༓ འཛམ་གླིང་གི་ཡང་རྩེར་གནས་པའི་དགོན་པ་དང་གྲོང་ཚོ།

རྩོམ་ཡིག་འདི་ཐེངས། 1679 བཀླགས་འདུག

བལ་ཡུལ་གྱི་རྒྱལ་ས་ཡུམ་བུའམ་ Kathmandu ནས་པོག་ར་ Pokhara ཞེས་བལ་པོའི་རྒྱལ་ས་གཉིས་པ་རུ་གྲགས་པར་རླངས་འཁོར་བརྒྱུད་ཆུ་ཚོད་ ༥ ནས་ ༦ བར་དང་། པོག་ཀ་ནས་རླངས་འཁོར་ནང་ཆུ་ཚོད་ ༡༠ རྗེས་སུ་གློ་མོན་ཐང་རྫོང་གསར་པའམ་ Musthang, Jomsom ལ་འབྱོར། དེ་ནས་ཕན་ལེགས་ཟེར་བའི་གྲོང་གསེབ་ནས་ཡར་དོལ་པོའི་ཕྱོགས་སུ་ཁ་ཕྱོགས་ནས་གོམ་བགྲོད་བྱ་དགོས་ཞིང་། དེ་ནས་བཟུང་རླངས་འཁོར་སོགས་ཀྱི་སྒྲ་ཙམ་ཡང་གོ་རྒྱུ་མེད། གོམ་པ་རྒྱབ་སྟེ་ཉིན་ལྔ་དང་ཡང་ན་དྲུག་གི་རྗེས་དོལ་པོའི་ཡུལ་དང་པོ་ཚྭ་དགའི་གྲོང་ཚོ་རུ་སླེབ་ཐུབ་པ་མ་ཟད། ཡང་སྟོན་གྱི་གདན་ས་གསར་རྙིང་སོགས་མཇལ་ཐུབ་པ་ཡིན། མཚམས་འདིར་བླ་མ་ཡང་སྟོན་ཆེན་པོའི་སྐོར་རག་ཙམ་ཞུས་ན། ཡང་སྟོན་ཆེན་པོ་ཞེས་གཡུང་དྲུང་བོན་གྱི་བླ་མེད་རྫོགས་པ་ཆེན་པོའི་བླ་རྒྱུད་ཀྱི་གྲལ་དུ་བཞུགས་པའི་བླ་རབས་རྣམས་ནི་བོན་གྱི་ལོ་རྒྱུས་ཁྲོད་ཆེས་གལ་ཆེན་གྱི་གདུང་རབས་ཞིག་སྟེ། IMG_4765སྔར་སངས་རྒྱས་སྟོན་པ་གཤེན་རབ་མི་བོའི་སྐུ་དུས་སུ་ཡ་ངལ་དང་ཡང་ངལ་གྱིམ་གོང་བ་ཞེས་ཐུགས་སློབ་ཀྱི་གྲལ་དུ་བཞུགས།  སྟོན་པའི་བཀའ་མི་ནུབ་མཚན་མདོ་ལས།  ཞི་བའི་བོན་པོ་ཡ་ངལ་གྱིམ་གོང་སྲིད་པ་ཞེས་གསུངས་པ་ལྟར་དང་། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་རྒྱལ་པོའི་སྐུ་གཤེན་དུ་ཡ་ངལ་སྲིད་པའི་གཤེན་ཞེས་པའི་ཡང་སྟོན་གྱི་བླ་མ་ཞིག་བྱོན་པའང་གསལ་ཡོད། ཕྱི་ལོ་ ༡༠༧༧ ལོར་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་འཁྲུངས་ཤིང་།  ཁོང་གིས་རོང་སྒོམ་རྟོག་མེད་ཞིག་པོའི་མདུན་ནས་བླ་མེད་རྫོགས་པ་ཆེན་པོའི་གདམས་ངག་ཞུས་ཏེ་ཡང་སྟོན་བླ་རྒྱུད་རིམ་བྱོན་གྱི་ཐུགས་དམ་ལྟར་རྫོགས་པ་ཆེན་པོའི་བོན་ཉམས་ལེན་གནང་། དེས་ན་ཡ་ངལ་དང་ཡང་ངལ་ཡང་སྟོན་སོགས་མིང་གི་རྣམ་གྲངས་སོ།

ལྷག་པར་དུ་ཡང་སྟོན་རྒྱལ་མཚན་རིན་ཆེན་གྱིས་སྐུའི་སློབ་བུ་གཅིག་ཆོད་དད་ཤེས་བརྒྱུད་གཡས་རུའི་སྟོན་པ་བཅུ་པ་བྲུ་ཆེན་རྒྱལ་བ་གཡུང་དྲུང་ལ་སྙན་རྒྱུད་ཀྱི་གདམས་པ་གནང་བས་ད་ཆར་མཇལ་ཡུལ་དུ་གྱུར་བའི་བླ་མེད་རྫོགས་པ་ཆེན་པོའི་31490_120481681319486_7650402_nཉམས་ལེན་ཀྱང་ཡང་ཡང་སྟོན་བླ་མའི་ཉམས་རྟོགས་ཀྱི་ཞལ་ངད་མ་ཉམས་པར་བཞུགས་ཡོད་པ་ལྟར་རོ། ལྷག་པར་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་སྲས་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། དེ་བཞིན་ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་སོགས་དེང་གི་དུས་སུ་དོལ་པོའི་ཡུལ་ལུང་ཚྭ་དགའི་ཕྱོགས་སུའང་ཡང་སྟོན་བླ་མའི་གདུང་རྒྱུད་རིམ་པར་བྱོན་ཞིང་བླ་མེད་རྫོགས་པ་ཆེན་པོའི་བོན་ཉམས་སུ་ལེན་དང་ལེན་བཞིན་ཡོད།

ཡང་སྟོན་གྱི་གདན་ས་དང་པོ་ཀོག་ལང་དགོན་པ།

OLYMPUS DIGITAL CAMERA

སྤྱིར་བཏང་ཚྭ་དགའི་ཡུལ་དེར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཆེས་སྔ་མོའི་དུས་ནས་དར་བ་ཞིག་ཡིན་ཞིང་། ཡང་སྟོན་རྒྱལ་མཚན་རིན་ཆེན་གྱི་དུས་སུ་ཀོག་ལང་དགོན་དུ་ཞང་ཞུང་སྙན་རྒྱུད་བཀའ་ཉམས་སོགས་ཐོས་བསམ་སྒོམ་སྒྲུབ་གྱི་ཉམས་ལེན་དང་རྒྱུད་འཛིན་གྱི་སྐྱེས་བུ་མང་པོ་འཁྲུངས་འདུག དགོན་འདིར་ཡང་སྟོན་དཔལ་ལྡན་བཟང་པོ་དང༌། ཡང་སྟོན་རིན་ཆེན་རྒྱལ་མཚན། ཡང་སྟོན་བསྟན་པ་རྒྱལ་མཚན། ཡ་ངལ་མི་འགྱུར་རྒྱལ་མཚན་སོགས་བཞུགས་ནས་བླ་མ་དེ་དག་གི་སྐུ་རིང་ལ་འདུས་སྡེ་རྒྱ་ཆེན་པོ་དང་བསྟན་པ་དར་རྒྱས་སུ་བྱུང་ཡོད་པ་ད་ཆར་བཞུགས་པའི་དགོན་པའི་ཚོགས་ཁང་ཞིག་ཤུལ་དང༌གྲྭ་ཤག་དང་མཚམས་ཁང་ཞིག་ཤུལ་སོགས་ལ་གཞིག་ན་ངེས་ཤེས་རྙེད་ཐུབ་པ་ཡིན།  དགོན་པ་འདི་ནི་རྒྱལ་གཤེན་ཡ་ངལ་བའི་གདན་ས་ཡིན་པ་རྒྱ་ནག་གོང་མ་ཆེན་པོས་བླ་མ་ཡང་སྟོན་ལ་གནང་བའི་གོང་མའི་བཀའ་ཡིག་ཆེན་མོའི་ནང་གསལ་ལྟར་དང་དགོན་པ་འདིའི་ཉེ་འཁོར་དུ་ཇོ་མོའམ་བཙུན་མའི་དགོན་པ་ཞིག་ཀྱང་ཆགས་ཡོད་འདུག

ཡང་སྟོན་གྱི་གདན་ས་གཉིས་པ་རྟར་རྫོང་ཕུན་ཚོགས་གླིང་།

ཚྭ་དགའི་ཡུལ་གྱི་ཕར་ངོས་སམ་སྲིབ་ཕྱོགས་སུ་ཡོད་པ་རྟར་རྫོང་ཕུན་ཚོགས་གླིང་ནི་ཡང་
Copy of DSC09107སྟོན་བླ་མ་གཙུག་ཕུད་རྒྱལ་མཚན་གྱིས་དུས་རབས་བཅུ་བདུན་པའི་ནང་ཕྱག་བཏབ་པར་གསུངས།   ཕྱིས་སུ་ཡང་སྟོན་བླ་མ་གཙུག་ཕུད་རྒྱལ་མཚན་གྱིས་སླར་ཡང་གསས་ཁང་དང་། ལྷ་ཁང་། གྲྭ་ཤག མཚམས་ཁང་བཅས་ཕྱག་བཏབ།  དུས་ཕྱིས་སུ་ཡང་དགོན་གྱི་བླ་སྔགས་གྲྭ་བཙུན་སོགས་དུས་མཆོད་སོགས་ཀྱི་ཆེད་དུ་དགོན་པར་ཕེབས་པ་ལ་ལུང་ཁུག་ཏུ་ཡོད་པའི་གཙང་པོ་ཆེན་པོ་དེ་བརྒལ་དགོས་པས་དཀའ་ངལ་མང་པོ་འཕྲད་པ་མ་ཟད། དགོན་པ་དང་ཡུལ་སྡེ་གཉིས་ཀྱི་བར་རྒྱང་ཐག་རིང་བའི་དབང་གིས་མཚམས་རེར་རྐུན་ཇག་གིས་གནོད་འཚེ་ཆེན་པོ་བྱུང་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལས་བརྟེན་ནས་ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་གྱིས་ཕྱི་ལོ་ ༡༩༨༨ ལོར་ཡང་སྟོན་གྱི་གདན་ས་གསུམ་པ་ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་དགོན་ཕྱག་བཏབ་གནང་།  ཕྱིས་སུ་ཕྱི་ལོ་ ༡༩༩༣ ལོར་སྟར་རྫོང་ཕུན་ཚོགས་གླིང་ངམ་དགོན་པ་རྙིང་པ་དེ་ནས་ཉམས་གསོ་གནས་སྤོས་མཛད་ནས་ད་ལྟའི་ཆར་དངོས་སུ་མཇལ་ཡུལ་དུ་ཡོད་པའི་དགོན་པ་གཉིས་ཀ་ལྷན་དུ་གནས་ཡོད།

ཡང་སྟོན་གྱི་གདན་ས་གསུམ་པ་ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་།

Yanggon-Monasteryཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་ནི་ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ཚྭ་དགའ་གྲོང་པའི་ནུབ་ཕྱོགས་ཀྱི་ཉེ་འདབས་སུ་ཆགས་ཡོད་པས་ཚྭ་དགའི་བོན་གྱི་ལྷ་སྡེ་ཚོར་སྔར་དང་མི་འདྲ་བར་དགོན་པ་རུ་ཕྱག་སྐོར་སྒྲིབ་སྦྱང་དང་མཆོད་འབུལ་བྱེད་ས་སྟབས་བདེར་གྱུར་ཡོད་ལ། དགོན་པའི་ནང་དུ་མཐོང་གྲོལ་ཞེས་པའི་ལྷ་ཁང་དང༌། གསས་ཁང་ཞེས་པའི་ལྷ་ཁང་གཉིས། གཞན་ཡང་གྲྭ་ཤག་དང་སྤྱི་ཐབ་བླ་མའི་གཟིམ་ཤག་དང་འཁོར་ཁང་ཆེན་མོ་བཅས་བཞེངས་ཡོད་ལ། གསས་ཁང་ཞེས་པ་འདི་སྔར་རྟ་རྫོང་ཕུན་ཚོགས་གླིང་ལ་ཡོད་པའི་གསས་ཁང་དེ་ཉིད་འདིར་སྤོས་ཏེ་དེའི་དོད་དུ་བཞེངས་པ་དང༌། རྟ་རྫོང་ཕུན་ཚོགས་གླིང་གི་གསས་ཁང་དུ་བཞུགས་པའི་བདེར་གཤེགས་སྐུ་གསུང་ཐུགས་རྟེན་རྙིང་པ་བྱིན་ཅན་རྣམས་འདིར་བཞུགས་སུ་གསོལ།

ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་གི་ནང་རྟེན་སྐོར།

དགོན་པའི་ནང་རྟེན་གཙོ་བོར་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གཉིས་དང་། ཁམས་ཆེན་སྟོང་ཕྲག་བརྒྱ་པ་བཅས་བདེ་བར་གཤེགས་པའི་གསུང་རབ་པོད་རྙིང་པ་བྱིན་ཅན་དུ་མ་དང༌། སྐུ་རྟེན་གཙོ་བོར་སྨན་འདམ་ལས་གྲུབ་པའི་བདེ་བར་གཤེགས་པའི་སྐུ་རྟེན་རྙིང་པ་བྱིན་ཅན། སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་གཙོས་པའི་སྐུ་རྟེན་ཆེ་ཆུང་དུ་མ་དང༌། ཐུགས་རྟེན་གཙོ་བོར་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཅས་རྟེན་གསུམ་བྱིན་ཅན་མང་པོ་བཞུགས་པ་མ་ཟད་ཡང་སྟོན་བླ་མའི་རྟེན་གསུམ་སོགས་ཡོད།

དགོན་པའི་ལོ་གཅིག་གི་དུས་མཆོད་སྐོར།

ལོ་རེའི་བོད་ཟླ་ ༡ ནང་ཉིན་ ༨ རིང་མ་ཏྲི་རིན་ཆེན་སྒྲོན་མའི་སྒྲུབ་པ་དང་། སྐབས་དེར་ཚྭ་དགའི་ཡུལ་གྱི་སེར་སྐྱ་ལྷན་འཛོམས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་མ་ཏྲིའི་སྙིང་པོ་རྒྱུན་ཆད་མེད་པ་བགྲང་བ་དང༌། སྒྲུབ་པ་མ་གྲོལ་བར་འཁོར་ཆེན་ཆགས་མེད་དུ་སྐོར་བ། ཉིན་མཐའ་མར་གཤེན་གྱི་གར་འཆམ་གཟིགས་འབུལ། གཞན་ཡང་མ་ཏྲིའི་བསྐུལ་མ་སོགས་དགེ་བའི་བྱ་བ་ཅི་ནུས་སུ་འབད་དང་འབད་བཞིན་པ་ཡིན། བོད་ ༣ པའི་ནང་ཡང་སྟོན་བླ་མ་ཁྲི་བ་བསྟན་འཛིན་རྒྱལ་མཚན་གྱི་འདས་མཆོོད་ཉིན་གཉིས་རིང་བླ་མ་རྩ་སྒྲུབ་གྱི་ཆོ་ག་གསུང་།  བོད་ཟླ་ ༧ ཚྭ་དགའི་སྔགས་མང་།པའི་ནང་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྟོང་མཆོད་ཀྱི་མཆོད་པ་རྒྱས་འབུལ་དང༌ཁྲོ་བཞིའི་བཟློག་པ་བཅས་ཀྱི་སྒྲུབ་པ་ཉིན་འགྱང་བདུན་གྱི་རིང། བོད་ཟླ་ ༩ པའི་ནང་སྐྱེ་སྒོ་གཅོད་པའི་ཆོག་ག་ཉིན་གཅིག  བོད་ཟླ་ ༡༡ པའི་ནང་ཡང་སྟོན་བླ་བྲང་དུ་ཡི་དམ་སྟག་ལའི་སྒྲུབ་པ་དང་སྲུང་ཟློག་བསད་གསུམ་བཅས་ཉིན་གསུམ། བོད་ཟླ་ ༡༢ པའི་ནང་ཡུལ་གྱི་སྤྱི་རིམ་ཆེན་མོར་ཡི་དམ་དབལ་གསས་རྔམ་པའི་དཀྱིལ་འཁོར་ཞལ་དབྱེ་ནས་ཉིན་འགྱང་བདུན་གྱི་རིང་སྲུང་ཟློག་བསད་གསུམ་གྱི་ལས་མཐའ་ཆ་ཚང་གནང་རྒྱུ་དང༌། གཏོར་རྒྱག་སྐབས་ཟློག་དབང་དང་འབྲེལ་མི་མང་ལ་གཤེན་གྱི་གར་འཆམ་གྱི་མཇལ་ཁ་གནང་རྒྱུ། དམིགས་བསལ་དུ་སྔོན་བྱོན་བླ་མ་དམ་པ་རྣམས་ཀྱི་དུས་ཆེན་ཁག་དང༌། ཟླ་བ་གང་ཤར་གྱི་ཚེས་པ་བཅུ་ཉིན་ཚེ་སྒྲུབ་བྱ་རི་མའི་ཚོགས་འཁོར་གསུང་རྒྱུ། དུས་ཚོད་དང་བསྟུན་ནས་བདུད་རྩི་སྨན་སྒྲུབ་ཆེན་མོའི་སྒྲུབ་ཆེན་འཚོགས་རྒྱུ་དང༌། རྒྱལ་བའི་བཀའ་འགྱུར་ཆེན་མོ་ལྗགས་ཀློག་གནང་རྒྱུ་བཅས་ཡིན།

བཤད་སྒྲུབ་སློབ་གཉེར་གྱི་སྐོར།

སྔ་ཐོག་བླ་མ་ཡང་སྟོན་གྱི་གདན་ས་ཆགས་པ་ནས་བཟུང་ད་བར་རིས་སུ་མ་ཆད་པའི་སེར་སྐྱ་ཚང་མས་ནང་སེམས་ཀྱི་ཉམས་ལེན་གཙོ་བོ་བླ་མེད་རྫོགས་པ་ཆེན་པོའི་གཞུང་ལུགས་ལྟར་རང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་སྔོན་འགྲོ་ཚོགས་བསགས་ཀྱི་བོན་དང༌། སྨིན་པ་གྲོལ་བར་བྱེད་པ་སེམས་དོན་ངོ་སྤྲོད་ཀྱི་བོན་རྣམས་ཉམས་སུ་ལེན་པ་དང༌། ཐབས་ཁྱད་པར་ཅན་ཡི་དམ་བསྙེན་སྒྲུབ་ཀྱི་དོན་ལ་འབད་དེ་ཚེ་འདི་ལྷ་སྐུ་མངོན་འགྱུར་དུ་འགྲུབ་པ་སོགས་སྔ་ནས་ད་བར་སྲོལ་རྒྱུན་མ་ཆད་པར་གནས་ཡོད། ཁྱད་པར་དུ་དགོན་འདིའི་སྒྲིགས་ཁོངས་སུ་ཞུགས་པའི་སྔགས་བཙུན་སུ་ཞིག་ཡིན་རུང་ཡི་གེ་འབྲི་ཀློག་འདོན་གསུམ་དང༌། སྔོན་འགྲོ་དང་དངོས་གཞི། གྲུབ་ཆེན་གོང་མའི་ཕྱག་ལེན་རྣམས་མི་ཉམས་ཞིང་རྒྱུད་འཆང་ཡོང་བར་བྱེད་བཞིན་པ་ཡིན། ཚྭ་དགའི་སྔགས་མང་།དཔེར་ན་ཕྲུ་གུ་ལོ་དགུ་ལོན་ནས་དགོན་པར་ལོ་གསུམ་རིང་མཚམས་ལ་བཞུགས་སྲོལ་ཡོད་ལ། མཚམས་ལ་བཞུགས་རིང་དགོན་པ་མ་གཏོགས་གྲོང་ཡུལ་དུ་འགྲོ་མི་ཆོག ལོ་རིམ་དང་པོར་ཡི་གེ་འབྲི་ཀློག་འདོན་གསུམ་སྐོར་སྦྱོང་བརྩོན་གནང་རྒྱུ་དང༌།  དེ་ནས་བོན་སྤྱོད་སྔོན་འགྲོའི་རིམ་པ་ཨ་ཁྲིད་སོགས་ཀྱི་སྒོ་ནས་རང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་སྔོན་འགྲོ་ཚོགས་བསགས་ཀྱི་བོན་དང༌། འཕོ་བ་བཅས་གྲུབ་མཚམས། རྒྱུད་སྨིན་པ་གྲོལ་བར་བྱེད་པ་སེམས་དོན་ངོ་སྤྲོད་ཀྱི་བོན་རྣམས་ཉམས་སུ་ལེན་དགོས་པ་ཡིན། དེའི་རྗེས་ཡི་དམ་བསྙེན་སྒྲུབ་ཀྱི་དོན་ལ་འཇུག་སྟེ་ཐོག་མར་རིགས་དྲུག་རང་སྦྱོང་དང༌།

OLYMPUS DIGITAL CAMERA

ཞི་བ་ཨ་གསལ། ཡི་དམ་མེ་རི་དང་དབལ་གསས།  སྟག་ལ།  ཚེ་སྒྲུབ་བྱ་རི་མ།  ཁྱུང་དམར༌སོགས་ཀྱི་བསྙེན་ཚད་རྣམས་གཞུང་སོ་སོ་ནས་གསལ་བ་ལྟར་ལོ་གསུམ་ནང་བསྙེན་སྒྲུབ་མཐར་ཕྱིན་པ་གནང་དགོས། ལོ་གསུམ་རིང་ཉིན་ལྟར་ཕྱག་བརྒྱ་རྩ་བརྒྱད་རེ་དང༌། སྔ་དྲོ་བསང་དང་གསུར། ཕྱི་དྲོ་ལ་བཀའ་སྐྱོང་དང་སྨོན་ལམ་བཅས་མ་ཆག་པ་གནང་དགོས། ཞོར་དུ་ཆོ་ག་ཕྱག་ལེན་དང༌། འབུད་བརྡུང་བཀྲོལ་གསུམ། གཏོར་མ་བཅའ་བཟོ་སོགས་སློབ་སྲོལ་ཡོད། སྒྲུབ་པ་མཐར་ཕྱིན་པའི་སྐབས་སུ་ཞི་རྒྱས་དབང་དྲག་གི་ལས་བསྣན་བསྲེགས་འཕང་གསུམ་སོགས་ངེས་པར་དུ་མཛད་སྲོལ་དགོས།  ལོ་གསུམ་ཚར་རྗེས་མཚམས་ཐོན་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་འཚོགས་སྟེ་མཛད་སྒོའི་སྐབས་ཡུལ་གཞན་པ་ཕྱི་ལོག་ནས་མགྲོན་པོ་སྐད་གཏོང་ནས་མཚམས་ལ་བཞུགས་མཁན་གྱི་ནང་མི་ཚང་ནས་མཛད་སྒོའི་སྐབས་གསོལ་ཇ་དང་ཞལ་ལག IMG_1327ཆང་དང་ཨ་རག་ཚང་མ་གྲ་འགྲིག་གིས་བཏང་རག་རྒྱས་པ་ཉིན་བདུན་རིང་སྐྱོང་དགོས། ཡུལ་མི་མང་ཚོགས་ནས་ཀྱང་འཚམས་འདྲི་བཀྲ་ཤིས་ཁ་བཏགས་དང་རིན་ཆེན་རིགས་རང་གི་འདོད་མོས་བཞིན་ལེགས་སྐྱེས་སུ་འབུལ་སྲོལ་ཡོད། དེ་དུས་གཟབ་སྤྲས་ངང་གཞས་དང་ཞབས་བྲོ་གླུ་དབྱངས་སོགས་ཀྱི་དཔལ་ལ་རོལ་ནས་དགའ་སྟོན་གྱི་མཛད་སྒོ་ཁ་དགེ་བཀྲ་ཤིས་པའི་རྟེན་འབྲེལ་གྱིས་གྲོལ།

ཚྭ་དགའི་ཡུལ་མི་དང་སྲོལ་རྒྱུན་ཆ་ལུགས་སོགས།

ཚྭ་དགའི་དགོན་གྲོང་གཉིས་ནི་གཡའ་རི་གངས་བྲག་གིས་ཕྱོགས་ཀུན་ནས་བསྐོར་ཞིང་། ས་གཞི་མནྡལ་ལྟ་བུའི་སྟེང་དུ་ཆགས། དགུན་དུས་སུ་ཁ་བ་དང་བུ་ཡུག་གིས་དུས་ཡུན་རིང་པོར་བཏུམས།  ལྷག་པར་དུ་སྐབས་དེར་འགྲིམས་འགྲུལ་བྱེད་དཀའ་བས་འཛམ་གླིང་མཐོ་སྒང་གི་དབེན་གནས་དངོས་གནས་པ་ཞིག་ཡིན་པའི་ཚོར་སྣང་སྤྲོད། སྐབས་འགར་གངས་རུལ་ཉིལ་ཏེ་མི་དང་དུད་འགྲོ་མང་པོར་གནོད་སྐྱོན་མི་ཉུང་བ་ཐེབ་བཞིན་པ་རེད། སའི་མཐོ་ཚད་ནི་གྲོང་ཚོ་ཡོད་སར་སྤྱི་ལེའམ་ Meter ༤༣༡༦ དང་། ཧ་ཅང་མཐོ་སའི་ཕྱོགས་སུ་སྤྱི་ལེ་ Metre ༥༠༠༠ ལྷག་ཡོད་པས་འཛམ་གླིང་ནང་གི་དགོན་གྲོང་མཐོ་ཤོས་སུ་བཤད་ཀྱང་མི་ཆོག་པ་མེད།

རི་མཐོ་ས་གཙང་དུ་གནས་པའི་དོལ་པོའི་མི་རིགས་ཀྱི་ངོ་མདོག་སྨུག་པོ་དང་། སྐྲ་ཟེང་ཟེང་། གདོང་དྲེག་ཅན།   ཟས་སུ་རྩམ་པ་དང་།  བྲ་བོ།   གྲོ་སྲན།  མར་ཕྱུར།  འབྲས་དང་ཉུང་མ།  ཞོ་གོག  ཞོ་དང་འོ་མ།  སྒོ་ཟོག་ཏུ་གཡག་དང་འབྲི། ར་དང་ལུག འབུད་ཤིང་དུ་བྲ་མ།  ར་ཤུག ལྕི་བ།  བཏུང་བར་ནས་ཆང་དང་།  ཇ་དང་ཆུ་དཀར་རོལ་བར་བྱེད། མིའི་ཆ་ལུགས་ནི་ཕོ་མོ་ཕལ་ཆེར་གྱིས་བོད་ཆས་གྱོན་ཞིང་བོད་སྐད་རྒྱག་པ་ལས་མཐའ་མཚམས་སོགས་རོང་ཆས་གོན་མཁན་དང་མོན་སྐད་རྒྱག་མཁན་མེད། ཚར་དགའི་ཡུལ་མི་རྣམས་ཀྱིས་མེས་པོ་ཞང་ཞུང་བགྲེས་པོའི་ལུགས་སྲོལ་བཞིན་རྣ་ཆོག་ལ་རྣ་གཡུས་བརྒྱན་པ། P1010429རྒྱུན་དུ་གླུ་གར་རོལ་རྩེད་ཀྱི་ལས་ལ་ཤིན་ཏུ་དགའ་ཞིང་ལུས་ཀྱི་རྣམ་འགྱུར་དང་ཕྱི་ཡི་གོས་ནི་བོད་ཡུལ་གྱི་བོད་མི་དང་འདྲ་མཚུངས་སུ་སྣང་།  དབྱར་དུས་ཟླ་ཤས་རིང་ཞིང་ལས་ནས་དང་། ཚོད་མ། ཞོ་གོག ཡང་ཚོང་དུས་སུ་བོད་བྱང་ཐང་དུ་འགྲོ་ཞིང་བྱང་ནས་ཇ་མར་ཚྭ་གསུམ་དང༌། འབྲས་གྲོ་རྩམ་པ། ར་ལུག་དང་རྟ་གཡག་སོགས་ཉོ་བཙོང་གིས་འཚོ་བའི་མི་ཚེ་སྐྱེལ་བཞིན་ཡོད། དམིགས་བསལ་དུ་ཞུ་རྒྱུར། གནས་དེར་ཡོད་པའི་གཡུང་དྲུང་བོན་གྱི་དཔེ་རྒྱུད་དག་ལ་ལེགས་ཉེས་གསར་རྙིང་གང་གིས་ཀྱང་ལྷད་མེད་པ་དང་། གཡུང་དྲུང་བོན་གྱི་བསྟན་པར་ཞབས་འདེགས་སྲོག་ལྟར་གྱུར་བ་སྟེ་དོལ་པོའི་ཕྱོགས་ནས་ཡིག་ཆ་གཡར་པོ་ཞུས་པ་རྣམས་ད་ལྟ་འཛམ་གླིང་གང་སར་མཇལ་ཡུལ་དུ་གྱུར་ཡོད་པས་དགའ་འོས་པ་ཞིག་རེད་ཅེས་ཞུ་ཞུ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *