༧རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན།

རྩོམ་ཡིག་འདི་ཐེངས། 1111 བཀླགས་འདུག

screen-shot-2016-11-15-at-7-29-42-pm༄༅།། རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན།

ཕྱི་ལོ་ ༡༩༩༠ གོ་གྲངས་ནང་ཕྲན་རང་འཕགས་ཡུལ་བོན་གཞིས་ཐོབ་རྒྱལ་གསར་པའི་སྨན་རིའི་གླིང་དུ་ཐེངས་ཁ་ཤས་སླེབས། དེར་སྨན་རིའི་ཁྲི་འཛིན་མཆོག་གི་དབུ་ཁྲིད་འོག །གཡུང་དྲུང་བོན་གྱི་འདུས་སྡེ་ཧྲ་ཚུགས་ཤིང་། འཆད་ཉན་ཡར་རྒྱས་ཀུན་གྱི་མིག་རྒྱན་དུ་གྱུར་པ་མཇལ། བོན་གཞིས་མི་མང་རྣམས་ཀྱང་ཞི་དུལ་བག་ཡོད་རང་འཚོ་ཐུབ་པའི་ངང་ཡོད་པ་མཐོང་།  

ཚང་མས་མཁྱེན་གསལ་ལྟར། བཙན་བྱོལ་བོད་མིའི་ནང་། བོན་པོའི་གྲངས་འབོར་ལྟོས་བཅས་ཀྱི་ཆ་ནས་ཉུང་ཉུང་རེད། གྲངས་འབོར་ཉུང་ན་གྲངས་མང་གི་གནོན་ཤུགས་འོག་ནས་མིན་ན། གྲངས་མང་གི་ཤུགས་རྐྱེན་འོག་ནས་རང་གི་རྒྱུན་སྲོལ་ཉམས་ཉེན་ཧ་ཅང་ཆེན་པོ་རེད། འོན་ཀྱང་རྒྱ་གར་འཕགས་པའི་ཡུལ་དུ། གཡུང་དྲུང་བོན་གྱི་འདུས་སྡེ་ཧྲ་ཚུགས་ཏེ་ད་ཆ་དར་རྒྱས་སུ་ཡོད་པ་འདིའི་བཀའ་དྲིན་ལ་བརྟེན་ནས། བོད་ནང་དུའང་བོན་གྱི་བསྟན་པ་སླར་གསོ་དང་། རྒྱལ་སྤྱིའི་ནང་བོན་དང་འབྲེལ་བའི་རིག་གཞུང་དར་རྒྱས་ཡོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད། འདི་འདྲའི་རླབས་ཆེན་གྱི་བྱ་བ་དེ་དཀའ་ངལ་མང་པོ་མ་བརྒྱུད་པར་འགྲུབ་ཐབས་མེད་པ་ཞིག་ཡིན་པས། དེའི་ཐོག་ནས་རྒྱལ་བ་སྨན་རི་བས་སྐུ་ངལ་ཇི་ཙམ་བཞེས་པ་ཟུར་བལྟས་ལེབ་མཐོང་རེད་སྙམ།

ང་རང་གི་མཐོང་ཚུལ་ལ་རྒྱལ་བ་སྨན་རི་བ་མཆོག་གི་མཛད་རྗེས་ཆེ་ཤོས་གཞན་ཞིག་ནི། རང་ལུགས་ཀྱི་བསྟན་པ་རྒྱུན་འཛིན་མཛད་པ་དང་མཉམ་དུ་བོད་ཀྱི་ཆོས་རྒྱུད་གཞན་ལ་གུས་བརྩི་དང་སློབ་སྦྱོང་གནང་བ་དེ་རེད། ཕྲན་གྱིས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཀའ་ཆོས་གནང་སར་རྒྱལ་བ་སྨན་རི་བ་མཆོག་ཡང་ཡང་ཕེབས་པ་མཇལ་བ་མ་ཟད། ཁོང་ཆུང་དུས་དགེ་ལུགས་པའི་གདན་སར་ཡང་སློབ་གཉེར་དུ་ཕེབས་མྱོང་བ་ཤེས་ཚོར་བྱུང་། ཆོས་རྒྱུད་ཕན་ཚུན་དབར་ཞལ་ཙམ་མིན་པར་དོན་གྱི་གུས་བརྩི་དང་སློབ་སྦྱོང་གནང་བ་འདི་ནི། ཧ་ཅང་རྩ་ཆེན་རེད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། དེང་སང་གཡུང་དྲུང་བོན་གྱི་ཐད་ལ་བཟང་ཕྱོགས་ཀྱི་ལྟ་སྟངས་སམ་མཐོང་ཚུལ་ཡོང་བཞིན་པ་དེ་ཡང་གཙོ་བོ་རྒྱལ་བ་སྨན་རི་བའི་མཛད་བཟང་དང་འབྲེལ་བ་ཡོད་པར་མངོན།

ཡུལ་ལུང་གང་དུའང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་རྒྱབ་ཀྱིས་ཕྱོགས་ན། ལས་དོན་གཞན་དག་ཐད་གྲུབ་འབྲས་ཇི་ཙམ་བྱུང་ཡང་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་ཐོབ་དཀའ་བ་ཡིན། རྒྱལ་བ་སྨན་རི་བ་མཆོག་གིས་ཐོག་མཐའ་བར་གསུམ་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་འོག་ཏུ་བཞེངས་ཕྱོགས་བརྟན་པོ་བཟུང་སྟེ་ཕེབས་ཡོད། དྲང་པོ་ཞུས་ན། ང་དང་ང་ལྟ་བུའི་བོད་མི་དཀྱུས་མ་ཚོས། རྒྱལ་བ་སྨན་རི་བ་མཆོག་ལ་གུས་བཀུར་ཞུ་དོན་གཙོ་བོ་གཅིག་དེ་ལ་ཐུག་ཡོད།

མདོར་ན། རྒྱལ་བ་སྨན་རི་བ་མཆོག་གིས། བོད་ཀྱི་བསྟན་སྲིད་ཉག་ཕྲ་བའི་དུས་སྐབས་སུ། སྙིང་སྟོབས་ཆེན་པོས། རང་ལུགས་བསྟན་པ་གཞན་ཡུལ་དུ་ཧྲ་ཚུགས་ཐབས་དང་། གཞན་ལུགས་ཀྱི་བསྟན་པར་གུས་བཀུར། བོད་སྤྱིའི་རྩ་དོན་ལངས་ཕྱོགས་ཐོག་བཞེངས་ཕྱོགས་བརྟན་པོས་ཕེབས་ཡོད་ཅིང་། དེ་ལྟ་བུའི་མཛད་བཟང་ལ་བརྟེན་ནས་བོད་ཀྱི་བདེན་པའི་འཐབ་རྩོད་དང་། རིག་གཞུང་རྒྱུན་འཛིན་གོང་འཕེལ། སྤྱི་ཚོགས་ཀྱི་མཐུན་སྒྲིལ་སོགས་ཕྱོགས་མང་པོར་བཟང་ཕྱོགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་ལ། བྱེ་བྲག་ཏུ་གཡུང་དྲུང་བོན་གྱི་བསྟན་པ་མི་ཉམས་རྒྱུན་འཛིན་གྱི་ཐད་ལ་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པས། བོད་དང་བོད་མིར་བཀའ་དྲིན་ཆེ་སྟངས་ཀྱང་དེ་རང་རེད།

ད་ཆ་རྒྱལ་བ་སྨན་རི་བ་དགུང་གྲངས་དགུ་བཅུར་ཕེབས་ལ་ཉེ་བའི་སྐབས་འདིར་ཕྲན་བོད་མི་དཀྱུས་མ་ཞིག་གི་ངོས་ནས་གང་གི་སྐུ་ཚེ་མུ་མཐུད་བརྟན་ཅིང་མཛད་འཕྲིན་མུ་མེད་དུ་རྒྱས་པའི་གསོལ་འདེབས་བཅོས་མིན་ཞུ།། གུས་ཆུང་ཚེ་རིང་གིས་ ༢༠༡༦ ཟླ་བ་ ༡༠ ཚེས་ ༢༩ ཉིན་ཕུལ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *