ནམ་མཁར་རྡོག་བརྫིས།

རྩོམ་ཡིག་འདི་ཐེངས། 640 བཀླགས་འདུག

IMG_5925

ནམ་མཁའ་མགོ་ལ་བཀུར་བ་ཡུན་རིང་ཡིན།།

ས་གཞི་རྐང་བས་བསྣོག་པ་ཉུང་ཉུང་མིན།།

དེ་རིང་གཞི་ནས་རྐང་བ་བཀྱགས་ནས་ཡོད།།

ནམ་མཁའི་རལ་བ་རྡོག་པས་མནན་ནས་ཡོད།།

/

གནམ་གྱི་མཐོོངས་ན་ལྷ་ཞིག་ཡོད་སྐད་ཐོས།།

ལྷ་ཆེན་དེ་ལ་མཐུ་ཡིས་བརྟས་རབས་བཤད།།

དེ་རིང་ལྷ་ཆེན་མགོ་ལ་ལྷམ་ཆེན་འགོམ།།

རྐང་ལྷམ་རྐང་འབོལ་དྲི་བཅས་ཁྱེད་ལ་བདུག

/

ཁྱོད་ལ་སྤྱི་བོའི་མཆོད་ན་མགོ་གཡུག་གི།

བྲང་ཁོག་ཕྱི་ལ་སློག་ན་ཞེར་མེར་ཀི།

སོ་དཀར་འཛུམ་གྱིས་བསུས་ན་མྱིག་འཇུར་གི།

དེ་རིང་རྐང་བ་མགོ་ལ་བཞག་ནས་ཡོད།།

/

ང་ཡི་རྨོ་རྨོ་ཁྱེད་ཀྱི་ཆུ་ལེན་ཡིན།།

ཆུ་གང་ཁ་རུ་མ་རེག་ཁྱོད་ལ་མཆོད།།

ང་ཡི་སྤོ་སྤོ་ཁྱེད་ཀྱི་ཤིང་འཐུ་སྟེ།།

ཤུག་པ་ཙན་ཏན་མེ་ཕུང་ཁྱེད་ལ་གཏད།།

/

དྲིན་ཆེན་ཕ་དེ་ཁྱེད་ཀྱི་གླུ་བ་སྟེ།།

རཾ་ཡཾ་ཁཾ་ཀི་གླུ་ཞིག་རྟག་ཏུ་ལེན།།

དྲིན་ཆེན་མ་སྟེ་ཁྱེད་ཀྱི་གར་མ་སྟེ།།

ཡན་ལག་སར་བཙུག་བྲོ་ཞིག་འཁྲབ་བཞིན་འདུག

/

སྦྲ་ནག་ཁ་འཚུབ་ཐབ་ལ་གཏད་པ་སྟེ།།

ཁྱེད་ཀྱི་ཐབས་ཇུས་ཡིན་པ་གོར་མ་ཆག

ཤ་འཚོད་ཐུག་སྐོལ་ཉིན་མཚན་ཁོར་མོ་ཡུག

ཟས་ཀྱི་དང་པོ་སྐར་ཁུང་དེ་ལ་ཡོད།།

/

བསང་ཁྲིའི་སྣོད་དེ་ཁྱེད་ཀྱི་ཟ་ཕོར་ཏེ།།

དཀར་མངར་ཟས་སྣའི་རི་བོ་སྤུངས་ནས་ཡོད།།

ཡིག་འབྲུ་བྲེས་པའི་དར་ཚོན་དཔྱངས་ཐག་སྟེ།།

ཁྱེད་ཀྱི་ལྷམ་སྒྲོག་ཡིན་ངེས་མདུད་ནས་འདུག

/

ཞོ་གཡག་དཀར་པོ་ཁྱེད་ཀྱི་ཁལ་མ་སྟེ།།

བཞོན་པར་མི་རུང་ཁྱེད་ཉིད་ཁྲོས་འགྲོ་ཟེར།།

ང་ཡི་ནུ་བོ་ཁྱེད་ཀྱི་ཕྱུག་རྫི་སྟེ།།

དེ་ཉིད་བརླག་ན་ཨ་ཕ་ཁྲོས་ནས་ཡོད།།

/

དེ་རིང་གནམ་འདི་རྐང་འོག་བརྫིས་ནས་ཡོད།།

དེ་ཡི་སྟེང་ལ་སྤྲིན་ཞིག་བཏིངས་ནས་ཡོད།།

ཉི་མའི་སྟེང་ལ་དེམ་ཞིག་བསྐྱོན་ནས་ཡོད།།

སུ་དང་གང་ཡིན་ཕེབས་དང་ཇ་མགྲོན་བྱེད།།

/

མཚན་ལ་རས་གཞི་སྔོན་པོ་བཏིངས་ནས་ཡོད།།

ཟླ་བ་མགོ་བོའི་མཚམས་ལ་བཏེགས་ནས་ཡོད།།

སྐར་མདས་གྲུ་བཞིའི་རེའུ་མིག་བྲིས་ནས་ཡོད།།

སྐར་ཚོགས་བླངས་ནས་ངེད་གཉིས་འཇིག་ཅིག་འདེད།།

/

                                     2017.1.21

༼རྩོམ་སྒྲིག་པའི་མཆན། བརྡ་དག་དང་མི་མཐུན་པའི་ཡུལ་སྐད་རྣམས་རང་སོར་བཞག༽

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *