བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་བཀྲ་ཤིས་པའི་ངང་གྲོལ་བའི་གནས་ཚུལ།

རྩོམ་ཡིག་འདི་ཐེངས། 171534 བཀླགས་འདུག


screen-shot-2016-11-03-at-7-51-27-am
སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་༧ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་རྒྱལ་བསྟན་སྤྱི་དང་ཡང་སྒོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཆེས་ཉག་ཕྲ་བའི་དུས་སྐབས་དེར་བསྒྱེལ་ས་ནས་བསླངས། བཅད་ས་ནས་མཐུད། དཀྱོག་ས་ནས་སྐྱོར་ཏེ་ད་ཆར་འཛམ་བུའི་གླིང་འདིར་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགོན་སྡེ་བརྒྱ་ཕྲག་ལྔ་ལ་ཉེ་བ་དང་། ཕྱི་གླིང་ཁུལ་དུ་བོན་ཚོགས་བཅུ་ཕྲག་ཁ་ཤས་གསར་འཛུགས་ཞུས་པ་སོགས། མདོར་ན་འདས་པའི་ལོ་རྒྱུས་ནང་གཡུང་དྲུང་བོན་གྱི་བསྟན་པ་ལ་ཆག་འཇིག་ཅི་ཙམ་བྱུང་ཡང་ད་ཆར་འཛམ་བུའི་གླིང་འདིར་གཡུང་དྲུང་བོན་ཞེས་ཕྱིའི་སྐུ་གསུང་ཐུགས་རྟེན་གྱི་བཀོད་པ་དང་། ནང་མདོ་སྔགས་རྫོགས་གསུམ་ལ་འཆད་རྩོད་རྩོམ་གསུམ་དང་། བསླབ་པ་སློབ་གཉེར་སོགས་གཞན་ལ་མིག་དཔེའམ་ངོམས་སུ་འོས་པ་ཞིག་བཞུགས་པ་ནི་གང་ན་སུ་བཞུགས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པའི་མཛད་རྗེས་ཡིན་པ་དང་། དེའང་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་དང་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། དེས་ན་རིན་པོ་ཆེ་རྣམ་གཉིས་སྐུ་ན་ཕྲ་བའི་སྐབས་ནས་བཟུང་སྟེ་རང་དོན་དུ་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་འབད་པ་རྡུལ་ཙམ་ཡང་མ་གནང་བར་གཞན་དོན་དུ་འགྲོ་བ་སེམས་ཅན་སྤྱི་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་ལྷ་སྡེར་གཏོགས་སོ་ཅོག་མ་ཡིས་བུ་སྐྱོང་བ་ལྟ་བུའི་ཐུགས་བརྩེ་གནང་བའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཡང་གཞལ་དུ་མེད་པ་ཞིག་ཡིན་པ་བོན་འབངས་ཡོངས་ཀྱི་སེམས་ལ་ཁྲ་ཆིལ་ལེར་ཡོད་པ་སྨྲོས་ཅི་ལ་དགོས།

   img_2750    དེས་ན་ད་ཆར་དགུང་ལོ་དགུ་བཅུར་ཉེ་བ་དང་དགུ་བཅུ་བརྒལ་བའི་རླབས་ཆེན་གྱི་སེམས་དཔའ་ཆེན་པོ་ཁོང་རྣམ་གཉིས་ལ་ཤར་ནུབ་བོན་འབངས་ཡོངས་ཀྱིས་ཐུགས་རྗེའི་བཀའ་དྲིན་དྲན་པའི་ཕྱིར་དུ་ཟུར་གསལ་མནྡལ་བརྟན་བཞུགས་གོ་སྒྲིག་ཚོགས་པས་རིན་པོ་ཆེ་རྣམ་གཉིས་བདག་ཅག་གདུལ་བུའི་མགོན་དུ་སྐུ་ཚེ་བསྐལ་བ་བརྒྱ་ཡི་བར་དུ་བརྟན་ཕྱིར་མནྡལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་སྐོར་ལོ་གཉིས་ལྷག་གི་གོང་ནས་ཤར་ནུབ་རྒྱལ་ཁབ་གང་དུ་བཞུགས་པའི་བོན་འབངས་ཡོངས་ལ་མ་གོ་མ་ཐོས་མེད་པའི་གསལ་བསྒྲགས་རྒྱུད་ལམ་འདྲ་མིན་བརྒྱུད་ནས་ཞུས་ཟིན་པ་དང་། དེ་བཞིན་གཞིས་སྡོད་བོན་འབངས་རྣམས་གཙོས་ཤར་ནུབ་རྒྱལ་ཁབ་མང་པོ་ནས་རྒྱ་མཚོའི་ཆུ་ཐིགས་ཀྱི་ཚུལ་གྱིས་བཀའ་དྲིན་རྗེས་དྲན་དང་ཚོགས་བསགས་མཆོད་འབུལ་གྱི་དངུལ་དངོས་བྱུང་བ་རྣམས་དམིགས་ཐོག་མིག་སྨན་ཡོང་ཕྱིར་བརྟན་བཞུགས་གོ་སྒྲིག་པས་མནྡལ་སྐུ་གསུང་རྟེན་བཞེངས་བསྐྲུན་དང་མཆོད་འབུལ་ཡོ་བྱད་བཅས་ལེགས་པར་གྲུབ་སྟེ་བརྟན་བཞུགས་འབུལ་བའི་ཟླ་དུས་ཚེས་གྲངས་བཅས་གཏན་འཁེལ་གྲུབ།

     ཤར་ནུབ་བོན་འབངས་ཚང་མས་མཁྱེན་གསལ་ལྟར་༧སྐྱབས་རྗེ་སྨྲ་བའི་དབང་པོ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༡ ནས་ ༢༣ བར་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་བཀྲ་ཤིས་པའི་ངང་ལེགས་པར་གྲུབ་ཟིན་པ་མ་ཟད་འདི་ག་རྒྱལ་གཤེན་བོན་སྒྲའི་དྲ་ཚིགས་ཀྱིས་ཀྱང་ཉིན་རེའི་མཛད་སྒོའི་གནས་ཚུལ་ཡོངས་ཁྱབ་སྤྱན་བསྟར་ཞུས་ཟིན། །

      img_3467ད་ལམ་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ ཟླ་ ༡༡ ཚེས་ ༢ བར་ས་སྟེང་བོན་འབངས་ཡོངས་ཀྱི་མངའ་བདག་ཀུན་མཁྱེན་རྒྱལ་བ་གཉིས་པའི་རྣམ་རོལ་གཤེན་རབ་བསྟན་པ་འདེགས་པའི་ཀ་ཆེན་ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔོན་གསས་བླ་མ་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་རྒྱལ་བསྟན་སྤྱི་དང་སྒོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མཛད་ཆེན་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་མཎྡལ་བརྟན་བཞུགས་རྒྱས་འབུལ་གྱི་སྔོན་འགྲོའི་གྲ་སྒྲིག་གི་རིམ་པ་རོམ་ཙམ་ཞུས་ན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་རྣམས། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ་གཙོས་པའི་གཞིས་མི་རྣམས་དང། གཞན་ཡང་བོན་ཕྲུག་བདེ་དོན་ཁང་གི་སློབ་མ་རྣམས་ཀྱིས་ཉིན་མང་པོའི་རིང་༧དཔལ་ལྡན་སྨན་རིའི་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་གཙོས་པའི་ཁོར་ཡུག་གཙང་སྦྲ་དང་། གནམ་རྒྱན་བླ་བྲེ་འཕན་གདུགས། བར་རྒྱན་དར་ཡོལ་རིན་ཆེན་ཟ་ར་ཚགས། ས་རྒྱན་ལྷ་རྫས་མཆོད་རྫས་སོགས་དང་། དགོན་སྡེ་ཁག་དང་རྒྱལ་ཕྱི་ནང་གི་ཚོགས་སྡེ་སོ་སོ་ནས་ཕུལ་བའི་བཀྲ་ཤིས་བསྟོད་ཚིག་གི་འཕྲེད་དར་རིང་ཐུང་སོགས་བཤམ་བཀོད་ཀྱིས་གྲ་སྒྲིག་ལེགས་པར་གནང་།

     དེའང་༢༠༡༦/༡༠/༢༣/ནས་ཉིན་བདུན་རིང་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཆེད་དུ་བཤད་གྲྭའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་དབུ་བཞུགས་ཐོག་རྒྱལ་བ་སྨན་རི་བའི་དགེ་བཤེས་བཅུ་ཕྲག་ལྷག་གིས་བླ་ཆེན་དྲན་པའི་ཚེ་སྒྲུབ་ཀྱི་སྒོ་ནས་སྔོན་འགྲོའི་ཞབས་རིམ་བསྒྲུབས་པ་བཅས་སྔོན་འགྲོའི་སྟ་གོན་གྱི་གཞུང་ཐམས་ཅད་ལེགས་པར་གྲུབ།

14884517_1818227661787932_1706181465354627469_o14855951_1818227641787934_3165050338234800206_o14884538_1818227695121262_9028234487499369549_o

    དངོས་གཞིའི་མཛད་སྒོ་ཉིན་དང་པོ་ ༣༡ ཉིན་སྔ་དྲོ་ཞོགས་པའི་འཁོར་ཚོད་དགུ་བའི་སྟེང་ཚོགས་མགོན་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་གཙོས་གདན་ས་སྨན་རིའི་གླིང་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་དང་དགེ་བཤེས་རྣམས་པ་སོགས་བླ་གྲྭ་དྲུག་བརྒྱ་ལྷག་དང་། ས་གནས་གཞིས་མི་དང་། དགེ་རྒན། སློབ་ཕྲུག ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་སྨན་རིའི་གླིང་གི་འདུལ་ཁང་དང་འཆམ་རའི་ནང་དུ་མཉམ་དུ་འཛོམས་པར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་སལེ་འོད་དང་མ་ཏྲི་དུ་ཏྲི་སུ་བཅས་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་བཀའ་ཁྲིད་དང་སེར་སྐྱ་མི་མང་ཡོངས་ལ་བཀའ་སློབ་ཟབ་རྒྱས་གནང་བར་མ་ཟད་སྨན་རིའི་ངོས་ནས་ཕྱོགས་ཕེབས་སྐུ་མགྲོན་ཚོར་བཞུགས་གནས་སོགས་གང་ཅིའི་ཐད་གོ་སྒྲིག་གང་ཐུབ་ཞུས་པའི་ཁུལ་ཡིན་ན་ཡང་། ས་གནས་ཀྱི་གནས་བབ་དབང་གིས་མཐུན་རྐྱེན་ཅུང་མ་འཛོམས་པ་དེ་འདྲ་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་སོགས་ཞོགས་པའི་མཛད་རིམ་མཇུག་གྲུབ་པར་བྱས།

   ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བླ་གྲྭ་དགེ་བའི་བཤེས་གཉེན་རྣམས་གཙུག་ལག་ཁང་ཆེན་མོར་ཚོགས་ཏེ་གསུང་རབ་མདོ་འབུམ་ལྗགས་ཀློག་གནང་བ་དང་། དད་ལྡན་མི་མང་རྣམས་ཀྱིས་ལམ་འཕྲང་བཅོས་པ་དང་ཚྭ་ཚྭ་གདབས་པ་བཅས་ཉིན་དང་པོའི་མཛད་རིམ་མཇུག་གྲུབ་པར་བྱས།

 14853170_1327602773939885_8217383229890968600_o14856160_1327602643939898_8204373488484448686_o14859881_1327602993939863_6307866943772580355_o

 

    ༢༠༡༦/༡༡/༡/སྐུ་ཡི་བླ་གཟའ་མིག་དམར་ཉིན་གྱི་ཞོགས་པའི་འཁོར་ཚོད་བརྒྱད་པའི་ཐོག་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་དད་ལྡན་སེར་སྐྱ་མི་མང་རྣམས་ལྷ་རྒྱལ་རི་རྩེར་མཉམ་དུ་འཛོམས་ཏེ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་རྣམས་ལ་ཕྲིན་ལས་གནད་ནས་བསྐུལ་ཏེ་བསང་གསོལ་རྒྱས་གཏོང་དང་ཀི་བསྭོ་ལྷ་རྒྱལ་དང་རླུང་དར་བགྲེང་འཛུགས་སོགས་བྱས།

       ཆུ་ཚོད་བཅུ་བའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྤོས་དང་རྒྱ་གླིང་གིས་ཕེབས་བསུའི་སྣེ་དྲངས་ཏེ་༧དཔལ་ལྡན་སྨན་རིའི་བླ་བྲང་ནས་གཙུག་ལག་ཁང་ཆེན་དུ་གདན་འདྲེན་ཞུས་ཤིང་རྒྱལ་བ་མཉམ་མེད་ཆེན་པོའི་བཞུགས་ཁྲི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་ལ་ཞབས་ཀྱི་པདྨོ་ལེགས་པར་བཀོད།

dsc0277014876637_1339201192781403_379964706679228044_odsc02773

    དེ་མཚམས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་ཁྲི་བརྟན་ནོར་བུའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་མནྡལ་སྐུ་གསུང་ཐུགས་རྟེན་གྱི་ལྗགས་བཤད་ལྷན་གཅིག་ཏུ་གསུངས་སྐབས་མནྡལ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་སློབ་སྟོན་པ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་དང་གོ་སྒྲིག་ཚོགས་གཙོ་ཀུན་གསལ་ཟླ་བ་གཉིས་ཀྱིས་རིན་ཆེན་དངུལ་ལས་གྲུབ་པའི་མནྡལ་མཐོ་ཚད་བརྗིད་དང་ལྡན་པ་ཡར་བཀྱགས་ཤིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་༧སྐྱབས་རྗེ་ཁྲི་བརྟན་ནོར་བུའི་རྩེའི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་འདེགས་འབུལ་ཞུས། དེ་རྗེས་གོ་སྒྲིག་ཚོགས་མི་རྣམས་ཀྱིས་རིམ་བཞིན་སྐུ་རྟེན་དུ་རིན་ཆེན་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་དང་། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། ཐུགས་རྟེན་དུ་གཟེར་ཟངས་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་སོགས་གོ་སྒྲིག་ཚོགས་པས་གྲ་སྒྲིག་ཞུས་པ་རྣམས་དང་། ཕྱོགས་སོ་སོ་ནས་ཕེབས་པའི་ཚོགས་མི་སྤྱི་སྒེར་ཚང་མས་མནྡལ་རྟེན་དོད་ཀྱི་མཆོད་རྫས་རྣམས་རིམ་གྱིས་ཕུལ།

img_3728img_3733img_3749

    དེ་མཚམས་མི་མང་ཚང་མས་མགྲིན་དབྱངས་གཅིག་གིས”རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་ཏེ། ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག “ཅེས་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་སྙིང་པོར་དད་ལྡན་མང་ཚོགས་ཀྱི་གདོང་པ་མཆི་མས་རང་དབང་མེད་པར་སྦངས་ཤིང་བསྐལ་བ་བརྒྱའི་བར་དུ་རྟག་བརྟན་འགྱུར་མེད་ཀྱི་ཁྲི་ལ་བཞུགས་སུ་གསོལ་ཞེས་རེ་བའི་མངོན་འདོད་དང་གདུང་ཚོར་བརྗོད་དུ་མེད་པའི་གནས་སུ་གྱུར།

   དེ་རྗེས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དད་ལྡན་མི་མང་ལ་ཞལ་གཟིགས་ཏེ་གོ་སྒྲིག་ཚོགས་པས་འགན་ཁུར་ཏེ་བོན་འབངས་ཚང་མས་བརྟན་བཞུགས་རྒྱས་པ་ཞིག་ཕུལ་བར་ཐུགས་རྗེ་ཆེ་གསུངས་པ་དང་། ཟླ་ཤས་གོང་ནས་ཁོ་བོར་སྙུང་གཞི་དོག་ཙམ་ཡོད་ན་ཡང་ཁྱེད་རང་ཚོ་བོན་པོ་ཚང་མས་ལྷ་སྲུང་ལ་འཕྲིན་བཅོལ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་འབྲས་བུར་ཁོ་བོ་དོག་ཙམ་བདེ་བར་གྱུར་ཡོད། མ་འོངས་པར་ཡང་གཙོ་བོ་ཁྱེད་རང་ཚོ་ནང་ཁུལ་ནས་སྔར་བཞིན་མཐུན་ལམ་ཡག་པོ་བྱ་རྒྱུ་གལ་ཆེན་ཡིན་ཚུལ་སོགས་མ་ཡིས་བུ་ལ་གདམས་པ་ལྟ་བུའི་བཀའ་སློབ་མདོར་བསྡུས་ཞིག་གསུངས་གྲུབ་རྗེས་༧དཔལ་ལྡན་སྨན་རིའི་བླ་བྲང་དུ་ཕྱིར་ཞབས་སོར་བདེ་བར་བཀོད། །

14856002_1818561225087909_6984969125210913250_o14939984_1818585345085497_1853787429179635557_oimg_2798

        དེ་རྗེས་བརྟན་བཞུགས་གོ་སྒྲིག་ཚོགས་པ་དང་བསྟན་སྦྱིན་སྤྱི་སྒེར་གཉིས་ཀའི་ངོས་ནས་དགེ་འདུན་པ་དང་བཙུན་མ་རྣམས་ལ་མཆོད་འབྲེལ་སྐུ་ཡོན་ཧིན་སྒོར་ ༣༠༠༠ མ་ཟིན་རེ་ཕུལ་བ་སོགས་སྔ་དྲོའི་མཛད་རིམ་ལེགས་པར་གྲུབ། ཕྱི་དྲོར་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་མི་རྣམས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེར་གཟིམ་ཆུང་མཇལ་ཁ་ཞུས་ཤིང་ཚོགས་མི་རྣམས་ལ་༧དཔལ་ལྡན་སྨན་རིའི་བླ་བྲང་ནས་ཐུགས་རྗེའི་ལེགས་འབུལ་དུ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་ཆེན་མོ་རེ་དང་བྱིན་མདུད་བྱིན་རྫས་བཅས་བསྩལ།

dsc0306114882223_1818576438419721_8083489752191712739_odsc03083

ཉིན་གསུམ་པ་ཚེས་ ༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ ཐོག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་དད་ལྡན་བོན་འབངས་རྣམས་ལ་རིག་འཛིན་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་གནང་། ཕྱི་དྲོར་བོན་ཕྲུག་བདེ་དོན་གྱི་ཚོགས་ཁང་མདུན་དུ་བཀྲ་ཤིས་པའི་གཏང་རག་མཛད་སྒོ་སྤེལ་ཞིང་། མཛད་སྒོའི་ཐོག་མར་སྨན་རི་ཚང་གི་གཉེར་པ་ཤེས་རབ་དཔལ་ལྡན་མཆོག་གིས་དབུ་འཛིན་གྱི་གཏམ་སྤེལ་གནང་བ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཀུན་གསལ་ཟླ་བ་ལགས་ཀྱིས་གོ་སྒྲིག་ཚོགས་པའི་བྱུང་རིམ་དང་མཐའ་མའི་སྡོམ་རྩིས་བཅས་གསུངས།

14890371_1818561081754590_1483582385850038600_o14900621_1818393255104706_6923329212545182371_n14917044_1818584741752224_4998188432826520416_o

     དེ་རྗེས་ས་གནས་ཉིན་སློབ་དང་། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་། ཝཱ་ཎ་མཐོ་སློབ། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་དང་ཕྱོགས་མཐའ་ནས་ཕེབས་པའི་མགྲོན་པོ་འགས་༧སྐྱབས་རྗེ་མཁན་སློབ་རྣམ་པའི་ཕྱི་ནང་གསང་གསུམ་གྱི་མཛད་རྗེས་ལ་བསྔགས་པའི་གཞས་དང་། ཞབས་བྲོ། སྙན་ངག་གྱེར་འདོན། གནའ་དེང་གཉིས་ཀྱི་གླུ་གར་སྣ་ཚོགས་སྤྱན་འབུལ་ཞུས་ཏེ་ལྷ་མི་དགྱེས་པའི་མཆོད་ཡོན་དུ་གྱུར། མཐར་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་ཀྱིས་ཐུགས་རྗེ་ལེགས་གསོལ་བཅས་མཛད་རིམ་ཆེན་མོ་རྒྱལ་ཁའི་ངང་གྲོལ་བའོ། །

དེ་བཞིན་བོད་མདོ་དབུས་ཁམས་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁུལ་དུ་བཞུགས་པའི་དད་ལྡན་བོན་འབངས་རྣམས་ཀྱིས་ཀྱང་ཉིན་གཅིག་ཚེས་གཅིག་ཏུ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདོན་པ་དང་། བསང་གསོལ་རླུང་རྟ་གཏོང་བ། ཚེ་སྒྲུབ་བསྙེན་པ་གསོག་པ་སོགས་ནུས་པ་གང་ཡོད་ཀྱིས་གནང་བཞིན་མཆིས། 

འདྲ་པར་འགའ་གཡུང་དྲུང་བོན་གྱི་དྲ་རྒྱ་དང་དྲ་ལམ་ཁག་གཞན་ནས་ཀྱང་བཏུས་ཡོད་པའི་གསལ་བཤད་དུ།

/

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *