ཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ།

རྩོམ་ཡིག་འདི་ཐེངས། 1643 བཀླགས་འདུག

screen-shot-2016-11-24-at-5-14-20-pmཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༢ ནས་ ༢༥ བར་ཡོ་གླིང་ཧྥུ་རན་སིའི་ France རྒྱལ་སའི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་གཡུང་དྲུང་བོན་གྱི་ཚོགས་སྡེ་གཤེན་བསྟན་དར་རྒྱས་གླིང་དུ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་གཙོས་ཕྱི་གླིང་ཁུལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་བླ་མ་དང་མཁན་པོ་དགེ་བཤེས་སོགས་གང་འཚམས་ཞིག་འཛོམས་ཡོད་པ་རེད། 

img_4039།།།།།།།།།།དེའང་ཚེས་ ༢༢ ཉིན་གྱི་ཞོགས་པ་ཆུ་ཚོད་༩ཐོག་ཚོགས་བཅར་བ་ལྷན་རྒྱས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེར་མཇལ་བཅར་ཞུས་ཤིང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཕྱི་གླིང་ཁུལ་དུའང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ཐད་ལམ་སྟོན་བཀའ་སློབ་སོགས་ཞལ་གདམས་བདུད་རྩིའི་བཀའ་དྲིན་བསྩལ་འདུག

།།།།།།།།།།ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་འབྲེལ་”སྟོན་པའི་རྒྱལ་པོ་”སོགས་ཀྱིས་སངས་རྒྱས་གཤེན་རབ་མི་བོའི་མཚན་བསྟོད་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་ཟུང་གསེར་གྱི་འཁོར་ལོ་ཁམས་གསུམ་སྐྱེ་འགྲོ་སྤྱི་དང་ཁྱད་པར་དུ་བོན་འབངས་བྱེ་བའི་སྤྱི་གཙུག་ཏུ་འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་བསྐལ་བ་བརྒྱའི་བར་དུ་བརྟན་ཕྱིར་ཚོགས་མི་ཀུན་གྱིས་ཞབས་བརྟན་གསོལ་འདེབས་”རབ་འབྱམས་ཕྱོགས་བཅུ་”དང་”བསླབ་གསུམ་པ་བསྟན་པ་”གཉིས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་མགྲིན་གཅིག་གིས་གྱེར། དེ་རྗེས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུའི་བླ་གཟའ་དང་བསྟུན་སྤྱིར་འཛམ་བུའི་གླིང་འདིར་ཞི་བདེའི་དཔལ་ཡོན་རབ་ཏུ་རྒྱས་པ་དང་སྒོས་སུ་འགྲོ་བ་སེམས་ཅན་གྱི་དོན་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་དུ་དར་ཞིང་རྒྱས་ཕྱིར་གཡུང་དྲུང་བོན་གྱི་བསྟན་སྐྱོང་དམ་ཅན་རྒྱ་མཚོར་འཕྲིན་བཅོལ་དང་བསང་གསོལ་རྒྱས་འབུལ་ཞུས།

screen-shot-2016-11-24-at-5-15-24-pm།།།།།།།།།།དེ་རྗེས་ཕྱི་གླིང་བོན་ཚོགས་ཀྱི་ཚོགས་གཙོ་ཁྱིམ་གསར་བླ་མ་ཕུན་ཚོགས་བཀྲ་ཤིས་རིན་པོ་ཆེས་ཚོགས་འདུ་ཐེངས་བཞི་པའི་ངོ་སྤྲོད་དང་འབྲེལ། ས་ཐག་རིང་ཐུང་ལ་མ་ལྟོས་པར་ཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་གལ་ཆེན་དང་དོན་ཆེན་དུ་བརྩིས་ཏེ་ཕེབས་པའི་ཚོགས་མི་རྣམས་ལ་ཐུགས་རྗེའི་ལེགས་གསོལ་དང་འཚམས་འདྲིའི་ཤིས་ཚིག དེ་བཞིན་ཚོགས་འདུ་ངོ་སྤྲོད་སོགས་གྲུབ་རྗེས། གྲོས་གཞི་དོན་ཚན་རིམ་པའི་ཐོག་བགྲོ་གླེང་མུ་མཐུད་ནས་གནང་། ༡༽ དོན་ཚན་དང་པོ། ཕྱི་གླིང་ཁུལ་དུ་ཡོད་པའི་བོན་ཚོགས་ནང་ཁུལ་དུ་ཐུགས་མཐུན་འབྲེེལ་ལམ་སྔར་བས་ཀྱང་དམ་ཟབ་ཏུ་གཏོང་བར་འབྲེལ་ཡོད་བླ་སྤྲུལ་རྣམས་པས་གཙོས་ཕྱི་གླིང་ཁུལ་དུ་ཡོད་པའི་བོན་འབངས་ཡོངས་ཀྱིས་བླང་དོར་གནང་ཕྱོགས་ཇི་ལྟར་དགོས་མིན་སྐོར། 
img_5415༢༽ དོན་ཚན་གཉིས་པ།
 རྒྱུན་ལས་སྔ་མའི་སྐབས་ནས་དབུ་བཙུགས་པའི་ཕྱི་གླིང་བོན་ཚོགས་ཀྱི་རྒྱུན་མཁོའི་ཞལ་འདོན་རྒྱས་འབྲིང་བསྡུས་གསུམ་ཞིག་འབྱུང་ཐབས་སྐོར། ༣༽ དོན་ཚན་གསུམ་པ། ཕྱི་གླིང་བོན་ཚོགས་དེ་ཉིད་མ་འོངས་པར་གཞུང་ལ་དེབ་སྐྱེལ་ལྡན་པའི་ཚོགས་པ་ཚད་དང་ལྡན་པ་ཞིག་འོངས་ཕྱིར་རྒྱུན་ལས་སྔ་མའི་སྐབས་ནས་ཡིག་ཆ་མང་པོ་ཞིག་གྲ་སྒྲིག་ཞུས་ཟིན་ལྟར། གང་མགྱོགས་སྒོས་ཁྲིམས་མཐུན་གྱི་དེབ་སྐྱེལ་ཡིག་ཆ་ཞུ་ཕྱོགས་སྐོར་སོགས་ལ་ཚོགས་ཞུགས་པ་ཚང་མས་ཆ་ཤས་བླངས་ཏེ་བགྲོ་གླེང་གནང་།

 །

།།།།།།།།།།།ཕྱི་ཚེས་ ༢༣ ཚོགས་འདུ་ཉིན་གཉིས་པར་གྲོས་གཞིའི་དོན་ཚན་གཞན་རྣམས་ཀྱི་ཐོག་མུ་མཐུད་ནས་བཀའ་མོལ་གནང་བ་དང་། ༤༽ དོན་ཚན་བཞི་པ། བོད་དང་ཧི་མ་ལ་ཡི་བོན་སྡེ་སྤྱི་དང་། ཁྱད་པར་དུ་ཨ་རི་དང་ཡོ་རོབ་སོགས་ལ་གསར་དུ་ཕེབས་པའི་བོན་འབངས་རྣམས་ལ་ཕྱི་གླིང་བོན་ཚོགས་དང་། ཡང་ན་བོན་ཚོགས་བྱེ་བྲག་པ་སོགས་སྤྱི་སྒེར་གང་རུང་གིས་འཚོ་ཐབས་དང་ཡང་ན་བོན་གྱི་དགོས་འདུན་ཇི་ལྟར་སྐོང་ཐབས་སྐོར་དང་། དེ་བཞིན་ཕྱི་གླིང་གི་བོན་པོ་རྣམས་ལ་དྲ་ལམ་སོགས་བརྒྱུད་ནས་བོན་གྱི་ལྟ་སྤྱོད་ངོ་སྤྲོད། ཕྱི་གླིང་བོན་ཚོགས་འདིར་བླ་མ་དང་དགེ་བཤེས་ཙམ་མ་ཡིན་པར་བོན་འབངས་སྐྱ་སེར་གང་མང་ཞིག་འཛུལ་ཞུགས་ཐད་བགྲོ་གླེང་སོགས།

screen-shot-2016-11-24-at-5-16-37-pm༥༽ དོན་ཚན་ལྔ་པ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་གསར་པ་འདིའི་ནང་དུ་ཡུལ་དུས་དང་བསྟུན་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱ་ཐབས་དང་། མ་འོངས་པར་ཡུན་རིང་རྒྱུན་གནས་ཡོང་བར་ཅི་དགེའི་ཐབས་ལམ་སྐོར།  ༦༽ དོན་ཚན་དྲུག་པ། ཕྱི་གླིང་བོན་ཚོགས་ཀྱི་ངོ་བོ་ཕྱོགས་གང་ནས་ཡར་རྒྱས་གཏོང་ཐབས་དང་། དེ་བཞིན་ཚོགས་ཐེངས་ལྔ་པའི་ས་གནས་གཏན་འབེབས་བྱ་རྒྱུའི་སྐོར་སོགས་ལ་བཀའ་མོལ་ལྷུག་པོར་གནང་། མདོར་ན། གོང་གསལ་གྲོས་གཞི་དོན་ཚན་རིམ་པའི་ཐོག་ཉིན་གཉིས་རིང་བགྲོ་གླེང་མུ་མཐུད་ནས་གནང་ཞིང་མ་འོངས་པའི་ལས་འཆར་སོགས་ཀྱི་ཐད་གྲོས་ཆོད་ཁག་གཏན་འབེབས་གནང་།

།།།།།།།།།།སྤྱི་ཚེས་༢༤ རེས་གཟའ་ཕུར་བུའི་ཉིན་༧སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་རིན་པོ་ཆེའི་སྐུའི་བླ་གཟའ་དང་བསྟུན་སྔ་དྲོར་རིན་པོ་ཆེའི་སྐུ་མདུན་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་༧སྐྱབས་རྗེ་མཆོག་གི་གསུང་འབུམ་གྱི་དཔེ་ལུང་ཞུས་ཞིང་ཉམས་ལེན་བྱེད་ཕྱོགས་ཀྱི་ངོ་སྤྲོད་གདམས་ངག་ཟབ་མོ་གནང་། དེ་རྗེས་གཤེན་བསྟན་དར་རྒྱས་གླིང་དུ་གསར་བཞེངས་གནང་བའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གསར་པར་མངའ་དབུལ་རབ་གནས་གནང་ཞིང་གཤེན་བསྟན་དར་རྒྱས་གླིང་འདུས་སྤྱི་དང་། ཡོ་རོབ་བོན་ཚོགས་ནས་བསྙེན་བཀུར་བཞེས་ལག་སོགས་ཞུས།

།།།།།།།།
img_4132ཉིན་རྒྱབ་ཚོགས་ཁང་དུ་མཐའ་མའི་གྲོས་ཆོད་བྱུང་བ་ཁག་ལ་ཚོགས་ཕེབས་རྣམ་པས་མཚན་རྟགས་བཀོད་པ་དང་འབྲེལ་ཕྱི་གླིང་བོན་ཚོགས་ཀྱི་རྒྱུན་ལས་ནས་ཚོགས་འདུར་དབུ་བཞུགས་གནང་བའི་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་ཚོགས་ཕེབས་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་། དེ་བཞིན་ད་ལན་གྱི་ཚོགས་གནས་གཤེན་བསྟན་དར་གླིང་ནས་ཕྱི་ནང་གི་བཞུགས་གནས་དང་བཞེས་ལག་སོགས་སྒོ་གང་ས་ནས་གོ་སྒྲིག་ཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་ཏེ་སྐབས་བཞི་པའི་ཚོགས་འདུ་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་ལེགས་པར་བསྡུས།


།།།།།།།།།།།ཚཚེས་ ༢༥ ཉིན་ཚོགས་མི་ལྷན་རྒྱས་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཧྥུ་རན་སུར་ཡོད་པའི་འཛམ་གླིང་ནང་ཆེས་སྙན་གྲགས་ལྡན་པའི་མཛེས་ལྗོངས་དང་ཡུལ་གྲུ་ཁག་ཅིག་ལ་གཟིགས་སྐོར་དུ་བསྐྱོད་འཆར་བཅས་ཕྱི་གླིང་བོན་ཚོགས་ཀྱི་འཚོགས་འདུ་ཐེངས་གཞི་པའི་གནས་ཚུལ་མདོར་བསྡུས་སུ། །

གནས་ཚུལ་དང་འདྲ་པར་མཁོ་གཏོང་བ། དགེ་བཤེས་གཡུང་དྲུང་བློ་གསལ་དང་། དགེ་བཤེས་ཡང་སྟོན་བསྟན་འཛིན།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *