ཡིག་སྒྱུར་བ་རེ་ཝན། Raven Cypress Wood

རྩོམ་ཡིག་འདི་ཐེངས། 1806 བཀླགས་འདུག

Screen Shot 2017-02-08 at 12.34.55 PM    ཡིག་སྒྱུར་བ་རེ་ཝན་ཝོས་སྒྲུ་ལགས་ནི་ཕྱི་ལོ་ ༡༩༦༧ ལོར་ཨ་རིའི་ས་གནས་ཨ་ལ་བྷ་མ་ Alabama རུ་ཡེ་ཤུའི་ཆོས་ལུགས་ཀྱི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཁོང་མོས་ཨ་རིའི་ནང་གི་སློབ་ཕྲུག་སྤྱི་མཚུངས་ལྟར་གཞི་རིམ་སློབ་གྲྭ་ཁག་རིམ་པས་མཐར་འཁྱོངས་བྱས་ཤིང་འདས་པའི་བྱ་བའམ་རྨི་ལམ་སྟབས་སྟབས་པོ་ཞིག་གི་འཕྲོར་མཐུད་ནས་ཆོས་ལུགས་རིག་པའི་སྐོར་ལ་དོ་སྣང་ཆེན་པོ་བྱུང་། ཁོང་མོ་ལོ་ ༡༨ ཐོག་སྟོན་པ་ཆེན་པོ་ཡེ་ཤུ་བའི་ལྟ་གྲུབ་ལ་རྟག་ཆད་ཀྱི་མཐར་འཛིན་ཆེ་དྲགས་པའི་ཚོར་སྣང་བྱུང་ཞིང་བསམ་བློར་འགྱུར་བ་ཆེན་པོ་ཞིག་རིམ་གྱིས་ཐེབས་ཏེ་ཉེ་བར་གནས་པའི་ཨ་རིའི་གདོད་མའི་མི་རིགས་ཀྱི་ཆོས་སྒོར་ཞུགས། ལོ་ཉི་ཤུའི་སྐབས་ནས་བཟུང་སློབ་ཆེན་དུ་སློབ་སྦྱོང་བྱེད་ཞོར་གདོད་མའི་མི་རིགས་ཀྱི་ཆོས་སྤྱོད་ཁག་ལ་ཟུར་སྦྱོང་མུ་མཐུད་ནས་བྱས་པ་དང་ས་གནས་ཀྱི་ཡུལ་མི་རྣམས་ལ་ལོ་ ༡༢ རིང་ཆོས་ཕྱོགས་ནས་མཐུན་རྐྱེན་གང་ཐུབ་ཐུབ་ཀྱིས་བསྒྲུབས།

    ༡༩༩༩ ལོའི་ལོ་མཇུག་ནས་བཟུང་བོད་ཀྱི་ཆོས་ལུགས་དང་འབྲེལ་བའི་དཔེ་དེབ་མང་པོ་བཀླགས་ཤིང་ནང་ཆོས་ཀྱི་ཧྲག་བར་ནས་མངོན་ཡོང་བའི”སྒྱུ་མ་”དང་”རྣལ་འབྱོར་”སོགས་ཆོས་ཚིག་རྩ་ཆེན་དག་གིས་སེམས་ལ་ཚོར་སྣང་མ་འདྲ་བ་རེ་སྐྱེས་བཅུགས་ཤིང་དེ་མ་ཐག་ཞག་བརྒྱའི་རིང་མཚམས་ལ་འདུག་རྒྱུ་ཐག་བཅད། སྐབས་དེར་བོད་ཀྱི་ནང་ཆོས་དང་འབྲེལ་བའི་དཔེ་དེབ་ལག་ཏུ་རྙེད་ཚད་དང་མིག་གིས་མཐོང་ཚད་བཀླགས་ཤིང་དམིགས་བསལ་དུ་བོན་པོ་དང་། རྙིང་མ། ཤངས་པ་བཀའ་རྒྱུད་ཀྱི་བླ་མ་རྒྱུད་པའི་རྣམ་ཐར་སོགས་ཆོས་དཔེ་ཁག་མང་པོ་བཀླགས།

    ཞག་བརྒྱ་གྲུབ་པའི་ལོ་མཇུག་ཅིག་ཏུ་སྔ་མའི་ལས་ཀྱི་རླུང་ཤུགས་དྲག་པོས་གཡོས་ཏེ་གཡུང་དྲུང་གི་བོན་རིན་པོ་ཆེར་སེམས་གཏིང་ནས་དད་པ་འགོག་ཏུ་མེད་པ་ཞིག་སྐྱེས་ཤིང་། དེའང་ཐོག་མར་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེར་འཕྲད་པ་དང་ཁོང་གི་མདུན་ནས་གཡུང་དྲུང་བོན་གྱི་ཉམས་ལེན་སོགས་ལ་སྦྱང་བརྩོན་གྱི་འགོ་ཚུགས། རིམ་གྱིས་བོན་ཆོས་ཉམས་ལེན་ཙམ་མ་ཡིན་པར་བོད་ཀྱི་ཡིག་སྒྱུར་རིག་གནས་སྦྱོང་བར་དོ་སྣང་ཤུགས་ཆེན་བྱུང་བ་དང་། ཁྱད་པར་དུ་བོན་གྱི་རྒྱུན་སྤྱོད་འདོན་ཆ་ཐུང་ངུའི་རིགས་དབྱིན་སྒྱུར་བྱ་ཐུབ་ན་སྙམ་པའི་འདུན་པ་ཡང་ཡང་སྐྱེས། དེའང་ཐོག་མར་བོད་ཀྱི་བརྡ་སྤྲོད་ལ་རང་སྦྱོང་ཁོ་ན་བྱས་ཤིང་བར་མཚམས་ཤིག་ནས་ལིག་མིན་རྐྱའི་བོན་ཚོགས་སུ་གཏན་སྤོས་ཀྱིས་ལོ་ངོ་དྲུག་གི་རིང་བོན་ཚོགས་དེར་རྒྱུན་མཁོའི་འདོན་ཆ་ཐུང་ངུའི་རིགས་དབྱིན་སྒྱུར་སོགས་ལས་དོན་ཡུན་རིང་པོར་བསྒྲུབས།

Screen Shot 2017-02-08 at 12.37.30 PMསྐབས་དེ་དག་ཏུ་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སོགས་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཐོབ་པས་བསོད་ནམས་རྒྱ་ཆེར་འཕེལ་བ་དང་དགའ་བ་ཚད་ལས་འདས་པ་སྐྱེས་ཟེར། དེ་ཙམ་མ་ཟད་ནུབ་ཕྱོགས་ཁུལ་དུ་ཕེབས་དང་ཕེབ་བཞིན་པའི་བོན་གྱི་བླ་མ་དགེ་བཤེས་སྔགས་པ་མང་པོར་མཇལ་འཕྲད་རིམ་པས་ཐོབ་ཅིང་ཁོང་ཅག་གི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་བ་དང་། ཞར་ཞོར་དུ་བོན་གྱི་འདོན་ཆོག་རིགས་ཡིག་སྒྱུར་ཐད་ཕྱག་ལས་མཉམ་རུབ་ཞུ་རྒྱུའི་བསྐལ་བཟང་ཡང་ཡང་ཐོབ་ཡོད་འདུག

    ཐོག་མར་བོན་གྱི་ཆོག་གཞུང་མང་པོ་ཞིག་དབུ་ཅན་ལམ་ནས་དབྱིན་སྒྱུར་ཞུས་པ་དང་། བར་མཚམས་ཞིག་ནས་བོན་དཔེ་དབྱིན་སྐད་དུ་སྒྱུར་བར་དབུ་མེད་མ་སྦྱོང་ཐབས་མེད་དུ་མཐོང་བས་རིམ་པས་དབུ་མེད་ལ་འདྲིས་སུ་བཅུགས་ཤིང་ད་ཆར་དབུ་མེད་ནས་དབྱིན་སྒྱུར་བྱས་པའང་མང་པོ་མཆིས། ཁོང་མོས་དབུ་མེད་ལམ་ནས་དབྱིན་སྒྱུར་ཐོག་མ་ཕལ་ཆེར་ཚེ་དབང་མཆོག་འདུས་བྱ་རུ་མའི་སྒྲུབ་གཞུང་ཐུང་ངུ་དེ་ཡིན་པ་འདྲ། རེ་ཝན་གྱིས་གསུངས་པ་ལྟར་ན་སྒྲུབ་གཞུང་དེའི་ནང་སྐོང་ཡིག་མང་བས་དཀའ་ཚེགས་གང་འཚམས་བྱུང་ཟེར། ད་ལྟའི་ཆར་བོན་གྱི་འདོན་དཔེ་ཙམ་མ་ཡིན་པར་ཞང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། མཚན་ཉིད། ཐུན་མོང་རིག་གནས་བཅས་ཀྱི་དཔེ་དེབ་ཁ་གསལ་གོ་བདེའི་རིགས་མང་པོར་སློབ་སྦྱོང་དང་མ་འོངས་པར་དེའི་རིགས་ཡིག་སྒྱུར་ཆེད་ཕྱག་ལས་གནང་བཞིན་ཡོད་ཅེས་ཀྱང་བཤད། 


Screen Shot 2017-02-08 at 12.43.37 PM   སྐབས་འདིར་ཕྲན་གྱི་མཐོང་སྣང་ཙམ་ཞིག་འདིར་བཤད་ན། རེ་ཝན་གྱིས་དབྱིན་སྒྱུར་ཞུས་པ་རྣམས་ལ་ཡིག་སྒྱུར་བ་གཞན་ལས་ཁྱད་བོན་མང་པོ་ཞིག་ཡོད་པ་འདྲ། དེ་ནི་ཤར་ནུབ་མི་རིགས་གང་ལྟར་ཡང་རུང་ལོ་ཙཱ་བའི་མཚན་སྙན་བཞེས་པ་མང་པོས་བོན་དཔེ་ཁག་དབྱིན་སྒྱུར་ཞུ་སྐབས་སྒྱུར་བ་པོས་རང་ཚིག་གམ་ own word མང་དུ་སྤྱད་པ་དང་། མ་ཕྱིའི་ནང་དོན་གྱི་ཟུར་ནས་དོན་གནད་གཞན་གླེང་བ། ཡང་ན་ནང་དོན་ཉུང་དུ་བཏང་བ། སྐབས་རེར་ལེགས་སྦྱར་གྱི་སྐད་བསྲེས་ནས་ཨུ་ཚུགས་ཀྱིས་འགྱུར་ཨེ་ཐོན་བལྟས་པ་མང་ན་ཡང་། རེ་ཝན་གྱིས་བསྒྱུར་བ་ཁག་ལ་མཚོན་ན་བོན་དཔེ་རང་དུ་ཡོད་པའི་བྱིན་ལྡན་གྱི་ཚིག་འབྲུ་གོ་དཀའ་བའི་རིགས་ནུབ་ཕྱོགས་པའི་ཁ་ཚིག་ཏུ་གོ་བདེར་འགྲེལ་གང་ཐུབ་བལྟས་ཡོད་ལ། བལྟ་ཡང་དགོས།  དེ་བཞིན། བདེར་གཤེགས་ལ་ 
sugata དང་། ཀུན་ཏུ་བཟང་པོ་ལ་ Samantabhadra སྐུ་གསུམ་ལ་ trikayas སོགས་ལེགས་སྦྱར་གྱི་ཐ་སྙད་ཁག་ཚིག་མཛོད་ནས་ཐད་བཤུས་ཙམ་མི་བྱེད་པར་ཞང་བོད་ཀྱི་ཐ་སྙད་རང་སོར་འཇོག་པ་དང་ཡང་ན་གོང་དུ་བཤད་པ་ལྟར་དོན་འགྲེལ་སྟབས་བདེ་རེ་འཚོལ་བར་འབད། གལ་སྲིད་དབྱིན་སྐད་དུ་ཐད་ཀར་བསྒྱུར་ཡང་ནུབ་ཕྱོགས་པས་གོ་དཀའ་བའི་རིགས་ཡིན་ཚེ་བོན་ཚིག་བྱིན་ཅན་རང་སོར་བཞག་སྟེ་གཤམ་དུ་ཟུར་མཆན་ཚུལ་གྱིས་དོན་དེར་འགྲེལ་བཤད་རྒྱས་བསྡུས་འཚམས་པ་རེ་བྲིས་ཡོད་པས་ལྷན་རྒྱས་ཀྱིས་ཁོང་མོའི་སྒྱུར་ཡིག་ཁག་ལ་གཟིགས་ན་རྟོགས་ཐུབ།

    ད་བར་རེ་ཝན་ལགས་ཀྱིས་བོན་གྱི་འདོན་སྤྱོད་དཔེ་ཆ་རྒྱས་བསྡུས་ཅི་རིགས་གྲངས་ཀ་བརྒྱ་ལྷག་བསྒྱུར་ཡོད་འདུག་པ་མ་ཟད། མོས་རང་ནུས་གང་ཡོད་ཀྱིས་ནུབ་ཕྱོགས་ཁུལ་དུ་ཕེབ་བཞིན་པའི་བོན་གྱི་བླ་མ་དགེ་བཤེས་དང་། གྲྭ་སྔགས་རྣམས་ལ་རིན་མེད་ཐོག་བསྟན་འགྲོར་ཞབས་འདེགས་སམ་མཐུན་རྐྱེན་མི་དམན་པ་ཞིག་སྒྲུབ་བཞིན་ཡོད།


Screen Shot 2017-02-08 at 12.38.37 PM   ༢༠༡༤ ལོར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་སྐུ་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་པ་དང་། ད་ཆར་སྔོན་འགྲོ་གསོག་སྦྱོང་དང་། རྒྱུན་སྤྱོད་ཉམས་ལེན་སོགས་ལ་མུ་མཐུད་ནས་འབད་བཞིན་ཡོད་འདུག དེར་མ་ཟད་ལོ་ཤས་གོང་ནས་བཟུང་རེ་ཝན་གྱིས་སྒེར་གཉེར་དྲ་ཚིགས་ཐེག་པ་དགུ་འམ་ Nine Ways ཞེས་པ་ཞིག་གཉེར་འདུག་ཅིང། དྲ་ཚིགས་དེ་བརྒྱུད་ནས་ལོ་མང་རིང་ཁོང་མོས་བསྒྲུབས་པའི་ཡིག་སྒྱུར་ཁག་དང་། དེ་བཞིན་བོན་གྱི་སྐོར་ངོ་སྤྲོད་རྒྱས་བསྡུས་ཧ་ཅང་འཚམས་པ་མང་པོ་ཞིག་སྐད་རིགས་འདྲ་མིན་བརྒྱུད་ནས་གཞན་ལ་མཁོ་སྤྲོད་བྱེད་བཞིན་ཡོད་ཅེས་ཀྱང་བཤད་བྱུང་། །

རེ་ཝན་གྱི་སྒེར་གཉེར་དྲ་ཚིགས་ལ་གཟིགས་འདོད་ན།

www.ravencypresswood.com ཞེས་པར་ནོན།

བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་

རེ་ཝན་ལགས་ཀྱིས་གང་བཤད་པ་བོད་སྒྱུར་བྱས་ཁུལ་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *