ཞང་ཞུང་ལྷ་རིས་སྒྱུ་རྩལ་བ་ཨ་སྣང་པེ།

རྩོམ་ཡིག་འདི་ཐེངས། 1914 བཀླགས་འདུག

screen-shot-2016-12-14-at-9-59-38-amཞང་ཞུང་ལྷ་རིས་པ་ཨ་སྣང་པེ་ནི་༡༩༧༧ལོར་རྔ་བ་བློན་ཚང་ཡུལ་ཚོའི་ཕ་རིན་ཆེན་རྣམ་རྒྱལ་དང་མ་རྫོགས་དཀར་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས།  བགྲང་བྱ་བདུན་གྱི་ཐོག་ཏུ་སྣང་ཞིག་དགོན་མཁན་རབས་བཅོ་ལྔ་བ་ཤེས་རབ་བསམ་གཏན་གྱི་མདུན་ནས་དང་པོ་ཡི་གེ་འབྲི་ཀློག་གི་ལས་ལ་བརྩོན་ཏེ་གྲོགས་ཀྱི་ཐུ་བོ་ཤེས་རབ་གོ་ཆ་དང་ལྷན་དུ་སུམ་རྟགས་དང་སྙན་ངག་ཡིག་གཟུགས་སོགས་ལ་བརྩོན་པ་ལྷུར་ལེན་བྱས། དེ་རྗེས་མཚན་བརྗོད་པར་དཀའ་བ་དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་རྒྱལ་ཚབ་མཐོང་བ་དོན་ལྡན་༧རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་རིན་པོ་ཆེའི་སྐུ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས། དེ་རྗེས་བཀའ་དྲིན་གཞལ་ཐབས་མེད་པའི་ཁུ་བོ་དགེ་ལེགས་རྒྱ་མཚོ་དང་། སྤུན་ཆེན་ཤེས་རབ་བསམ་གཏན་གཉིས་ཀྱིས་བཀོད་སྒྲིག་འོག་ལོ་བཅུ་གཅིག་གི་ཐོག་ཏུ་བོད་ཀྱི་རིག་གནས་ཆེ་བ་ལྔ་ཡི་ཡ་གྱལ་བཟོ་རིག་སྒྱུ་རྩལ་གྱི་མཁན་པོ་ཞང་ཞུང་ལྷ་རིས་པ་རྒན་བློ་གྲོས་རྒྱ་མཚོ་མཆོག་གི་མདུན་ནས་ཞང་བོད་གདོད་མའི་ལྷ་རིས་ཀྱི་རྣམ་པ་ལོ་གསུམ་ལ་སྦྱངས། དེར་རྗེས་ལྷ་རིས་པ་ཆེན་མོའི་ཆོ་ལོ་ཐོགས་པའི་གོས་ལྷ་པཎྜི་ཏའི་རྒྱུད་འཛིན་པ་ས་སྐྱའི་དགེ་སློང་ལུང་རྟོགས་རྒྱ་མཚོའི་སྐུ་མདུན་དུ་བཅར་ཏེ་མི་ལོ་ལྔ་ཙམ་ལ་གོས་བྲིས་ཀྱི་ལྷ་རིས་ལ་སྦྱང་བ་མི་ཉུང་བ་ཞིག་བྱས།

img_4731img_4733img_4734img_4732

ལོ་བཅུ་དགུ་ནས་བཟུང་ཕྱོགས་སོ་སོའི་དགོན་སྡེ་དང་ལྷ་ཁང་སོགས་སུ་གནའ་ཉམས་ཀྱི་ཚོན་མདངས་མངོན་པར་བཀྲ་བའི་ཤིང་ཚོན་གཏོང་བཞིན་ཐང་ག་བརྒྱ་ཕྲག་ལྷག་བཞེངས་པ་ལ་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ཡོད་པ་མ་ཟད།  ལྷག་པར་དུ་འདས་པའི་མི་ལོ་སུམ་ཅུ་ལ་ཉེ་བ་ཙམ་གྱི་རིང་ཁོང་གིས་བྲིས་པས་གདོད་མའི་རི་མོའི་གཞི་རྩའི་ཐོག་བྲིས་པའི་ཐང་ག་མང་ཤོས་ལ་ད་ལྟ་ཡུལ་གྲུ་སོ་སོ་ནས་སྙན་གྲགས་དེ་བས་ཀྱང་མཐོ། ཁྱད་པར་དུ་དེང་སྐབས་བན་བོན་གཉིས་མེད་ཀྱི་ལྷ་རིས་སྦྱང་འདོད་ཀྱི་འདུན་མ་ཆེ་བའི་གཞོན་སྐྱེས་རི་མོ་བ་དུ་མ་ཞིག་གིས་རྗེས་སུ་ཡི་རངས་བྱེད་བཞིན་པ་དང་།  ཁོང་གིས་ཀྱང་སྐུ་ངལ་ལ་མ་འཛེམས་པར་བོད་གྱི་རི་མོ་མི་ཉམ་གོང་འཕེལ་དང་ཉམ་པ་སླར་གསོའི་ཆེད་དུ་བོད་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་སུ་བྱུང་བའི་གདོད་མའི་རི་མོའི་གཞི་རྩ་བྱེད་པ་༼ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང༽ཞེས་པའི་སློབ་ཡོན་སྐར་གང་མི་དགོས་པའི་སློབ་ཚན་ཞིག་སྤྱི་ལོ་༢༠༡༢ལོར་སྤེལ་ནས་སློབ་བུ་དུ་མ་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད།

img_1776img_1777img_1778 img_4743

ད་ལྟའང་ཁོང་གི་ཨ་མདོ་རྔ་བའི་ཡུལ་གྲུ་ཡི་༼ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་༽ནས་མདོ་དབུས་ཁམས་གསུམ་གྱི་སློམ་མ་སུམ་ཅུ་ཙམ་ལ་བོད་རང་ཉིད་ཀྱི་གདོད་མའི་རི་མོ་སློབ་ཁྲིད་བྱེད་བཞིན་ཡོད་ལ།  ལྷག་ཏུ་ཁོང་གི་ལྷ་རིས་ལ་བཅིངས་བའི་དུང་བ་དང་ལག་རྩལ་ལས་བྱུང་བའི་རི་མོ།  བཟོ་རིག་གི་བྱུང་རབས་བརྗོད་པའི་ལོ་རྒྱུས་སོགས་ལ་ཕྱོགས་སོ་སོའི་ལྷ་རིས་པ་དང་ཆེད་མཁས་བ་དག་གིས་རྗེས་སུ་ཡི་རང་བྱེད། ད་སྐབས་ཁོང་ཉིད་ཕྱོགས་སོ་སོའི་ལྷ་རིས་རིག་གཞུང་གི་བཤམ་སྟོན་དང་བགྲོ་གླེང་ཚོགས་འདུ་སོ་སོའི་སྟེང་དུ་བསུ་བཞིན་ཡོད། ཡིན་ན་ཡང་ཁོང་གི་གསུང་བར། སྤྱིར་རང་ཉིད་ལ་མཚོན་ན་དམ་པའི་ཆོས་གྲལ་དང་འཇིག་རྟེན་མི་གྲལ་གང་ལ་ཡང་མི་ཚུད་པའི་དབང་བོ་སྐྱོན་ཅན་གྱི་མི་བུ་ཞིག་ཡིན་ཁར། སྐབས་རེ་ལ་༼ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་༽གི་འགན་ཁུར་ལྕི་མོའི་དཀའ་ཁག་དང་ཚོར་སྣང་དེས་ཡིད་ཕམ་ཞིང་སེེམས་སྐྱོ་བའི་གནས་སུ་སྐྱེལ་བའང་ཉུང་ཉུང་ཙམ་ཞིག་ཡེ་ནས་མིན་ཁར། གྲྭ་རྐྱང་རང་ལ་མཚོན་ན་མཚམས་རེར་ལྟོ་གོས་ཀྱི་ཆེད་དུ་ཁ་ཚ་སྐྱུར་གསུམ་གྱི་འཚོ་བའི་བྲོ་བ་མྱོང་དགོས་པའང་མང་ན་ཡང་། འོན་ཀྱང་རང་ཉིད་ནི་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས། འཇིག་རྟེན་འཁོར་བ་སྐྱོང་བའི་ལས་ཁོ་ན་ལ་མི་འབད་པར། རང་གི་ཐུབ་ཚོད་ཀྱིས་ཆོག་ཤེས་ཅུང་ཙམ་རེ་བསྟེན་བཞིན། ཤེས་ཚོད་དང་ནུས་ཚོད་ཀྱིས་ང་ཚོའི་རྗེས་རབས་པ་དག་ལ་ལྷག་བསམ་རྣམ་དག་གིས་རིག་གནས་དར་སྤེལ་དང་ཞབས་ཞུ་གང་ལྕོགས་རེ་སྒྲུབ་རྒྱུ་ནི་རང་ཉིད་ཀྱི་འཚོ་བའི་དམིགས་ཡུལ་དང་མི་ཚེའི་ཕུགས་བསམ་ཞིག་ཡིན་པ་མ་ཟད།  འདི་ནི་ང་ཚོ་རྗེས་རབས་པ་དག་གིས་ངེས་པར་དུ་དང་ལེན་བྱེད་དགོས་པའི་འོས་འགན་ཞིག་ཀྱང་དེ་བས་ཀྱང་ཡིན།

img_4723img_4735img_4728 img_4729

དེའི་ཕྱིར་རྒྱུད་འཛིན་གྱི་གཞོན་སྐྱེས་པ་དག་གིས་ཀྱང་ཡིད་ལ་དམ་དུ་འཛིན་ཞིང་སེམས་ལ་ནན་ཀྱིས་ཉར་རྒྱུ་ཞིག་ལ། ལྷ་ཡི་སྐུ་གཟུགས་སྦྱང་བའི་དམིགས་ཡུལ་ཡང་དཔལ་འབྱོར་ཁོ་ནའི་རྗེས་སུ་མི་གཏོང་བར། སངས་རྒྱས་དང་བྱང་སེམས་ཀྱི་ལྷ་སྐུ་དག་ལ་རི་མོ་ཙམ་གྱི་འདུ་ཤེས་མི་འཛིན་པའི་སྒོ་ནས། ང་ཚོའི་ལྷ་སྐུ་ལ་རིན་ཐང་བྲལ་བའི་ཆོས་ལུགས་དང་འབྲེལ་བའི་རིག་གནས་ཀྱི་རྒྱབ་ལྗོངས་རྒྱ་ཆེ་ལ་གཏིང་ཟབ་མོ་ཞིག་ཡོད་པའི་ལོ་རྒྱུས་དེ་ལའང་དོ་སྣང་རེ་བྱེད་བཞིན། སྐུ་གཟུགས་ཀྱི་ཆག་ཚད་ཐིག་ཡིག་ལྟར་ཚད་དང་མཐུན་པར་བྱས་ཏེ།  ད་དུང་གཞུང་སོ་སོའི་མངོན་རྟོགས་དང་ཡང་ན་སྐུ་བསྟོད་ལྟར་དུ་སྐུ་མདོག་དང་ཕྱག་མཚན། འགྱིངས་སྟབས་ལ་སོགས་ལ་སོ་སོའི་རིག་པའི་བཟོ་བཅོས་མི་གཏོང་བར། ཚད་ལྡན་གྱི་སྐུ་གཟུགས་རེ་སྦྱང་ཅི་ཐུབ་བྱ་རྒྱུ་ནི་ང་ཚོ་ལྷ་རིས་པ་དག་གི་ཕྲག་ཏུ་བབས་ཤིང་གནད་དུ་འཁེལ་དགོས་པའི་འོས་འགན་གལ་ཆེན་ཞིག་ཡིན་པ་ངེས་བཟུང་བྱ་དགོས།

img_4744img_4737img_4738img_4739 img_4742img_4745

རབ་ཡིན་ན། ལྷ་སྐུ་ཞིག་བཞེངས་སྐབས། དང་པོ་སྤྱན་འདྲེན་ཁྲུས་གསོལ་དང་། བར་དུ་དམིགས་བསྐྱེད་སྒོམ་གསུམ། མཐའ་མ་ཏིང་འཛིན་རྣམ་གསུམ་གྱིས་ཟིན་དགོས་པ་ཞིག་ཡིན་ཡང་།  འོན་ཀྱང་དེ་ལས་ལྡོག་ཏེ་ལས་མཐའ་མ་བ་ཞིག་སྒྲུབ་ནའང་།  མ་མཐའ་ཡང་དང་པོ་བསམ་སྦྱོར་རྣམ་དག་དང་ཀུན་སློང་གཙང་མའི་སྒོ་ནས་ལྷ་བཟོ་དང་ཡོ་བྱད་དག་ལ་གཙང་སེལ་གྱི་ཁྲུས་གསོལ་བྱེད་པ། བར་དུ་སེམས་བསྐྱེད་བཟང་བོའི་སྒོ་ནས་ཐིག་འདེབས་པ། མཐའ་མ་སྐུ་བརྙན་ཆག་ཚད་དང་ལྡན་པ་རེ་བཞེངས་བཞིན། དེ་ལ་མངའ་གསོལ་དང་བསྔོ་བ་སྨོན་ལམ་སོགས་ཀྱིས་རྒྱས་གདབ་ཡག་པོ་རེ་གནང་། མཐར་བཀྲ་ཤིས་པའི་རབ་གནས་ཀྱི་མཛད་སྒོ་དང་བཅས་མཇུག་བསྡུ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་ཏེ། མདོ་ལས་ཀྱང་། ཆག་ཚད་མ་ལྡན་ལྷ་རྣམས་ནི། རྩི་ཤིང་ནགས་ཚལ་རི་མོ་འདྲ། སངས་རྒྱས་མངོན་པར་སྤྱན་དྲངས་ཀྱང་། དེ་ལ་རབ་གནས་ཐེབས་མི་འགྱུར། དེའི་ཕྱིར་ཆག་ཚད་ལྡན་པར་བྱ། ཞེས་གསུང་བ་ནང་བཞིན།

img_4724img_4726img_4725img_4727
ང་ཚོ་ལྷ་བཟོ་བ་དག་གིས་དུས་རྒྱུན་གཟབ་ནན་གྱི་སྒོ་ནས་སངས་རྒྱས་དང་བྱང་སེམས་ལ་སོགས་ཀྱི་སྐུ་བརྙན་གཞུང་ལུགས་ལྟར་དུ་བཞེངས་ཏེ།  ཕྱི་ཡི་ཡུལ་ལྗོངས་དང་ནང་གི་བཀོད་པ་སོགས་ལ་རི་མོ་བ་སོ་སོའི་རང་རང་གི་རྣམ་དཔྱོད་ཀྱི་རྩལ་དང་བསྟུན་ཏེ་མཛེས་རིས་ཀྱི་རྣམ་པ་སྔར་ལས་ཀྱང་དར་རྒྱས་གོང་འཕེལ་ཅི་ནུས་རེ་གཏོང་བཞིན་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་ཐོན་རེ་བྱེད་རྒྱུ་ནི་ཨ་སྣང་ངའི་རེ་བ་ཉག་གཅིག་ཀྱང་ཡིན་ལ། མ་འོངས་པའི་ཕུགས་འདུན་ཁག་གཅིག་ཀྱང་ཡིན་ཞེས་ཁོང་གི་དུས་རྒྱུན་སྐད་གསང་མཐོན་པོའི་སྒོ་ནས་རྗེས་རབས་པ་དག་ལ་རེ་བཅོལ་ཞུ་བཞིན་པའང་འདིའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *