ནམ་མཁའ་འདི། རང་ཉིད་གཅིག་པུར་དབང་ན་ཅི་མ་རུང་།

རྩོམ་ཡིག་འདི་ཐེངས། 292 བཀླགས་འདུག

dandelions-under-bright-blue-sky

གཅིག༽

ང་ནི། མཐོ་སྒང་གི་གངས་རི་ཞིག་ཡིན།

ངའི་དབུ་རྩེ་དང་། ངའི་མངའ་ཐང་།

ནམ་མཁའ་དང་འདྲེས་པ་ནས་བཟུང་།

རྟག་བརྟན་གྱི་ནམ་མཁའི་ཁམས་དེ།

ངའི་དབུ་རྩེ་དང་། ངའི་མངའ་ཐང་ཡིན།

དེ་དུས་ང་ལ་ནམ་མཁའ་ཡོད་ཅིང་།

ནམ་མཁའ་ནི། ངའི་ཁྱོན་ཡངས་པའི་འཇིག་རྟེན་དེ་ཡིན།

གཉིས།༽

ང་ནི། མཐོ་སྒང་གི་གཙང་པོ་ཞིག་ཡིན།

ངའི་བཞུར་རྒྱུན་དང་། ངའིསྟོབས་ཤུགས།

ནམ་མཁའི་ཕྱེད་དུ་འདྲེས་པ་ནས་བཟུང་།

འགྱུར་ཟིན་པའི་ནམ་མཁའི་ཕྱེད་ཀ་དེ།

ངའི་བཞུར་རྒྱུན་དང་། ངའི་སྟོབས་ཤུགས་ཡིན།

དེ་དུས། ང་ལ་ནམ་མཁའི་ཕྱེད་ཀ་ཡོད་པས།

ནམ་མཁའི་ཕྱེད་ཀ་འདི། ངའི་བཞུར་རྒྱུན་གྱི་འཇིག་རྟེན་ཡིན།

གསུམ།༽

ང་ནི། མཐོ་སྒང་གི་ཟིལ་བ་ཞིག་ཡིན།

ངའི་རང་མདངས་དང་། ངའི་དྭངས་གཙང་།

མྱ་ངན་གྱི་བྱེ་ཐང་ལ་འཐོར་བ་ནས་བཟུང་།

ང་ལ་ནམ་མཁའ་མེད་པ་གཞི་ནས་ཚོར།

ནམ་མཁའ་མེད་པའི་ལོ་ཟླའི་ཁྲོད་ནས།

རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་ལ་རེ་ཞིང་སྒུག

དོན་ངོ་མ།  ནམ་མཁའ་འདི། རང་ཉིད་གཅིག་པུར་དབང་ན་ཅི་མ་རུང་།

                2016.8.15 ཉིན་རེབ་གོང་ནས་བྲིས།

pastedGraphic.pdf

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *