གབ་ཚིག་ཚན་པ་གཉིས།

རྩོམ་ཡིག་འདི་ཐེངས། 1019 བཀླགས་འདུག

question

གབ་ཚིག དང་པོ།༽ 

                                 བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

ཉི་འོད་ས་གཞིར་འཕྲོས་པའི་ཐོང་ག་རུ། །

གཟའ་ཆེན་མིག་དམར་རྒྱུ་བའི་ཐུལ་འོག་ན། །

བསོད་ནམས་གཡང་དུ་འཁྱིལ་བའི་ཡ་ཁྱིམ་དེར། །

རིན་ཆེན་གསེར་གྱི་ཕ་བོང་སྒོ་རུ་འཛུལ། །

འཁོར་བར་ཇག་ལ་ཆས་པའི་གཡུལ་ས་ནས། །

ཤེས་རབ་མེ་ལྕེར་འཐབ་པའི་མཚོན་ཆ་ཡིས། །

བདུད་ཀྱི་སྙིང་རྩ་འབྲེགས་པའི་སྤོབས་པ་ཅན། །

འཇིག་རྟེན་ཕྱེ་མར་འཐག་པའི་དཔའ་བོ་ཞིག །

གངས་རིའི་དབུ་རྩེ་རྒུད་པའི་ནུབ་མོ་དང་། །

ཉི་ཟླ་སྨག་གིས་བདས་པའི་སྔ་དྲོ་དེར། །

རི་ལུང་མིག་ཆུས་ཁེངས་པའི་བར་དོ་ནས། །

ལྷོ་མཐའི་རི་སུལ་འགྲིམས་པའི་ཨ་སྐྱོ་བ། །

རྒྱལ་གཤེན་སྟོན་པའི་ཕོར་བ་ཕྱག་གིས་སྐྱོར། །

མཉམ་མེད་བླ་མའི་གསེར་ཁྲི་བདག་ཏུ་བཟུང་། །

བཤད་སྒྲུབ་བསྟན་པའི་ཀ་ཆེན་གནམ་ལ་བསླངས། །

བོན་འབངས་བྱེ་བའི་ཡབ་ཆེན་དམ་པ་སུ། །

གབ་ལན། དང་པོ།༽

                                            དགེ་བཤེས་ཤེས་རབ་བསམ་འཕེལ། ༼ས་ཏྲིག༽

ཉིན་བྱེད་དབང་པོས་གསེར་གྱི་ས་གཞི་བཀང་། །

གཟའ་ཆེན་མིག་དམར་རྒྱུ་བའི་རུ་གོང་དེར། །

ཁྱད་འཕགས་གཡང་ཞེས་གྲགས་པའི་རིགས་རྒྱུད་དུ། །

མཚན་དཔེའི་དཀྱིལ་འཁོར་བཞད་པའི་སྨན་རི་བ། །

ངེས་འབྱུང་དྲག་པོས་འཁོར་བར་བློ་ལྡོག་སྟེ། །

ཡང་དག་རིག་པའི་ལམ་མཆོག་གཉེར་བ་ལས། །

བདག་འཛིན་འཁྲུལ་བའི་གཡུལ་ངོ་ཟློག་བྱས་ཏེ། །

གཉིས་མེད་མཉམ་པར་གཟིགས་པའི་སྨན་རི་བ། །

སྤུ་རྒྱལ་ཁྱིམ་གཞས་ཙི་ནས་ཧམ་གྱིས་བཟུང་། །

གངས་ཅན་ཉི་ཟླ་རྣམ་གཉིས་ཁྲི་ལས་ཕབ། །

བོད་མིའི་ཤ་ཁྲག་བརྫིས་པའི་རི་སུལ་ནས། །

བསྟན་དོན་ཐུགས་ལ་འཁྲུངས་བའི་སྨན་རི་བ། །

གཤེན་རབ་སྟོན་པའི་སློང་བཟད་ཕྱག་ཏུ་བསྣམས། །

མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་ཡང་གསོལ། །

གྱེར་བསྟན་རྨང་ནས་སློང་བའི་འཕྲིན་ལས་ཅན། །

བོན་འབངས་བྱེ་བའི་ཡབ་ཆེན་སྨན་རི་བ། །

གབ་ཚིག གཉིས་པ།༽

ཁྱུང་ཆེན་ནམ་མཁར་འཕྱོ་བའི་གཤོག་འདབ་ན། །

ཁ་བས་རང་མདངས་ངོམས་པའི་རི་སྟེང་དུ། །

དམུ་སྐས་གནམ་སར་སྦྲེལ་བའི་ཁྱིམ་གཞིས་དེར། །

མེས་པོའི་ཞབས་རྗེས་འཚོལ་བའི་ཁྱེའུ་ཞིག  །

གཡུ་མཚོ་འཁྱག་གིས་བསྡམས་པའི་སྙིང་ཁ་རུ། །

རིན་ཆེན་གསེར་གྱི་ཕུགས་པའི་ནང་རོལ་དུ། །

སྤོས་རྐང་མེ་རུ་སྤར་བའི་དཀར་ངོགས་ནས། །

རིག་པའི་གསེར་ཕྱེ་འགམས་པའི་དྲང་སྲོང་ཞིག །

གསོ་བྱེད་སྨན་གྱི་ལྷུན་པོའི་གཞལ་ཡས་སུ། །

བཤད་སྒྲུབ་འཁོར་ལོའི་ལྗིད་ཀྱིས་མནན་པའི་སྐབས། །

གསེར་ནག་མཁར་རྩེར་བཞེངས་པའི་གཙང་པ་བར། །

ཨུ་ཚུགས་ཐབས་ཀྱིས་རྒོལ་བའི་སློང་མོ་བ། །

ལྷོ་ཕྱོགས་ནགས་རི་ཕྱུག་མོའི་རི་སུལ་དུ། །

བཀྲེས་སྐོམ་ནད་ཀྱིས་གདུང་བའི་རི་དྭགས་ཚོར། །

མཐུན་རྐྱེན་གནས་ལྔ་རིག་པའི་རྒྱགས་ཕྱེ་ཡིས། །

འདོད་རྒུའི་དཔལ་དུ་འགོད་པའི་སེམས་དཔའ་སུ། །

གབ་ལན། གཉིས་པ།༽

ཁ་བའི་རྡུལ་མང་རྩེག་པའི་ཞིང་ཁམས་དེར། །

དམུ་ཐག་གནམ་ལ་སྦྲེལ་བའི་སྤུ་རྒྱལ་གྱི། །

མངའ་རེས་ཁྱུང་ཡུལ་བོན་གྱི་རྒྱལ་ཁམས་སུ། །

མཚན་དཔེའི་པད་མོ་བཞད་པའི་སྨན་རི་བ། །

གནམ་མཚོ་འཁྱག་གིས་བསྡམས་པའི་དུས་ཚུགས་དེར། །

དོ་གླིང་ཕུགས་པར་བཤེས་གཉེན་དམ་པའི་དྲུང་། །

མུན་ནག་ཁྲོད་དུ་སྤོས་ཀྱི་མེ་འོད་ལས། །

རིག་པའི་གནས་ལྔར་བརྩོན་པའི་སྨན་རི་བ། །

བྱིན་རླབས་ཀུན་འབྱུང་སྨན་རིའི་གདན་ས་རུ། །

དཔོན་སློབ་ཁྲི་ཐོག་གཉིས་པའི་ཁུར་ཆེན་བཞེས། །

ལོག་ཅན་གདུལ་བྱའི་གཡུལ་ངོ་ཟློག་བྱས་ཏེ། །

གང་འདུལ་དེར་སྟོན་མཛད་མཁས་སྨན་རི་བ། །

བསྐལ་ངན་དབང་གིས་ལྷོ་རོང་འགྲིམ་པའི་ཚེ། །

ལུས་སེམས་འཚོ་བ་ཞན་པའི་བོན་འབངས་ཚོར། །

ཐེག་ཆེན་བླ་ན་མེད་པའི་བདུད་རྩི་དང་། །

ལྔ་རིག་ནོར་བུའི་ལུང་བསྟན་སྨན་རི་བ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *