ལྷ་ལྡན་ཇོ་བོའི་སྐོར་གྱི་དྲིས་ལན།

རྩོམ་ཡིག་འདི་ཐེངས། 1504 བཀླགས་འདུག

w020150507612398654684

དྲི་བ།

  ཇོ་བོ་ཤཱཀྱའི་སྐུ་དེ་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐུ་ཞིག་ཡིན་པ་གསུང་གི་འདུག་པས།  ལུང་དེ་བོན་གྱི་ཡིག་ཆ་གང་ལས་གསལ་ཡོད་པ་རེད་ལགས།   འདྲི་མཁན་འཛམ་ཐང་ངེས་དོན་ཡིན།

དྲིས་ལན།

དྲི་བ་འདི་ཡང་དང་བསྐྱར་དུ་ཐེངས་བརྒྱ་ཕྲག་མང་པོར་འདྲི་མཁན་བྱུང་ཡོད། གང་ལྟར་འདྲི་བ་པོ་རྣམས་ཀྱི་བསམ་ཕྱོགས་དང་དམིགས་ཡུལ་སྣ་ཚོགས་པ་ཡིན་ནའང་། རང་ངོས་ནས་ལན་དོན་མཐུན་ཕྱོགས་སུ་མ་ལྷུང་པ་ཞིག་འདེབས་པར་འབད་བརྩོན་ཞུས་ཡོད། ཡིན་ནའང་དྲིས་ལན་འདི་ངའི་སྒེར་གྱི་བསམ་ཚུལ་ཡིན་པས་ཀུན་ལ་མཐུན་པའི་ངེས་པ་མེད་པ་དང་། མ་མཐུན་པ་དེ་ཚོ་ཁྱེར་ནས་ཆོས་བརྒྱུད་ཁག་གི་བར་དང་གང་ཟག་སྒེར་པའི་བར་ལ་འགལ་རྐྱེན་བཟོ་མཁན་བྱུང་ན་བཟོ་པ་པོའི་སྐྱོན་དུ་ངོས་གཟུང་དགོས་པ་ཤེས་པར་བྱའོ།།

དེ་ལ་གཡུང་དྲུང་བོན་རྣམས་ཀྱི་ལུགས་ལྟར་ན།  ཕྱི་ལོ་༩༨༠ལོར་ཟར་གྱི་སྟག་སྣ་ནས་བོན་གྱི་གཏེར་སྟོན་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་གཏེར་ནས་བཞེས་པར་གྲགས་པའི་བོན་གྱི<བྱམས་མའི་གཟུང་སྒྲུབ>ཅེས་པའི་ཡིག་ཆ་ལས་རྒྱ་ཡུལ་ནས་རྒྱ་ཟ་ཀོང་ཇོ་བླངས། རྒྱ་ནག་གི་ལྷ་གཤེན་རབ་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་སྤྱན་དྲངས། ར་མོ་ཆེ་ལྷ་ཁང་བཞེངས་ཞེས་འབྱུང་བ་ནི་ལུང་སྔ་ཤོས་ལ་དཔྱད་གཞིར་རུང་པ་ཙམ་དང་། དེ་ལ་ཡ་མཚར་པ་མེད་དེ་དམིགས་བསལ་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བན་བོན་སྟོན་པ་ངོ་བོ་གཅིག་ཏུ་སྒྲུབ་པ་ལྟར་དུ་རང་རང་མོས་པའི་ངོར་འདི་ལྟར་གཟུང་བར་བྱས་ཀྱང་འགལ་བ་མེད་སྙམ་ཞིང་། དུས་སྙིགས་གནད་འགག་ཅན་འདིར་ང་ཚོས་འགན་འཁྲི་ནི་རིས་ཅན་རིས་མེད་དུ་གཏོང་པ་ལས་རིས་མེད་རིས་ཅན་དུ་གཏོང་པ་མིན་པའི་ཕྱོགས་དེར་བློ་དང་ལྡན་པ་ཀུན་གྱིས་ཧ་ཅང་གཟབ་པར་རིགས་སོ།།

དེ་ལས་འཕྲོས་ཏེ་རྒྱ་བཟའ་ཀོང་ཇོས་བོད་བཙན་པོར་ལེགས་སྐྱེས་སུ་ཕུལ་པའི་ཇོ་བོ་ཤཱཀྱ་མུ་ནེ་ཡི་སྐུ་དེར་ཁུངས་དངོས་ཅུང་ཟད་འགོད་པ་ལ། ཕྱི་ལོ༡༤༣༥ལོར་སྟག་ཚང་བླ་བྲང་གི་དཔོན་ཡིག་དཔལ་འབྱོར་བཟང་པོས་མཛད་པའི<རྒྱ་བོད་ཡིག་ཚང་ཆེན་མོ>ན་ཛམ་བྷ་ལྷ་ཏྭན་ཤྲཱི་མགོན་གྱིས་བསྒྱུར་པའི་རྒྱའི་ཡིག་ཚང<ཏའི་དབེན་ཐོང་ཇིའི་དེབ་ཐེར>གྱི་དོན་བཀོད་པ་རུ་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེ་དམག་བཏང་ནས་རྒྱ་ནག་གི་ཡུལ་དུ་གདན་དྲངས་ཚུལ་འཁོད་ཡོད་པ་ནི་ཡིད་རྟོན་རུང་པའི་ལུང་དུ་ངེས་པ་དང་། དེ་བཞིན་རང་རེའི་བཀའ་ཆེམས་ཀ་ཁོལ་མར་ཡང་གོང་གི་ལུང་དོན་དེ་དེ་བཞིན་འབྱུང་པས་རྒྱ་བོད་གཉིས་ཀྱི་ཡིག་ཚང་ཕན་ཚུན་ངོ་འཕྲོད་པ་དང་། ཚུལ་འདི་ལས་མཉམ་མེད་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་བློ་ལྡན་རྒྱ་ནག་ལ་གདན་དྲངས་པ་ཁུངས་བཙུན་ཡིན་པ་ཧ་ཅང་གསལ་པོར་ཤེས་ནུས་པ་དང་། དིང་སང་མ་བརྟག་པ་མང་པོ་ཞིག་ངོར་ཇོ་བོའི་སྐུ་འདིའི་གནས་ཚུལ་རྒྱ་ནག་ཡིག་ཚང་གི་ནང་དུ་མི་གསལ་ཟེར་པ་ནི་ཧ་ཅང་མི་བདེན་པའི་གཡམ་རྒྱུགས་པ་ཙམ་དུ་ཡིན་པ་ཤེས་པར་བྱའོ།།

དེ་ནས་རྒྱ་ནག་ནས་བོད་དུ་ཇི་ལྟར་གདན་དྲངས་ཚུལ་ནི། བོད་ཀྱི་ཡིག་ཚང་བརྒྱ་ཕྲག་མང་པོར་གསལ་མོད་སྐབས་སུ་སྟག་ཚང་ལོ་ཙཱ་བའི་རང་རྣམ་ན་ལུང་གིས་ཟིན་པའི་དཔོན་ཡིག་དཔལ་འབྱོར་བཟང་པོའི<རྒྱལ་རབས་གོང་མའི་ལེགས་བཤད་རྣམ་དབྱེ་ཡིད་འཛིན་ལྟ་བདེ་གོ་གསལ་རྒྱ་བོད་ཡིག་ཚངས་མཁས་པ་དགའ་བྱེད་ཀྱི་མཆོད་བརྗོད་བཞུགས>ན་ཁོང་རྣམས་རྒྱའི་བཀྲ་ཤིས་ཁྲི་སྒོར་སླེབས། ཐང་ཐའི་ཛུང་གི་རྒྱལ་པོར་ཞུས་པས། དེའི་སྲས་མོ་ཀོང་ཇོ་རྫོངས་བ་བསམ་གྱིས་མི་ཁྱབ་པ། ཡི་དམ་གྱི་ལྷ་ཤཱཀྱ་ཐུབ་པ། གབ་རྩེ་སོགས་གཡོག་ཕོ་མོ་མང་པོ་དང་བཅས་པ་གནང་བོད་དུ་ཕེབས་ཅེས་འབྱུང་པ་ནི་ཧ་ཅང་ཡིད་རྟོན་རུང་པའི་གཏམ་ཡིན་པ་དང་། དེ་བཞིན་བོད་ཀྱི་ཡི་གེ་ཁུངས་བཙུན་པ་མང་པོར་དབྱངས་གཅིག་མགྲིན་གཅིག་གིས་དེ་དེ་བཞིན་དུ་གསུངས་པ་ལ་ཁོ་བོ་ཡིད་ཆེས་ཏེ། བོད་རང་གི་ཡི་གེ་ལས་བྱུང་པའི་ལུང་ཡང་དག་རྣམས་བཞག་ནས་མི་རིགས་གཞན་པ་ཞིག་གི་ཡིག་ཚང་ལ་སྐྱབས་བཅོལ་དགོས་པ་ནི། སོ་སོའི་རྣམ་དཔྱོད་ཀྱིས་མ་ལྡིང་པ་ཙམ་ཏེ་ང་ཚོས་རིག་གཞུང་ཉམས་ཞིབ་ཀྱི་མཛད་རིམ་ཁྲོད་ཧྲིལ་གྱིས་འདོར་པ་དང་ཧྲིལ་གྱིས་ལེན་པའི་ཚུལ་དེ་རྣམ་ཀུན་སྤངས་པར་བྱ་དགོས་སོ།།

མདོར་ན་མཉམ་མེད་ཐུབ་པའི་དབང་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་གྱི་དད་རྟེན་རིན་པོ་ཆེ་འདི་རྒྱ་གར་ནས་རྒྱ་ནག་ལ་ཇི་ལྟར་སོང་ཚུལ་དང་དེ་ནས་བོད་དུ་ཇི་ལྟར་སླེབས་ཚུལ་ལ་ལུང་རིགས་བརྒྱ་ཕྲག་དང་བཅས་ཏེ་ཧ་ཅང་མང་པོ་སྨྲ་རྒྱུ་ཡོད་མོད་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ།།

དེ་ནས་ཞོར་འཕྲོས་ཙམ་ལ་འགའ་ཞིག་གིས་ད་ལྟའི་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོའི་སྐུ་དབྱིབས་དང་གཙུག་ཏོར་སོགས་ལ་དཔྱད་ནས་མུ་སྟེགས་གཅེར་བུའི་སྐུ་སོགས་དང་འདྲ་བར་དཔྱད་པའི་རྣམ་རྟོག་དེ་ནི་རྣམ་རྟོག་ཙམ་དུ་ངོས་གཟུང་བར་བྱས་ཆོག་ལ། བཅོམ་ལྡན་འདས་རལ་གྲིས་འདུས་བྱས་རྟག་པ་མེད་པའི་ཕྱིར། སྔོན་བཞིན་ད་ལྟར་གནས་པ་མེད་ཅེས་གསུངས་པ་བཞིན་ལྷ་ལྡན་ཇོ་ཤཱཀྱ་རྣམ་གཉིས་ཀྱི་སྐུ་དེ་ལ་དུས་འགྱུར་གྱི་ཉམས་ཆག་ཐེངས་བཞི་ཙམ་ལ་བྱུང་པ་ལས། བོད་རྒྱལ་ཐ་མ་གླང་དར་མའི་སྐབས་སུ་བྱེ་དོང་དུ་སྦས་པ་དང་མང་ཡུལ་བསྐྱལ་པ་སོགས་དང་། དེ་ནས་དུས་རབས་བཅུ་གསུམ་པར་ལྷ་སའི་སྤྲང་པོ་རྣམས་ཀྱི་སྤྲང་ཁུག་འགེལ་ས་བྱས་ནས་ཞལ་ལ་དྲི་མག་སོགས་བསྒོས་པ་དང་། དེའི་ཕྱིས་སུ་སོག་འདྲེ་ཇུན་གར་པ་རྣམས་ཀྱིས་བོད་མིའི་དད་རྟེན་ཉག་གཅིག་ཡིན་པ་ཧ་གོ་ནས་སྐྱིད་ཆུའི་འགྲམ་དུ་ཁྱེར་ནས་འཕྲོག་རྩིས་བྱས་པ་དང་། རིག་གསར་སྐབས་སུ་ཧ་ལས་པའི་འོ་བརྒྱལ་མྱང་པ་སོགས་ཀྱི་གོ་རིམ་དྲན་པར་བྱས་ཏེ་ཇོ་བའི་སྐུ་འདྲ་དེའི་ཆ་བྱད་སོགས་ཏག་ཏག་སྔོན་བཞིན་དུ་གནས་ཐུབ་ཡོད་མིན་ལ་དཔྱད་པ་བྱས་ཆོག་པ་ཡིན། འོན་ཀྱང་བོད་རྒྱ་ཆེའི་མི་དམངས་ཀྱི་དད་པའི་ཞིང་ཁམས་ན་དེ་ལ་དོགས་པ་ཙམ་ཡང་མེད་པར་ཇོ་བོའི་སྐུ་བརྙན་དེ་ལ་བརྟེན་ནས་མཉམ་མེད་ཐུབ་པའི་དབང་པོ་ཡི་མཛད་པ་འཕྲིན་ལ་རྗེས་སུ་དྲན་པ་དང་དེ་ཉིད་རང་གི་ཚེ་སྔ་ཕྱིའི་སྐྱབས་གནས་སུ་སྒོམ་པའི་དད་པ་བརྟན་པོ་དེ་ཞིབ་འཇུག་པ་དང་ཚན་རིག་པ་འགས་དཔྱད་པ་ཡིན་ཁུལ་གྱིས་འགྱུར་པ་གཏོང་ཐུབ་པ་ཞིག་མ་ཡིན་པས་དེ་དེ་བཞིན་དུ་བཞག་པར་རིགས་སོ།། ལན་ཧ་ཅང་མདོར་བསྡུས་ཙམ་ནི་དེ་ལྟར་རོ།།

བན་ཤུལ་དཔལ་མཁར་རྒྱལ་གྱིས།

ཕྱི་ལོ༢༠༡༦/༩/༡༢/ལ་དབུས་འགྱུར་ལྷ་སར་བྲིས་པ་དགེའོ།།

 

 

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *