ཁྲི་གཡུང་དྲུང་གི་དཔེ་དེབ་ལྔ་པ་<<རེག་ཟིག་སྐྱ་བོ།>>དཔར་བསྐྲུན་གྲུབ་ཡོད།

རྩོམ་ཡིག་འདི་ཐེངས། 291953 བཀླགས་འདུག


Screen Shot 2017-02-07 at 9.31.27 PM མར་ནང་ཚང་ཁྲི་གཡུང་དྲུང་གི་དཔེ་དེབ་ལྔ་པ་<<རེག་ཟིག་སྐྱ་བོ།>>དཔར་བསྐྲུན་ལེགས་གྲུབ་བྱུང་ཡོད།

/

    ཞང་བོད་མཐོ་སྒང་གི་རྩོམ་རིགས་ཤེས་བྱའི་བླ་ཡིད་སེམས་གསུམ་ལ་འཕེལ་འགྲིབ་དང་ཉམ་གུད་སྣ་ཚོགས་ཞིག་བྱུང་ཡོད་ན་ཡང་། ད་ཆར་ཤར་ལྷོ་ནུབ་བྱང་གང་ནས་བལྟས་ཀྱང་ཡར་རྒྱས་ཀྱི་རྣམ་པ་གང་འཚམ་ཞིག་འབྱུང་བཞིན་པ་ཚང་མས་ཤེས་གསལ་ལྟར་རེད། དེས་ན་འུ་ཅག་གིས་གནས་ལུགས་ཞིག་དང་ཕུགས་བསམ་ཞིག་ཡིད་ལ་བཅིངས་ཏེ་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཞང་བོད་ཀྱི་རྩོམ་རིག་ཤེས་བྱའི་རྣམ་པ་ཡར་རྒྱས་སུ་གཏོང་བར་རྩོམ་པ་པོ་ཚད་ལྡན་མང་ཙམ་བསྐྱེད་བསྲིང་བྱ་ཐུབ་དགོས་པ་བརྗོད་ག་ལ་དགོས། ཆེས་ཡིད་དགའ་འོས་པ་ཞིག་ཏུ་འདས་པའི་ལོ་གྲངས་ཉུང་ཤས་ནང་དུའང་ཞང་བོད་རྩོམ་རིགས་ཀྱི་ལྡིང་ཆའི་ཐོག་རྩོམ་པ་པོ་གང་འཚམས་ཞིག་འཚར་ལོངས་བྱུང་ཡོད་ཅིང་། དེའི་ནང་ནས་གཡུང་དྲུང་བོན་གྱི་༧གདན་ས་ཆེན་པོ་དཔལ་ལྡན་སྨན་རིའི་གླིང་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱི་ཡུ་བ་རབ་ཏུ་བརྟན་ཅིང་། འཆད་རྩོད་རྩོམ་གསུམ་གྱི་མེ་ཏོག་རྣམ་པར་བཞད་པ་དང་། བོད་ཕྱི་ནང་ཀུན་ནས་གཟུར་གནས་ཤེས་ཡོན་པ་མང་པོས་གདེངས་འཇོག་ཚད་མཐོར་སླེབས་ཡོད་པའི་གྲས་ནས་གཅིག་ནི་མར་ནང་ཚང་ཁྲི་གཡུང་དྲུང་ལགས་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། 

/

     ཀློག་མཁན་མང་ཆེ་བས་མཁྱེན་གསལ་ལྟར་འདས་པའི་ལོ་ཤས་ནང་ཁོང་གིས་སྔ་གཞུག་ཏུ་<<གདུང་ཚོར་ནག་པོ།>>དང་།<<ས་མཐའི་སེམས་པ་དམར་པོ།>><<ཁྱུང་མོ་དགོན་པའི་གདན་རབས།>><<བརྡ་སྤྲོད་གཟི་མིག་དགུ་པ་>>སོགས་བྲིས་ཤིང་དེབ་དེ་དག་ལ་བོད་ཕྱི་ནང་གཉིས་ནས་ཤེས་ལྡན་པ་མང་པོས་དགའ་བསུ་ཚད་མཐོ་ཐོབ་པ་དང་དཔེ་དེབ་འགའ་ཞིག་བསྐྱར་དཔར་བྱ་དགོས་པའང་བྱུང་ཡོད། 

/

      ད་ལམ་འདི་ག་ཨ་རིའི་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་ཆེད་དུ་ཞུ་བ་ནི། མར་ནང་ཚང་ཁྲི་གཡུང་དྲུང་གི་དཔེ་དེབ་ལྔ་པ་<<རེག་ཟིག་སྐྱ་བོ་>>དཔེ་སྐྲུན་ཡོངས་སུ་གྲུབ་བྱུང་ཡོད་ལ། འདི་ནས་དཔེ་དེབ་གསར་ཐོན་གྱི་གནས་ཚུལ་ཙམ་ལས་རྩོམ་ཡིག་བྱིངས་ཀྱི་ནང་དོན་རེ་རེ་བཞིན་དུ་འགྲེལ་བཤད་བྱ་རྒྱུ་མིན། ཅིའི་ཕྱིར་ན་དཔེ་དེབ་འདིར་བོད་ཀྱི་གཟུར་གནས་མཁས་དབང་རྒན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་མཚམས་སྦྱོར་གླེང་བརྗོད་ཐུང་ངུ་ཞིག་བྲིས་གནང་པ་དེ་བཀླགས་པ་ཙམ་གྱིས་དཔེ་དེབ་ཀྱི་ནང་དོན་སྤྱི་བྱིངས་ཙམ་རྟོགས་ཐུབ་ཅིང་། གཙོ་བོ་ཀློག་མཁན་དག་ལ་རྩོམ་ཡིག་རེ་རེས་སྤྲད་པའི་ཚོར་སྣང་ཐན་ཐུན་ཅི་བྱུང་མ་འོངས་པར་རེག་ཟིག་གི་ཚུལ་གྱིས་སྤེལ་ཐུབ་ན་དེ་བས་ཀྱང་དགེ་མཚན་ཆེའོ་ཞེས་བརྗོད། 

/

Screen Shot 2017-02-07 at 9.04.33 PMརྒན་རྡོ་རྗེ་དབང་ཕྱུག་གིས་བྲིས་པའི་གླེང་བརྗོད་ལས་ཟུར་འདོན་ཞུས་ན། “ང་རང་ལ་མཚོན་ན། སྐུ་གཞོགས་ཁྲི་གཡུང་དྲུང་གི་སྐོར་ལ་ཆ་རྒྱུས་དེ་ཙམ་མེད། ངོ་ཤེས་པ་ཙམ་དང་། ཡིག་འབྲེལ་ཡོད་པ་ཙམ། ཡང་ན། མཚམས་རེར་འཁྱུག་ཙམ་རེར་དངོས་སུ་མཇལ་མྱོང་བ་དང་། དྲ་ལམ་ནས་ཁོང་དང་མཇལ་ཐེངས་རེར་གླེང་མོལ་དོན་ལྡན་རེར་ཉན་མྱོང་བ་དེ་ཙམ་ཡིན། འོན་ཏེ། ངས་ཁོང་གི་རྣམ་དཔྱོད་དང་། རྩོམ་ཡིག རྩོམ་དེབ་བཅས་ཀྱི་ངོས་དེར་དོ་སྣང་རྒྱུན་མ་ཆད་པ་ཞིག་ཞུས་མྱོང་།”

     “སྐུ་གཞོགས་ཁྲི་གཡུང་དྲུང་གི་སྙན་དེབ་འདི་ལ། ཁྱོན་བསྡོམས་རྩོམ་ཡིག་གྲངས་སོ་བདུན་བསྡུས་འདུག་པ་ལས། རྩོམ་ཡིག་མཐའ་མ་དེ་ཟིན་ཐོའི་རྣམ་པ་ཅན་གྱི་རྩོམ་ཞིག་ཡིན་པ་ཕུད། བྱིངས་ནི་སྙན་ངག་གིས་བཅིངས་པའི་རྩོམ་ཡིག་རྐྱང་བ་རེད། དེ་ཡང་ཁྱད་ཆོས་བྱིངས་ཀྱི་ཟུར་ཙམ་ཞུས་ན། དཔལ་༸རྒྱལ་བ་སྨན་རི་བའི་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ཀྱི་འཁྲུངས་སྐར་ལ་བྲིས་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་རྩོམ་”ཁྱུང་ཆེན་གྱི་རྟོགས་པ་བརྗོད་པ་”ཡིས་ཐོག་དྲངས་འབྲེལ་སྐྱེས་བུ་དམ་པའི་རྣམ་ཐར་ལས་འཕྲོས་པའི་རྟོགས་བརྗོད་སྙན་རྩོམ་དེ་དག་ནི། ཚིག་སྙན་པ་ཙམ་མ་རེད། བློ་སྐྱེད་མུ་འབྲེལ་དུ་སྟེར་བ་ཞིག་ཏུ་འདུག གཞན་ཡང་། བལ་བོའི་ས་ཡོམ་ལ་བྲིས་པ་”ས་ཆེན་འཁྲུག་པའི་སྙན་ངག་”དང་། དེ་བཞིན་”རི་བོའི་ཕ་རོལ་ལ་སྤྲིངས་པའི་རྗེས་དྲན་”སོགས་ཀྱང་རས་ཡོལ་ངོས་སུ་འཆར་བའི་བརྙན་རིས་ལྟ་བུ་ཞིག་བྲིས་འདུག་ལ། རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ་ཞེས་པའི་དེབ་ཅིག་གི་བཀླགས་བྱང་”རེག་ཟིག་ཚིགས་བཅད་མ་”ལྟ་བུའི་བཀླགས་བྱང་སྙན་ངག་དང་། “ལོ་རྒྱུས་དོན་ཆེན་རེག་ཟིག་”ལྟ་བུ་ལ་མཚོན་ན། བོད་ཀྱི་གནའ་རབས་དང་ཉེ་རབས་ལོ་རྒྱུས་ཀྱི་ཀློང་ནས། གནད་འགག་གི་འདུས་མདོ་མང་པོ་ཞིག་བརྗོད་སྙིང་དུ་བཟུང་འདུག་ལ། དེ་དག་ནི་ལོ་རྒྱུས་རིག་གནས་ཀྱི་གནད་ཀའི་འཇུ་ས་དང་དཔྱད་པའི་མཐིལ་སྙིང་བསྔོགས་པའི་ལྡེ་མིག་ལྟ་བུར་བཞེངས་འདུག རྩོམ་ཡིག་བྱིངས་ཀྱི་ཚིག་དོན་གྱི་མཛེས་པ་རེ་རེ་ནས་གླེང་བའི་དབང་དུ་བཏང་ན། དཔྱད་བརྗོད་ཀྱི་ལམ་དུ་ཞུགས་ནས་ཚིག་ཚོགས་མང་ཙམ་སྤེལ་དགོས་འདུག་ཀྱང་། དེ་དེར་འཇུག་པ་བསྐྱུངས་པ་ཡིན། སུ་དག་གིས་གླེང་འདོད་པ་དེ་དག་གི་སྐལ་བར་བཞག་ཡོད་ཅེས་ཀྱང་ཞུ་བ་ལགས།

/

    མདོར་ན། དེབ་འདི་ནི། སྙན་ངག་གི་དེབ་ཙམ་མ་རེད། འདི་ནི་ལོ་རྒྱུས་ཀྱི་དེབ་ཅིག་རེད། འདི་ནི་རྣམ་ཐར་གྱི་དེབ་ཅིག་རེད། འདི་ནི་རྟོགས་བརྗོད་ཀྱི་དེབ་ཅིག་རེད། དེབ་འདིས། རྣམ་ཐར་དང་རྟོགས་བརྗོད། ལོ་རྒྱུས་བཅས་ཀྱི་ཀློང་ཞིག་མྱུལ་བ་ལས་བྱུང་བའི་བློ་སྐྱེད་ཅིག་སྟེར་བར་འདུག ལོ་རྒྱུས་ཀྱི་གནད་འགག་མང་པོ་ཞིག་དྲན་གསོ་བྱས་བྱུང་། དེ་ཡང་སྙན་པའི་ཚིག་གི་ཕྲེང་བ་དག་ཡིད་ལ་ཟུག་འགྲོ་བ་ཞིག་ཏུ་བཞེངས་འདུག དོན་གྱི་གནད་དག་གིས་སེམས་ཀྱི་རི་བོ་ཡོམ་ཡོམ་སྒུལ་འགྲོ་བ་ཞིག་བྲིས་འདུག་ཅེས་ཞུ་བར་འདོད་སོང་། གོང་ནས་ཞུས་གསལ་ལྟར། སྙན་ངག་ཙམ་ནི་ཡི་གེ་བ་སུས་ཀྱང་ནུས་པ་དེ་ལྟར་ཡང་། གནད་ཀྱི་དོན་སྦྲུམ་པའི་སྙན་ངག་གི་སྣང་བརྙན་འདི་འདྲ་ནི། དེང་ན་མཇལ་རྒྱུ་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདི་འདྲ་ཞིག་ལ། དེབ་འདིས་ངལ་གསོ་ཡག་པོ་ཞིག་སྦྱིན་བྱུང་ཞེས་ཀྱང་ཞུ་བ་ཡིན། ཁོང་གིས་སྙན་ངག་དག་ཇི་ལྟ་བུར་འདུག་ཅེས་འདྲི་མཁན་རྣམས་ལ། དེབ་འདི་བཀླགས་ནས་དྲི་བ་དེར་ལན་འཚོལ་རོགས་ཞེས་ཞུ་བ་དང་བཅས་པའི་མཚམས་སྦྱོར་ཞུ་ཡིག་ཏུ།”ཞེས་པ་འདིས་མར་ནང་ཚང་ཁྲི་གཡུང་དྲུང་ལགས་ཀྱི་བརྩམས་ཆོས་དེབ་འཕྲེང་ལྔ་པ་<<རེག་ཟིག་སྐྱ་བོ་>>ཡི་ལྕི་ཚད་མ་ཡོ་མ་འཁྱོགས་པར་སྲང་ལ་གཞལ་བ་རེད། །

/

བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༨ ཉིན་

རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ནས།

/

འབྲེལ་བ་བྱ་ཡུལ།

Screen Shot 2017-02-07 at 9.10.33 PM

ཡང་ན།

རྒྱལ་གཤེན་བོན་སྒྲའི་དྲ་ཚིགས།

སྐད་འཕྲིན། gyalshenbondra

གློག་འཕྲིན། gyalshenbondra@gmail.com

             IMG_4567-2

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *