༢༠༡༦ ལོའི་སྙན་རྩོམ་ཨང་དང་པོ། ༼ཞང་ཞུང་རྒྱལ་ཁམས་ཉུལ་བའི་གླུ།༽

རྩོམ་ཡིག་འདི་ཐེངས། 1434 བཀླགས་འདུག

img_4632

ཞང་ཞུང་རྒྱལ་ཁམས་ཉུལ་བའི་གླུ།༽ ཞང་ཞུང་རྒྱལ་རྒྱུད་ཀྱི་ཆེ་བ་དང་མཛད་རྗེས་བརྗོད་པའི་སྙན་རྩོམ་རིང་མོ། 

ཞང་ཞུང་རྒྱལ་རབས་སྤྱི་བཤད།

གནམ་གྱི་སྟེང་ནས་འོད་ཅིག་ལྷུང་། །

གངས་ཀྱི་རྩེ་ལ་བརྡར་ཙམ་བྱས། །

རི་སུལ་དག་ཏུ་རླུང་བུ་ལྡང་། །

དུས་ཀྱི་འཁོར་ལོས་ཕ་མཐའ་བརྐྱངས། །

/

མུ་ཁྱུད་ཟླུམ་པོའི་ཆོས་ཉིད་དང་། །

ཕྱག་རྒྱས་བཏབ་པའི་རང་བྱུང་ཁམས། །

གཅིག་ཏུ་འཁྱུད་པའི་གོ་ལ་འདི། །

ཞང་ཞུང་ཡུལ་གྱི་མ་མར་སྦྲུམ། །

/

རྒྱལ་ཁམས་ཟིལ་གྱིས་གནོན་པ་དང་། །

ཕྱོགས་བཞིའི་དགྲ་ཚོགས་འཇོམས་མཛད་པའི། །

བྱ་རུའི་མཚན་གྱི་རོལ་མོ་ཡིས། །

སྲིད་གསུམ་གླུ་ངག་གཅིག་ཏུ་འཁྱིལ། །

/

གནམ་སྔོན་གྱེན་དུ་འཕགས་པ་དང་། །

ས་གཞི་ཨ་ལོང་བཞིན་དུ་ཟླུམ། །

སྤྲིན་ཡང་མེ་ཏོག་བཞིན་བརྩེགས་པའི། །

ཞང་ཞུང་རྒྱལ་ཁམས་གཟི་བརྗིད་འབར། །

/

རྨུ་ཐག་དཀར་པོའི་དོ་ཤལ་གྱིས། །

ལྷ་རིགས་མི་ཡི་ཡུལ་དུ་དྲངས། །

ཕྱྭ་དང་བསྭོ་ཡི་དབྱངས་རྟ་ནི། །

ལྷ་བསང་སྔོན་མོའི་རྩེ་ནས་མཆེད། །

/

མཚོན་རྩེ་བརྡར་བའི་འོད་རླབས་ཀྱིས། །

ལྷ་མིན་དཔུང་ཡང་ལན་བརྒྱར་བྲོས། །

རང་སྲིད་སྐྱིད་པའི་དཔལ་ཡོན་གྱིས། །

ལྷ་ཆེན་དག་གིས་ཕྲག་དོག་བརྩེགས། །

/

གངས་དཀར་ཏི་སེའི་གཟི་བྱིན་གྱིས། །

སྲིད་པ་གསུམ་པོའི་ཕྱྭ་གཡང་བཀུགས། །

མ་ཕམ་མཚོ་མོའི་མཛེས་སྡུག་གིས། །

སྣོད་བཅུད་དགེ་ལེགས་མཛོད་དུ་སྦྲུམ། །

/

གཡུང་དྲུང་འཁྱིལ་བའི་ཁུག་པ་རེར། །

ངོ་མཚར་བོན་གྱི་གྲོང་ཁྱེར་བརྡལ། །

གཟི་ཡི་བྱིན་རླབས་འབར་བའི་འོད། །

ཆེ་རྒུ་དག་གི་རལ་བར་ལྷུང་། །

/

གོར་མོ་བརྩེགས་པའི་ཕོ་བྲང་དག །

རི་རབ་ལྕིད་ཀྱིས་གནོན་པར་བྲེལ། །

དེ་དེར་བཞུགས་པའི་ས་སྐྱོང་དག །

ཞི་རྒྱས་དབང་དྲག་ལས་ལ་མཁས། །

/

བཀའ་ལུང་སྤྲིང་ཡིག་དམར་པོའི་ཆར། །

འཛིན་མའི་ཁྱོན་ཀུན་ཁྱབ་བཞིན་འབབ། །

བོན་རིག་གསེར་གྱི་ལྡེ་མིག་གིས། །

རྒྱལ་གཤེན་སྒོ་བརྒྱ་ཅིག་ཅར་ཕྱེས། །

/

རིག་པ་འཛིན་པའི་དྲང་སྲོང་དག །

ཉིན་མཚན་བཤད་སྒྲུབ་ལྷུར་ལེན་ཅིང་། །

ཞི་བའི་གྲོང་ཁྱེར་ཆེན་པོའི་ཁྱོན། །

ཐར་འདོད་སྐྱེ་བོས་ཡོངས་སུ་དཀྲིགས། །

/

ས་སྐྱོང་དག་གི་གཟི་བྱིན་གྱིས། །

ཞང་ཞུང་རྒྱལ་ཁམས་ཁྱབ་པ་དང་། །

བཀའ་ལུང་གསེར་གྱི་མེ་ཏོག་ཕོན། །

འབངས་མིས་སྤྱི་བོའི་རྒྱན་དུ་ལེན། །

/

ཞང་ཞུང་རྒྱལ་བརྒྱུད་བྱེ་བྲག་ཏུ་གླེང་བ།

/

སྔོན་བསགས་བསོད་ནམས་རྒྱ་མཚོ་ལས། །

བལྟམས་པའི་ཞང་རྒྱལ་དང་པོ་སྟེ། །

ཁྲི་ཝེར་གསེར་གྱི་བྱ་རུ་ཅན། །

ལས་བཞིའི་མཁའ་ཡི་ཉི་མ་བཞིན། །

/

ཀུན་ལས་རྒྱལ་བས་འཁོར་ལོས་སྒྱུར། །

གཤེན་རབ་སྟོན་པའི་སྦྱིན་བདག་སྟེ། །

བོན་གྱི་སྐྱ་རེངས་འདྲེན་པ་ཡི། །

དོ་ཟླ་མེད་པའི་ས་སྐྱོང་ཆེ། །

/

ག་ལྗང་གཡུ་ལོ་རྫོང་མཁར་དུ། །

གསང་གསུམ་ཇུས་ཀྱི་འཕྲུལ་འཁོར་གྱིས། །

ཞང་ཞུང་རྒྱལ་རབས་ཆེན་པོའི་སྲིད། །

བཀའ་རྟགས་ཕྱག་རྒྱས་ཐོག་མར་ཕྱེས། །

/

བོན་སྟོན་གཤེན་རབ་ཆེན་པོ་ཡི། །

ཐུགས་བཅུད་བདུད་རྩི་ཡོངས་བཞེས་ཏེ། །

ནོར་བུ་སྤུངས་བརྩེགས་ཞེས་གྲགས་པའི། །

འགྲན་ཟླ་མེད་པའི་གསས་ཁང་བཞེངས། །

/

སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་ནི། །

བྱི་རུ་འོད་ཀྱི་བྱ་རུ་ཅན། །

སྟག་ཆེན་རྔམ་པའི་རྫོང་མཁར་དུ། །

རྒྱལ་སྲིད་ཆེན་པོར་མངའ་དབང་བསྒྱུར། །

/

རྒྱལ་པོ་ཆེན་པོའི་ཐུགས་ཀློང་ལས། །

བོན་སྲིད་ཉི་ཟླའི་འོད་རླབས་ཀྱིས། །

ཞང་ཞུང་རྒྱལ་ཁམས་འཁྱུད་པ་ན། །

རྫོགས་ལྡན་སྣང་བ་ས་ལ་དྲུད། །

/

ཞང་ཞུང་ཟིལ་གནོན་རྒྱལ་པོ་སྟེ། །

རླབས་ཆེན་ཁྱུང་གི་བྱ་རུ་ཅན། །

འཇིགས་རུང་མཚོན་གྱི་དབལ་རྣོན་གྱིས། །

ཕས་རྒོལ་སྙིང་ལ་ཟུག་རྔུ་བྱིན། །

/

གང་གི་མངའ་ཐང་འཛིན་མའི་ཁྱོན། །

བྱ་རྒོད་ཉིན་ལམ་བཅོ་བརྒྱད་ཙམ། །

བརྒྱ་བྱིན་ཁྲོས་པའི་དཔུང་ཚོགས་ཀྱང་། །

ཁྱོད་དྲུང་དངངས་པའི་མཐའ་མ་རིག །

/

ཧྲི་དོ་གྱེར་སྤུངས་རྒྱལ་པོ་སྟེ། །

ཀང་ཀ་ཤེལ་གྱི་བྱ་རུ་ཅན། །

མཁྱེན་བརྩེ་ནུས་པའི་བདག་ཉིད་ཀྱིས། །

སྐྱེ་རྒུ་ཀུན་གྱི་མགོན་གཅིག་བྱོན། །

/

བྱམས་བརྩེའི་གྲུ་གར་སྣུམ་པོའི་རྒྱུན། །

ནོར་འཛིན་ཁྱོན་ཀུན་བབས་པ་ན། །

འགྲོ་ཀུན་དགའ་བའི་པད་ཚལ་གྱིས། །

རྫོགས་ལྡན་བུང་བ་མགྲོན་དུ་བོས། །

/

གཡུང་ཡར་མུ་ཁོད་རྒྱལ་པོ་སྟེ། །

གཞའ་ཚོན་འོད་ཀྱི་བྱ་རུ་ཅན། །

ལུགས་གཉིས་ཉི་ཟླའི་རྣ་ཆ་ཡིས། །

རྒྱལ་སྲིད་མཛེས་མའི་ལང་ཚོ་བརྒྱན། །

/

གཤེན་གྱི་གྲུབ་རིག་དྲང་སྲོང་དག །

ཞབས་པད་གཙུག་གི་རྒྱན་མཆོད་ནས། །

མདོ་སྔགས་བོན་གྱི་བདུད་རྩིའི་རྒྱུན། །

ཐུགས་གསང་བུམ་པར་བསྐྱིལ་ལ་བྲེལ། །

/

ཀྱི་ལེ་གུ་གེ་རྒྱལ་པོ་སྟེ། །

ཨུན་ཆེན་དུང་གི་བྱ་རུ་ཅན། །

བཀའ་ལུང་སྐྱེ་བ་ལྔ་བའི་སྒྲས། །

འགྲོ་ཀུན་མ་རིག་གཉིད་ལས་བསླངས། །

/

འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱིས། །

སྐྱེ་རྒུའི་མགོན་དུ་གྱུར་དང་ལྷན། །

གཡུང་དྲུང་བོན་གྱི་བསྟན་པ་ནི། །

ཕྱོགས་མཐར་སྤེལ་བའི་འཕྲིན་ལས་རྨད། །

/

ཉེ་ལོ་ཝེར་ཡ་རྒྱལ་པོ་སྟེ། །

ཕྲ་ཡེན་འོད་ཀྱི་བྱ་རུ་ཅན། །

རྒྱ་མཚོའི་རླབས་ཀྱི་རྗེས་འགྲོ་བའི། །

འཕྲིན་ལས་ཞང་ཞུང་རྒྱལ་ཁམས་ཁྱབ། །

/

དུས་སུ་འབབ་པའི་ཆར་བ་བཞིན། །

འགྲོ་བའི་གདུང་བ་སེལ་བ་དང་། །

བྱམས་བརྩེའི་གྲིབ་མ་སྣུམ་པོའི་གདུགས། །

རིས་མེད་ཆབ་འབངས་ཀུན་གྱི་གསོས། །

/

ཛྭོ་དམར་ཐིས་སྤུངས་རྒྱལ་པོ་སྟེ། །

མེ་དཔུང་འོད་ཀྱི་བྱ་རུ་ཅན། །

མཐུ་སྟོབས་དུས་མཐའི་མེ་དཔུང་གིས། །

ཕས་རྒོལ་ནགས་ཀླུང་རྨག་མེར་བསྲེགས། །

/

ཤར་ནུབ་འཛིན་མའི་ཁྱོན་འཕྲོ་བའི། །

མཛད་བཟང་ཉི་ཟླའི་འོད་རླབས་ཀྱིས། །

གཤེན་བསྟན་པད་ཚལ་བཞད་པ་དང་། །

གཡུང་དྲུང་སྦྲང་རྩིའི་བུ་རྣམས་མྱོས། །

/

བདུད་འདུལ་དབལ་གྱི་རྒྱལ་པོ་སྟེ། །

ཉི་ཤེལ་འོད་ཀྱི་བྱ་རུ་ཅན། །

གཡུལ་གྱི་ལས་ལ་དགྱེས་དྲགས་པས། །

དགྲ་ཚོགས་རྨི་ལམ་དུ་ཡང་འདར། །

/

ཞི་བས་འདུལ་ལ་ཞི་བ་དང་། །

དྲག་པོས་འདུལ་བས་དྲག་ཤུགས་ཀྱིས། །

ཞང་ཞུང་རྒྱལ་ཁམས་ཆེན་པོའི་ཁྱོན། །

འཛིན་མའི་ཤར་ནུབ་ཀུན་ཏུ་བསྐྱེད། །

/

ལི་ཝེར་གྱེར་གྱི་རྒྱལ་པོ་སྟེ། །

ཉི་ཤེལ་འོད་ཀྱི་བྱ་རུ་ཅན། །

སྔོ་བསང་དཀྱིལ་འཁོར་མཛེས་པའི་རྒྱན། །

ཉི་མ་བཞིན་དུ་འགྲན་ཟླས་དབེན། །

/

ཞི་དྲག་བློན་ཆེན་འབུམ་དང་བཅས། །

རྒྱལ་ཕྲན་དུ་མར་མངའ་དབང་བསྒྱུར། །

གཤེན་གྱི་བསྟན་པའི་དགའ་ཚལ་ཆེ། །

རྒྱས་མཛད་དབྱར་གྱི་དཔལ་མོ་བཞིན། །

/

ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་སྟེ། །

ཛྭོ་དམར་འོད་ཀྱི་བྱ་རུ་ཅན། །

སྐྱ་རེངས་དམར་པོའི་འོད་སྣང་བཞིན། །

རྫོགས་ལྡན་ཉི་འོད་འདྲེན་ལ་བྲེལ། །

/

ཕྱོགས་བཞིའི་རྒྱལ་ཕྲན་གུས་པའི་སྐྱེས། །

ཉིན་བཞིན་རྡུལ་གྱི་གྲངས་ལ་འགྲན། །

ཆབ་འབངས་ཁྲིམས་ཀྱིས་ལེགས་བསྐྱངས་ཏེ། །

མཐོ་རིས་དཔལ་ཡོན་ས་ལ་དྲངས། །

/

ལི་མུར་གོ་བའི་རྒྱལ་པོ་སྟེ། །

བྷེ་དྷུས་འོད་ཀྱི་བྱ་རུ་ཅན། །

སྲིད་པ་ཆགས་པའི་ལྷ་ཆེན་དག །

ཁྱོད་ཀྱི་བཀའ་ལུང་གུས་པས་ལེན། །

/

རླབས་ཆེན་བསོད་ནམས་དཔུང་ཤུགས་ཀྱིས། །

རང་གི་རྒྱལ་སྲིད་བསྐྱངས་པ་དང་། །

གཤེན་གྱི་བསྟན་པའི་སྒོ་འཕར་ཡང་། །

ནམ་མཁའ་མཛོད་དུ་ཕྱེས་པར་གྲགས། །

/

ཉེ་ལོ་ཝེར་ཡ་རྒྱལ་པོ་སྟེ། །

གནམ་ལྕགས་དབལ་གྱི་བྱ་རུ་ཅན། །

གཤེན་གྱི་དྲང་སྲོང་ཁྲི་སྟོང་གིས། །

ཁྱོད་ཀྱི་སྲིད་ལ་ཕྱྭ་གཡང་བཀུགས། །

/

ཉིན་བཞིན་སྲིད་ཀྱི་ཁ་ལོ་བསྒྱུར། །

མཚན་དུ་དཀྱིལ་འཁོར་སྒྲུབ་ལ་བརྩོན། །

རྫོགས་པ་ཆེན་པོའི་རྒྱལ་ས་རུ། །

ཚེགས་མེད་གཤེགས་པའི་ས་སྐྱོང་ཞིག །

/

གུ་ཝེར་ནོར་གྱི་རྒྱལ་པོ་སྟེ། །

ག་ལྗང་འོད་ཀྱི་བྱ་རུ་ཅན། །

ཕོ་བྲང་ཆེན་པོ་གསེར་གྱི་མཁར། །

མཛེས་པའི་རྒྱན་གཅིག་དེ་རུ་བྱུང་། །

/

ཞི་རྒྱས་གསེར་གྱི་ཀྱོ་བའི་འཕྲུལ། །

འབངས་རྣམས་འགུག་པའི་གཡང་ཆགས་ཞིང་། །

དབང་དྲག་དམག་རྟའི་རྨིག་རྡུལ་གྱིས། །

མཐའ་བཞིའི་རྒྱལ་ཁམས་མོག་པོར་བྱས། །

/

སྟག་སྣ་གཟི་བརྗིད་རྒྱལ་པོ་སྟེ། །

ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན། །

སྟག་སྣ་དབལ་གྱི་རྫོང་མཁར་དུ། །

ལྷ་དབང་གཉིས་པའི་དོ་ཟླ་བྱུང་། །

/

ཤེས་རིག་གསེར་གྱི་རྒྱལ་མཚན་རྩེར། །

གཤེན་བསྟན་ནོར་བུའི་ཏོག་སྤྲས་ཏེ། །

ཞང་ཞུང་རྒྱལ་ཁམས་ཆེན་པོའི་ཁྱོན། །

དགེ་ལེགས་དབྱིག་གི་ཆར་ཆེན་ཕབས། །

/

སད་ཧྲི་གྱེར་གྱི་རྒྱལ་པོ་སྟེ། །

ཨུཏྤལ་འོད་ཀྱི་བྱ་རུ་ཅན། །

ཞང་ཞུང་ཁ་ཡུག་ཡུལ་ལྗོངས་སུ། །

མུ་རྫོང་ཁྲོ་ཆུའི་མཁར་དུ་བཞུགས། །

/

བྱམས་བརྩེའི་གྲིབ་མ་སྣུམ་པོ་ཡིས། །

ཆབ་འབངས་ཚ་གདུང་ཡོངས་བསལ་ཅིང་། །

མཐུ་སྟོབས་གནམ་ལྕགས་ཐོག་མདའ་ཡིས། །

ཕས་རྒོལ་བྲག་རིའི་རྒྱལ་ཁམས་བསྙིལ། །

/

སླས་ཀྲ་གུ་གེའི་རྒྱལ་པོ་སྟེ། །

རིན་ཆེན་འོད་ཀྱི་བྱ་རུ་ཅན། །

ཁྱུང་ལུང་དངུལ་མཁར་དཀར་པོ་སྟེ། །

ཁྲོ་ཆུའི་རྨང་རྡོ་ཅན་དུ་བཞུགས། །

/

ལྷ་ཀླུ་གཉན་གྱི་གྲོགས་དང་བཅས། །

གཤེན་བསྟན་དཔུང་བ་དགུང་དུ་བཏེགས། །

ཕྱོགས་བཞིའི་རྒྱལ་ཕྲན་གྲངས་མེད་པ། །

སྤྲིངས་ཡིག་གཅིག་གིས་ཞབས་ལ་བཏུད། །

/

མུ་མར་ཐོག་རྒོད་རྒྱལ་པོ་སྟེ། །

ཨེ་ཎ་འོད་ཀྱི་བྱ་རུ་ཅན། །

ཞང་ཞུང་ཆེན་པོའི་རྒྱལ་ཁབ་ཀྱི། །

རུ་ཐོག་གནམ་རྫོང་མཁར་དུ་བཞུགས། །

/

རང་ཡུལ་བདེ་སྐྱིད་སྣང་བས་གཏིབས། །

གཞན་ཡུལ་ཤེས་རིག་ནོམ་ལ་བླངས། །

འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན། །

ལས་བཞིའི་འཕྲིན་ལས་གློག་ལྟར་མྱུར། །

/

དེ་ལྟར་ཞང་ཞུང་རྒྱལ་ཁམས་ཀྱི། །

བྱ་རུ་ཅན་གྱི་རྒྱལ་པོ་ཚོའི། །

ཆེ་བ་བརྗོད་པའི་སྙན་ངག་ཕྲེང་། །

ཀླུ་སྨྱོན་སོར་མོས་བགྲངས་པ་དགེས། །

/

གངས་རི་ཏི་སེའི་དབུ་རྩེ་ནས། །

གཡུང་དྲུང་ལྷ་ཡི་རྨུ་ཐག་ཅིག །

མ་ཕམ་གཡུ་མཚོར་ལྷུང་བ་ཡི། །

རྒྱལ་རབས་མི་བརྗེད་དྲན་པར་ཤོག །

/

བྱ་རུ་ཅན་གྱི་རྒྱལ་པོ་ཚོའི། །

ངོ་མཚར་མཛད་བཟང་ཉི་ཟླའི་འོད། །

ས་ཆེན་ཁྱོན་ཀུན་དཀྲིགས་པ་ཡི། །

ལོ་རྒྱུས་དེ་དག་དྲན་པར་ཤོག །

/

བདག་ནི་སྙན་ངག་མཁན་པོ་སྟེ། །

གང་དྲན་གླུ་རུ་ལེན་ལ་མཁས། །

ཞང་ཞུང་རྒྱལ་ཁམས་ཆེན་པོ་ཡི། །

བྱུང་བ་ཐ་ཚན་མུ་ཙུག་སྨར། །

༢༠༡༦ ལོའི་༼ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ་༽གསལ་བསྒྲགས་སྔོན་ནས་ཞུས་ཟིན་ལྟར། ཞང་ཞུང་རྒྱལ་རྒྱུད་ཀྱི་ཆེ་བ་དང་མཛད་རྗེས་བརྗོད་པའི་སྙན་རྩོམ་རིང་མོའི་ཁོངས་སུ་རྩོམ་ཡིག་གྲངས་ཉེར་ལྔ་འབྱོར་བའི་ནང་ནས་རྩེད་ཕུད་དམ་ཨང་དང་པོའི་བྱ་དགའ་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོའི་༼ཞང་ཞུང་རྒྱལ་ཁམས་ཉུལ་བའི་གླུ་༽ལ་ཐོབ་ཡོད་ཅིང་དེ་རིང་ཀློག་མཁན་དག་གི་སྤྱན་ལམ་དུ་ཕུལ་ཡོད་པས་དགྱེས་གཟིགས་མཛོད། །

རྩོམ་པ་པོའི་ལོ་རྒྱུས་དང་བྱ་དགའི་གསལ་བསྒྲགས་སོགས་གཤམ་གསལ་ཡི་གེ་དམར་པོའི་ཐོག་ནོན་དང་གཟིགས་ཐུབ།

screen-shot-2016-12-11-at-8-48-07-pm

ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ་དང་གསལ་བསྒྲགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *