་ཟིན་བྲིས།   མ་རིག་ངོས་འཛིན།   གལ་མདོ་དྲི་མེད་གསལ་སྒྲོན།   རྗེའི་འདུལ་བ་མདོ་བསྡུས་དང་ཀུན་བཏུས།  གསང་སྔགས་བཀའ་འགྲེལ་གསལ་བཤད།  ཞང་ཞུང་སྙན་རྒྱུད།   ཨ་ཁྲིད།   རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད།   མ་རྒྱུད་སངས་རྒྱས་རྒྱུད་གསུམ།   རྫོགས་ཆེན་ལུང་ནོན་ཆེ་ཆུང་།   སྐད་ཀྱི་བྱེ་བྲག   ཞང་ཞུང་ཇུ་ཐིག   སྐར་རྩིས་ལས་འཕྲོས་པའི་ཚེ་རབས་ལས་རྩིས།  དཀྱིལ་འཁོར་ཐིག་རྩ།   མཆོད་རྟེན་བརྒྱ་དང་ཉི་ཤུའི་ཐིག་རྩ།  སྨྲ་སེང་རྡེལ་མོ།   གཟུངས་གཞུག་འབུལ་ཚུལ།   ས་དཔྱད་བྱེ་མ་རྡུལ་སྤུངས་ཞལ་ནམ་བྲན་སྟངས།   གཏོར་མ་བཅའ་བཟོ་སོགས་ཀྱིས་གཙོས་པའི་གདམས་ངག་གི་བདུད་རྩི་བུམ་པ་གང་བྱོས་ཚུལ་དུ་གསན་བཞེས་མཛད་པའི་སྐལ་བ་ཐོབ།

སྤྱི་ལོ་ ༢༠༠༥ ལོར་སླར་ཡང་ཕྱིར་མདོ་སྨད་སྣང་ཞིག་དགོན་ཆེན་དུ་འབྱོར།  ལོ་དེའི་སྤྱི་ཟླ་བཅུ་བ་ནས་བཟུང་གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་དང་།   རྒྱལ་བའི་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་པ་ཟུང་གི་བཀའ་གསུང་བཞིན།   གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་གཞུང་ཁྲིད་དགེ་རྒན་ཆེན་མོའི་འགན་བཞེས། ༢༠༠༧ལོར་དཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཏེ་མདོ་སྔགས་རྫོགས་གསུམ་གྱི་དམ་བཅའ་ཆེ་ཆུང་རྣམས་རིམ་པར་བཞག དབྱར་གནང་དང་དགུན་གནང་སྐབས་སྤྱི་ཚོགས་སློབ་གྲྭ་སོ་སོའི་ངལ་གསོ་དང་བསྟུན་ནས་ཞིབ་འཇུག་སློབ་མ་དང་སློབ་ཆེན་སློབ་མ་མི་ཉུང་བ་ཞིག་ལ་ནང་བསྟན་རིག་པའི་གཞུང་ལུགས་སྐོར་ནས་འཆད་ཁྲིད་གནང་བ་མ་ཟད།    དེ་ནས་རིམ་བཞིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་གཞོན་པ་དང་སློབ་གཙོ་རྒན་པ་སོགས་ཀྱི་འགན་བཞེས་ཏེ་ཕྱོགས་སོ་སོ་ནས་སློབ་གཉེར་དུ་ཕེབས་པའི་དགོན་ཁག་མི་འདྲ་བ་དྲུག་ཅུ་ལྷག་གི་སློབ་གཉེར་བ་རྣམས་ལ་མདོ་མཚན་ཉིད་པོད་ཆེན་དྲུག་དང།   གསང་སྔགས་བཀའ་འགྲེལ་དང་མ་རྒྱུད་རྩ་འགྲེལ།   ཨ་སྙན་རྫོགས་གསུམ།  སུམ་རྟགས་དག་གསུམ།   རྩིས་དཀར་ནག  ཐིག་རྡུལ་ཚོན།  སྒྲ་སྡེབ་སྦྱོར།   སྙན་ངག་དང་ལོ་རྒྱུས་སོགས་ཀྱི་འཆད་ཁྲིད་གནང་།

༢༠༠༨ལོར་གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་།   རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་པ་ཟུང་གི་ཐུགས་བསྐྱེད་སྨོན་ལམ་རྣམ་པར་དག་པའི་དགོངས་པ་བཞིན་དུ་སྣང་སྟོན་གཡུང་དྲུང་བློ་གྲོས་ཐོགས་མེད་རིན་པོ་ཆེའི་ཡོངས་འཛིན་དུ་མངའ་གསོལ་མཛད།    སྔ་ཕྱིར་དམ་པ་ཁོང་ཉིད་ཕྱོགས་སོ་སོའི་འཆད་ཉན་གྱི་སྡེ་དང་རིག་གཞུང་བགྲོ་གླེང་སོགས་སུ་ཞབས་ཀྱིས་བཅག་སྟེ་གཡུང་དྲུང་བོན་དང་ས་དགེ་ཇོ་ནང་སོགས་ལ་གྲུབ་མཐའི་མཐུན་ལམ་ལེགས་པོར་བསྐྲུན་ཡོད་པས་ངེས་པ་དོན་གྱི་སྐྱེས་ཆེན་ཞིག་གི་མཚན་གྱི་རང་རྟགས་ཟབ་མོ་ཐོབ།   ཁྱད་པར་དུ་ཐེངས་དང་པོའི་གཡས་རུའི་འཆད་རྩོད་ཆེན་མོ་མདོ་སྨད་ཤར་དུང་རིའི་ཉེ་འདབས་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་འཚོགས་སྐབས་གྲྭ་བ་སྟོང་ཕྲག་དུ་མར་གཟིགས་རྟོགས་གནང་མཁན་གྱི་སློབ་དཔོན་གྱི་གཙོ་གྲས་སུ་བཞུགས་པ་དང་།   དེ་དང་མཉམ་དུ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་བརྒྱ་ཕྲག་གསུམ་ལྷག་གཙོ་ཁྲིད་བྱས་ཏེ།  གཡས་རིའི་འཆད་རྩོད་ཆེན་མོར་ཞུགས་ནས་རྩོད་པ་བོན་གྱི་འཁོར་ལོ་སྐོར་བ་དང་།  དེའི་ཞོར་དུ་མ་རྒྱུད་མཁའ་འགྲོའི་གནས་རི་བྱིན་ཅན་དང་མཁའ་འགྲོའི་འུག་གདོང་གི་དབུ་བརྙན་རང་བྱོན་སོགས་ལ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ལ་གནས་སྐོར་བྱེད་པའི་སྐལ་བ་བཟང་པོ་བསྐྲུན།   དེ་མིན་དམ་པ་ཁོང་གིས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས་སྐབས་སུ་སྐུ་ངལ་གྱི་ལམ་འཕྲང་ཀྱག་ཀྱོག་དུ་མ་ཞིག་བརྒྱུད་ནས། བཤད་སྒྲུབ་སློབ་གླིང་གི་འགྲིག་གཞི་ལ་སྨན་པའི་མཛད་པ་རིས་སུ་མ་ཆད་ཕྱོགས་སུ་མ་ལྷུང་བའི་སྒོས་ཐུན་མོང་བསྡུས་གྲྭ་ནས་འདུལ་བའི་བར་དུ་འཆར་ཅན་གྱི་ཁྲིད་ཡུན་སོགས་བཀོད་སྒྲིག་བྱས་ཏེ།འཆད་ཉན་གྱི་འགྲིག་གཞི་ལ་ཡང་སྔོན་ལས་གྲ་རྒྱས་སུ་མཛད་ནས་མདོ་ཡི་གཞུང་ཚན་རྣམས་ལ་བགྲང་བྱ་དགུའི་སློབ་ཡུན་གཏན་ཁེལ་བྱས་ཤིང་།   སྔགས་རྫོགས་ཀྱི་འཛིན་གྲྭ་གཉིས་ཁོང་གིས་གསར་དུ་བཙུགས་ཏེ།    བགྲང་བྱ་གསུམ་གྱི་སློབ་ཡུན་ལ་སྔགས་རྫོགས་ཀྱི་འཆད་ཉན་གྱི་གཞུང་གི་སྐོར་ལའང་རྒྱལ་བ་སྨན་རི་བའི་ཕྱག་སྲོལ་འཁྲུལ་མེད་དང་།   སེམས་སྦྱོང་གི་མཚམས་ཆེན་བཞི་སོགས་ཀྱི་འགྲིག་གཞི་གཏན་ཁེལ་བྱས་པ་སོགས་དཀའ་བ་ཁྱད་དུ་བསད་དེ་བསྟན་དོན་འབའ་ཞིག་ལ་གཞོལ་བར་མཛད།

/

སྤྱི་ལོ་ ༢༠༡༤ ལོར་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་མཁས་མང་འདུས་བ་རྒྱ་མཚོའི་དབུས་སུ་སྔགས་རྫོགས་ཀྱི་དམ་བཅའ་ཆེན་མོ་ཚུལ་བཞིན་བཞག་སྟེ་སྔགས་རྫོགས་རབ་འབྱམས་པ་ཆེན་པོའི་མཚན་རྟགས་བཞེས།   ལོ་དེའི་ནང་མདོ་སྨད་སྣང་ཞིག་དགོན་གྱི་བཤད་སྒྲུབ་བསྟན་པའི་མངའ་བདག་སྟེ་ཚོགས་ཆེན་མཁན་རིན་པོ་ཆེའི་ཁྲི་ལ་མངའ་གསོལ་མཛད་ཏེ་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་ཁྱད་པར་དུ་སྣང་ཞིག་དགོན་ཆེན་གྱི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ལ་གཟིགས་རྟོགས་གནང་། རྟག་ཏུ་འདོད་ཆུང་ཆོག་ཤེས་ཀྱི་ཚུལ་དུ་སློབ་ཁྲིད་ཀྱི་བྱ་བ་འདི་གཙིགས་ཆེན་དུ་བྱས་ཏེ་སློབ་གཉེར་བ་རྣམས་ལ་གང་འདོད་ཀྱི་བཀའ་ལུང་གི་ཆར་ཆེན་བསྙིལ་ཏེ་ཉིན་རེ་ཆུ་ཚོད་བརྒྱད་ལ་དཔེ་ཁྲིད་ཚུལ་བཞིན་བཅུ་ཕྲག་རིག་པའི་གནས་ཀྱི་གཞུང་ལུགས་ཟབ་མོའི་སྙིང་དོན་རྩི་བཅུད་མར་གྱི་དྭངས་མ་ལྟ་བུའི་ཁྲིད་རྒྱུན་མ་ཉམས་པར་སྐྱོང་བཞིན་རང་དགོན་དུ་བཞུགས་ཤིང་།  སྤྱི་ལོ་ ༢༠༡༧ ལོར་སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོར་བདམས་ཏེ་ད་ལྟ་ནང་བསྟན་འབྲིང་རིམ་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་དང་མདོར་ན་མདོ་སྔགས་སེམས་གསུམ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བཤད་སྒྲུབ་བོན་གྱི་འཁོར་ལོ་ཕྱོགས་མེད་བློ་གསལ་ཡོངས་ཀྱི་བགོ་སྐལ་དུ་སྐོར་བཞིན་ལགས་སོ། །

/

སྔ་རྗེས་སུ་ཁོང་གིས་ཆེད་རྩོམ་གནང་བའི་རྩོམ་ཡིག་དག་གི་མཚན་བྱང་ཟུར་བཀོད།

/

•《བོད་ཀྱི་བརྡ་སྤྲོད་པའི་མཚམས་སྦྱོར་སྐོར་རྒྱ་ཆེར་བཀོད་པ།》

•《རྟགས་ཀྱི་འཇུག་པའི་གཞུང་རྒྱ་ཆེར་བཤད་པ།》

•《ལྷ་མོ་དབྱངས་ཅན་མའི་མདོ་འགྲེལ་ནག་འགྲོས་སུ་བཀོད་པ།》

•《སྙན་ངག་རིན་ཆེན་ལྡེ་མིག་གི་འགྲེལ་བ་བློ་གསལ་དགྱེས་པའི་ངག》

•《རྒྱལ་ཚབ་རིན་པོ་ཆེའི་སྐུ་གདུང་ཀུན་ཁྱབ་མཆོད་རྟེན་གྱི་དཀར་ཆག་ཆེན་མོ།》

•《ཡོངས་འཛིན་མཁས་པའི་དབང་པོ་བསྟན་འཛིན་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར།》

•《རྒྱལ་རོང་འབོ་ལ་སྟོབས་ལྡན་གླང་ཆེན་དགོན་གྱི་དཀར་ཆག》

•《བསྟན་པའི་འབྱུང་ཁུངས་ཀྱི་མཐའ་ལ་རྒྱ་ཆེར་དཔྱད་པ་ནོར་བུ་ཆུ་འབྱེད།

•《དཔྱད་རྩོམ་ཕྱོགས་བསྒྲིགས།》

•《སྙན་རྩོམ་ཕྱོགས་བསྒྲིགས།》

•《བོད་ཀྱི་ལྷ་རིས་སྒྱུ་རྩལ་མེས་པོའི་ཞལ་ལུང་།》

•《མཁས་པའི་ཕྱག་རྒྱུན་བཞིན་བྲིས་པའི་ཡིག་གཟུགས་སྣ་ཚོགས།》

•《སྐར་རྩིས་ཀྱི་དོན་འགྲེལ་ཆེན་མོ་རང་བློས་གང་དཔོག》

•《ལེགས་སྦྱར་སྐད་ལས་སྡེབ་སྦྱོར་སྒྲིག་ཚུལ་གསལ་བར་བཤད་པ།》

•《ཐུགས་རྟེན་བྲི་བཞེངས་ཀྱི་ཆགས་ཚད་ཉུང་བསྡུས།》

•《མཚན་མ་རྡུལ་ཚོན་དཀྱིལ་འཁོར་བྲི་བཞེངས་ཀྱི་བརྗེད་བྱང་།》

•《མཁན་ཉི་མའི་བསྡུས་གྲྭའི་མཆན་འགྲེལ་ཆེན་མོ།》

•《ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་བརྗེད་བྱང་ཆེན་མོ།》

•《རྗེའི་ཚད་མ་རྣམ་འབྱེད་ཀྱི་འགྲེལ་བ་ལུང་རིགས་བང་མཛོད།》སོགས་ཁོང་གིས་བརྩམས་གནང་མཛད་པའི་མཚན་བྱང་ཁག་ཅིག་འདིར་ཟུར་ཙམ་བཀོད་པ་ཡིན་ནོ།།

ཅེས་དམ་པ་ཁོང་གི་གསུང་གི་མན་ངག་ལ་ཡུན་རིང་མྱངས་པའི་སློབ་བུ་བློན་ཚང་བསྟན་ཁོ་རུ་འབོད་པས་སྤྱི་ལོ་༢༠༡༧-༠༥-༠༢ ཉིན་མདོ་སྨད་སྣང་ཞིག་དགོན་ཆེན་དུ་སྦྱར་བའོ།།

/

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *