ཚོར་སྣང་ནར་མ། ༼ཞར་བཀོད་གཅིག༽

རྩོམ་ཡིག་འདི་ཐེངས། 603 བཀླགས་འདུག

༠༡༢༢_1

མཉམ་པ་ཉིད་ཀྱི་སྤྱིལ་བུ་ནས་སྣང་བའི་རང་གཟུགས་ཉམ་ང་བའི།།

ཡིད་ཀྱི་ཕོ་བྲང་བཞེངས་པའི་གར་མི་ཟད་ལེགས་ཚོགས་འཇོ་བའི་མ།།

རབ་འབྱམས་སྲིད་ཞིའི་བ་གམ་ནས་མེས་པོའི་རི་དར་སྐྱོར་མོད་ཀྱང་།།

གང་ཞིག་འབྱོར་ལ་རྗེས་ཆགས་པའི་འགྲོ་བའི་མི་ཀུན་དེ་ལ་སུན།།

བླ་མེད་མཛེས་པའི་ཡིད་ཀྱི་མཁར་ཚེ་འདིའི་འཚོ་བའི་ས་ཆེན་ཡིན།།

འཇིངས་ཟབ་ཆོས་ཀྱི་སྒྲ་ཆེན་པོའི་དད་པའི་ཟིལ་བ་དེ་ནས་རྡོལ།།

རྔམ་ནག་མུན་པའི་རྫ་ཀློང་ནས་བླ་ཚེའི་ཀ་བ་གྱེན་དུ་འདེགས།།

ཡིད་སྣེ་འཁྲི་བའི་འོད་པོ་ཆེ་གང་ལ་གང་འདོད་དེ་རྩོལ་མཁན།།

རླུང་བུས་སྙིང་རྩ་གཡོ་དུས་སུ་མི་འཇིགས་སྤོབས་པའི་ང་རོ་བརྩལ།།

སེམས་ཉིད་གྲང་བས་ཟིན་རྩ་ན་དུངས་བའི་མེ་ཁ་ཡང་ཡང་གསོས།།

སྣ་ཚོགས་རྟོག་པའི་རྩིག་ངོས་ནས་སོམ་ཉི་རྒྱ་མདུད་གཅོད་གྱུར་པའི།།

འདོད་འཇོ་མངའ་བའི་བཅོམ་ལྡན་མ་ཞེ་བློའི་བར་ནས་མངོན་དུ་མཐོ།།

མི་ཚོགས་བྲེལ་བའི་རྣམ་པ་ལ་འཛིན་མེད་བློ་ཡིས་རྒྱ་ཞིག་བཏབ།།

དོན་དམ་སྙིང་གི་ཟེ་བའི་ལྡེབ་ཏིང་འཛིན་ཆབ་ཀྱིས་ཁྲུས་འདི་གསོལ།།

འཆི་གསོན་བར་དོའི་རལ་ཁ་ན་ཕྱམ་མེར་འགྲེང་བའི་ཉེ་བའི་མི།།

སྲོག་གི་བ་དན་བསྒྲེང་བ་ལ་ཞེ་ནས་ངལ་བ་བདོག་བྱུང་ངམ།།

སེམས་པའི་དྲྭ་ཁ་ཕྱེས་པའི་མཐར་ངོས་ཀྱི་གཟི་བྱིན་ཁངས་ཆེན་བྱོ།།

མིང་དང་བརྡ་ཆད་མཆིས་སོ་ལྕོག་འོ་མཚོའི་ཟོལ་གྱིས་དེ་ལ་འཁྱིལ།།

ཟབ་རྒྱས་མདོ་རྒྱུད་ཕུང་པོ་ཡང་དེ་ཡི་བག་ནས་ཆར་པ་བབས།།

དེ་ལྟར་ནའང་བདེན་པའི་ཞལ་འདི་ལས་ཡོལ་བ་ག་རེ་ལགས།།

མིག་གིས་བལྟ་བས་མི་ངོམས་ཤིང་མཐའ་ཀླས་མཛེས་པའི་རྒྱན་སྤུད་པ།།

ཟོལ་མེད་བརྩེ་བའི་ངང་ཉིད་ཅན་ཡོང་ཡེས་འོ་ཅག་མི་འདོར་བར།།

གང་གི་ཡེར་བའི་ཉི་ཟེར་ལས་མཁོ་དགུ་ཅི་དགར་བརྙེས་ན་ཡང་།།

ཉེ་ཞོ་འཚུབ་པའི་ཕྱིན་ནང་ཀུན་ཐར་པའི་འཕྲང་ཞིག་གང་དུ་མཆི།།

འཁོར་བའི་གཅོང་རོང་ཆེན་པོ་ནས་ཚེ་ཡི་ལས་འཕྲོ་མཐུད་པ་པོ།།

ཡིད་ཀྱི་གཏིང་མཐའ་ལྷུང་བའི་ཚེ་སེམས་ལ་དགའ་བ་སྐྱེས་ན་ཡང་།།

ཉམ་ངས་བཟུང་བའི་ཞལ་གྱི་མདངས་མིག་གི་མཐོང་གར་ལྡེམ་པ་ན།།

སྙིང་ཆུང་ཁབ་ཀྱིས་བཙེམ་པ་ལྟར་ངུ་ཡང་དྲོད་ལ་བགོད་ཀྱང་ཤོར།།

འདིས་མཚོན་སྟོང་པ་ཉིད་ཀྱང་སྟེ་ཕར་ཕར་དེད་ན་འདི་ལས་འཕྱོ།།

འཛིན་མེད་ལྟ་བའི་ལམ་པོ་ཆེ་ཚུར་ཚུར་བཙལ་ན་འདིར་འདུས་ཤིང་།།

གློ་དང་རྒྱུ་མའི་རི་ལུང་དུ་མ་ཡལ་བྱིན་རླབས་འབེབས་ནུས་པའི།།

རྒྱུ་སྐར་བྱེ་བའི་སྲང་ལམ་ནས་ནུམ་པའི་རལ་ཁ་གསལ་མཛད་དོ།།

མི་ཡི་སེམས་ཀྱི་ཀུ་རེ། ༼ཞར་བཀོད།༽

འཆི་བའི་ཁ་ཚུབ་འགྲམ་ནས་ངང་སྒུག་བྱེད་པའི།།

རྨི་ལམ་ཡུད་ཙམ་ཞོན་པའི་མཇལ་བ་མང་པོས།།

མི་སྲོན་གདུང་བའི་མཚོ་ལ་མེ་ཏོག་བཏབ་ནས།།

ལ་ཁའི་འཇག་མ་འདར་བའི་ངང་ཚུལ་ཇི་བཞིན།།

ལོ་ཟླའི་ཅི་ཞིག་རྨོས་པའི་ཞིང་ཚིགས་དག་ནས།།

བག་ཚའི་ཡུ་བའི་སྣེ་ལ་ཡང་ཡང་འཇུས་ཏེ།།

དོག་པའི་རླུང་ནག་འཚུབ་པའི་ཉག་ག་དེ་ཡི།།

ནང་ཞོགས་གང་དུ་ཆས་པའི་སྐྱེ་འགྲོ་ཡིན་ནམ།།

ད་ལྟའི་སྙིམ་པའི་ནང་གི་རླུང་བུའི་བརྡེབས་ཏེ།།

རི་ཚོགས་དགུན་གྱི་ས་རུ་རིམ་པས་ཕྱིན་ཚེ།།

ཚེ་ཡི་ལྷག་མ་དུམ་འགའི་སྔུར་བ་མཐེན་ནས།།

མཚན་ལམ་དར་གྱིས་གྲང་བའི་གཡུལ་ཁ་ཞིག་ཏུ།།

ཨ་ཐང་རབ་མེད་ཆད་པའི་གློ་ཉར་བྱས་ཀྱང་།།

ནམ་ཞིག་ཉི་ཟེར་རིམ་དུ་ཟོལ་གྱིས་བབ་ན།།

སྐྱེ་འཆིའི་སྤྲིན་པ་གྱོན་པའི་ས་ཆགས་ཞིག་ནས།།

སྐྱོ་བའི་གཙང་པོ་འགྱུ་ཞོར་གང་དུ་ཞོག་འགྲོ།།

ཡང་སྙིང་ག་རེ་འཚོལ་བའི་འགྲོ་བ་ཕོ་མོ།།

བྲང་གཞུང་ཞེན་པས་བརྩེས་པའི་ཐོག་མ་ཉིད་ནས།།

ལས་དང་ལམ་ཁ་བསྲུང་ནས་ད་ལྟའི་བར་དུ།།

ཉི་ཟླའི་འཆར་ནུབ་འོག་གི་གྲིབ་མ་ཞིག་སྟེ།།

ཡིད་ལ་ཆུ་བོ་འཁྱུལ་བས་ཆུ་ཕྲན་ངུ་ཞིང་།།

སྨུག་སྤྲིན་མིག་ལ་འཐུབ་ན་ཆར་པ་སྨྲེང་གིན།།

སྣང་བ་རྡོ་ལས་གྲང་ཞིང་ཚེ་ཡི་ཡུག་གཅིག།

ཨ་གསར་ཀུ་རེ་ཞིག་གིས་འདི་ལྟར་རྫོགས་འགྲོ།།

༢༠༡༧     ༢༠  ཉིན་ཡ་གླིང་ནས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *