ཆོས་ལུགས་འཐེན་འཁྱེར་གྱིས་བཟི་བའི་དྲ་འབུ་འགའ་ལ་གདམས་པ། །

རྩོམ་ཡིག་འདི་ཐེངས། 1888 བཀླགས་འདུག

IMG_8829

དེང་རབས་འཕྲུལ་རྩལ་འཕེལ་ཤུགས་ཁྲོད་དུ་སྐད་འཕྲིན་ནང་གི་དྲ་འབུའི་གཤིས། །

ནངས་ནུབ་དུས་དྲུག་ག་དུས་ཡིན་ཡང་མི་ཚེ་ཕར་ཆེར་དེའི་ཐོག་སྐྱེལ། །

རྒྱལ་ཁམས་གནས་ཚུལ་ཐེ་གཏོགས་བྱེད་ནས་མཐོང་ཚད་ཁ་པར་ནང་དུ་འདྲེན། །

དགོས་པ་ཡོད་མེད་བསམ་གཞིགས་མི་ཤེས་དྲ་འབྲེལ་ཀུན་ལ་གཏོང་རྐྱང་བྱེད། །

རང་ཉིད་ཁྲིམས་ཆད་ཉེན་པ་ཕོག་ལ་གཞན་དག་ཁྲིམས་ཁང་ནང་དུ་བསྐྱལ། །

སྐད་འཕྲིན་ཐོག་ཏུ་མིང་རྫུན་འབྲི་ནས་དྲ་ཚོམ་ནང་དུ་གསང་ཉུལ་བྱེད། །

ཆོས་ལུགས་གྲུབ་མཐའ་ཁ་ནས་འཁྱེར་ཏེ་གཞི་མེད་བསྙོན་འཛུགས་སྐུར་པ་འདེབས། །

གསུང་རབ་མཇལ་བའི་བློ་མིག་མེད་ལ་གུས་བརྩི་བྱེད་པའི་དག་སྣང་མེད། །

ཡེ་ཤེས་ལྷ་ངོར་ཁྲེལ་ཙམ་མེད་ལ་འཇིག་རྟེན་མི་ངོར་ངོ་ཚ་བྲལ། །

ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གཏོར་ཏེ་མི་རིགས་ནང་ཁུལ་སེར་ཀ་བཏོད། །

ཤེས་རབ་རིག་པའི་མིག་སྒོ་འགག་ཅིང་རྣམ་དཔྱོད་རིག་རྩལ་བགོ་སྐལ་ཆད། །

གནས་ལུགས་བདེན་དོན་གདོན་གྱིས་རློམས་ཤིང་ཡ་རབས་ཀུན་སྤྱོད་དུག་ཆུས་བཟི། །

ཆོས་དང་འཇིག་རྟེན་གང་གི་ཐད་ནས་ལེགས་བྱས་སྣ་གཅིག་བསྟན་རྒྱུ་མེད། །

མཁས་རབས་འཇོན་རབས་ཁ་མཆུའི་བར་ནས་སྟོང་གཏམ་རི་ལུང་འུར་གྱིས་ཁེངས། །

དྲི་བ་དྲིས་ན་ལས་དོན་བྲེལ་ཞེས་ལུང་རིག་བརྡར་ན་དྲ་སྒོ་འགག །

རྒྱལ་བའི་བཀའ་དང་འཕགས་པའི་ལུང་ཚིག་ཅུང་ཙམ་འདི་རུ་འགོད་པར་སྤྲོ། །

རྣམ་མཁྱེན་སྟོན་པ་གཤེན་རབ་ཞལ་ནས་གསུང་གི་བསྟན་པའི་དཀྱིལ་སྨད་དུ། །

ལྷ་བུ་དམ་པ་གཏོ་དཀར་ཁྱོད་ནི་རྒྱ་གར་ཝཱ་ར་ཎ་སེ་རུ། །

རྒྱལ་པོ་ཤག་གི་སྲས་སུ་འཁྲུངས་ཏེ་བོན་ལ་འཆོས་པའི་ལོག་ཆོས་རྣམས། །

ཡང་དག་ཆོས་ཞེས་བྱ་བར་བསྒྱུར་ཏེ་རབ་འབྱམས་བཀའ་འཁོར་བསྐོར་ཞེས་གསུངས། །

བོད་རྒྱལ་སྲོང་བཙན་སྒམ་པོས་མཛད་ཅེས་བཀའ་ཆེམས་ཀ་ཁོལ་ཞེས་བྱའི་ནང་། །

སྟོན་པ་གཤེན་རབས་མི་བོ་དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་སྤྲུལ། །

ཚེ་ལོ་ཉིས་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འོད་སྲུངས་བསྟན་ཤུལ་ཏུ། །

ཤག་ཐུབ་བསྟན་པ་མ་ཤར་བར་སྐབས་ནུབ་ཕྱོགས་ཞང་ཞུང་ཡུལ་ཆེན་དུ། །

སྟོན་པ་གཤེན་རབ་མི་བོར་སྤྲུལ་ནས་སེམས་ཅན་ཕན་བདེ་བསྐྲུན་ཞེས་གསུངས། །

བོན་གྱི་རྒྱལ་བ་གཉིས་པར་གྲགས་པའི་མཉམ་མེད་ཆེན་པའི་ཞལ་གདམས་ལས། །

རང་ལྟར་མི་ཆགས་གཞན་ལྟར་མི་སྡང་གྲུབ་མཐའི་རྣམ་གཞག་བྱེད་པ་ནི། །

དག་སྣང་སྦྱངས་པའི་ཐབས་ཁྱད་ཡིན་པས་དམ་པའི་ལུགས་སུ་འདོད་དོ་གསུངས།།

སྤྲུལ་སྐུ་བློ་ལྡན་སྙིང་པོའི་ཞལ་ནས་བོན་ཆོས་རིན་ཆེན་གསེར་གླིང་ལ།།

བཟང་ངན་མ་འཛིན་སྐལ་ལྡན་རྣམས་ཅེས་གསུངས་གདམས་ཟབ་མོ་གསེར་ལས་དཀོན།

རྒྱལ་དབང་ལྔ་བ་ཆེན་པོའི་ཞལ་ནས་སངས་རྒྱས་གཞན་རེའི་མཁས་རློམ་གྱིས། །

སྟོང་བཤད་འདྲེ་ཤར་ནུབ་སྒོར་གླུད་གཏོང་མཐོང་ཚེ་ཟག་བཅས་འོད་ཀྱི་སྐུར།།

གྲོལ་བ་གསང་ཆེན་བོན་ཞེས་གསུངས་ཏེ་ཕན་ཚུན་སྦྲེལ་ཐག་གསེར་ཟམ་བཙུགས། །

བོན་ཆོས་རིས་མེད་འབྲུག་ཀུན་ཞལ་ནས་གཤེན་ལྷ་འོད་དཀར་སྤྱན་གཟིགས་ཡིན།།

བོན་དང་ཆོས་ལ་ཁྱད་པར་མེད་ཅེས་ཞལ་གསུངས་གདམས་ངག་ཐོས་ཨེ་མྱོང་། །

དེའི་རིགས་གང་ལ་ལྟ་རྟོགས་དབེན་པའི་མུན་ནག་ནང་གི་སྲིན་འབུའི་ཚོགས།

འོལ་ཚོད་སྨྲ་སྤོབས་ངན་ལོངས་ཤོར་བའི་སྐད་འཕྲིན་ནང་གི་མཁས་རློམ་ཁྱུ།།

རྗེས་ཤུལ་ལྟ་བའི་ཕྱི་མིག་ལོང་ཞིང་མདུན་སྐྱོད་བྱེད་པའི་རྐང་གཉིས་ཞ། །

དཔྱད་གཞིའི་ཡིག་ཆའི་མིང་ཙམ་མི་ཤེས་ད་རུང་ལོ་རྒྱུས་ཚད་ཐིགས་རྒྱག །

སྐྲ་སེར་ཞིབ་འཇུག་ཟེར་གྲོས་ཉན་ཏེ་རང་རེའི་རིག་གཞུང་རྡོག་རོལ་བཏང་། །

བོད་ཀྱི་ལོ་རྒྱུས་མགོ་ཁུངས་ཡོད་ཚད་ཕྱི་རུ་བཏུགས་པའི་གཡོ་ཐབས་འབད། །

ལོ་ངོ་སྟོང་ཕྲག་དུ་མར་སོང་བའི་གནའ་རྫས་རིགས་དངོས་ཐོན་ན་ཡང་། །

རྫུན་རྐུབ་དོར་བའི་དོགས་འཁྲལ་སེམས་ཏེ་མིག་གཉིས་བཙུམས་ཏེ་ལོང་མཆོངས་བྱེད། །

ཁྱོད་ཀྱིས་མིག་གིས་མ་མཐོང་ཕྱིར་ན་མེད་པར་འཛིན་ཏེ་སྒྲོ་བསྐུར་འདེབས། །

ཞིབ་འཇུག་ལྟ་བའི་ན་ཚོད་མ་སྨིན་བོད་མིའི་དད་ཞེན་སད་ཀྱིས་ཁྱེར། །

བོད་ཀྱི་ལོ་རྒྱུས་ཀླན་ཀ་འཚོལ་བའི་དྲ་འབུ་ཀླད་སྟོང་ཅལ་འདྲོགས་འགར། །

ཡ་ང་སྙིང་རྗེས་ཀུན་ནས་བསླངས་ཏེ་གྲོས་སུ་བཏབ་པའི་འཕྲིན་ཡིག་འདི། །

ཤ་ཚའི་གཏམ་དང་མཁྲིས་པའི་སྨན་སོགས་གནའ་བོའི་དཔེ་བཞིན་འགྱུར་སྲིད་ཀྱང་། །

སྨྲ་ཤེས་དོན་གོའི་མཚན་ཉིད་ལྡན་ན་བསམ་གཞིགས་བྱེད་སའི་དཔྱད་གཞི་ཙམ། །

རྩམ་ཟན་ཡིན་པའི་འགན་འཁྲིར་སེམས་ཏེ་ཕྱི་གླིང་ཡུལ་ནས་གཅེས་སུ་བཏེགས། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *