ཏུན་ཧོང་ཡིག་རྙིང་ནང་གི་སྟོན་པ་གཤེན་རབ་མྱི་བོའི་སྐོར་གྱི་ཉམས་ཞིབ།

རྩོམ་ཡིག་འདི་ཐེངས། 10347 བཀླགས་འདུག

IMG_9695

༼ ནང་དོན་གནས་བསྡུས། འདི་ནི་ཉི་ཧོང་ནས་ཐོན་པའི་ཏུན་ཧོང་ཡིག་རྙིང་ལས་གསལ་བའི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐོར་བརྗོད་པའི་དཔྱད་བརྗོད་ཅིག་ཡིན་ལ། དཔྱད་བརྗོད་འདིའི་ནང་དུ་ཡིག་རྙིང་དེ་ལས་གསལ་བའི་མི་སྣ་གཞན་དང་གཤེན་རབ་ཀྱི་མཛད་པ་དག་ལ་གོ་བསྡུར་ཏེ་གཤེན་རབ་མི་བོ་མཆོག་བོད་ཀྱི་ལོ་རྒྱུས་སམ་ལྷག་པར་དུ་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་གལ་ཆེན་ཞིག་ཡིན་པའི་སྐོར་གླེང་བའི་དཔྱད་བརྗོད་ཅིག་ཡིན། ༽

༼བརྡ་ཆད་གཙོ་བོ། གཤེན་རབ་མྱི་བོ། རྒྱལ་ཕྲན་སིལ་མའི་དུས་རབས། འོལ་ཕུ་དགའ་དང་།༽

གཅིག ཏུན་ཧོང་ཡིག་རྙིང་ནང་གི་གཤེན་རབ་མི་བོ་ཡང་སྙིང་ག་འདྲ་ཞིག་ཡིན་པ།

 

ཏུན་ཧོང་བོད་ཀྱི་ཡིག་རྙིང་དག་ལས་བོན་དང་འབྲེལ་བའི་ཡིག་རྙིང་རྣམས་ནི་ཏུན་ཧོང་བོད་ཡིག་གི་ལོ་རྒྱུས་ལས་ཆེས་སྔ་དར་དེ་ཡིན་པར་ང་ཚོས་རིགས་འདེད་བྱེད་བཞིན་ཡོད། དེ་ཡང་བོན་དང་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་གནས་བབ་སོགས་ལ་བལྟས་ཏེ་གླེང་བ་ཙམ་མ་ཡིན་པར་བོན་དང་འབྲེལ་བའི་ཡིག་ཆ་མང་པོ་ཞིག་ཏུན་ཧོང་ནས་ཐོན་པའི་ཡི་གེ་གཞན་དང་བསྡུར་ན་བརྡ་ཆད་ཆེས་རྙིང་བ་ལས་གཞན་བརྗོད་སྟངས་དང་སྒྲིག་རིམ་སོགས་ལ་གཞན་བསྡུར་གྱི་རྙིང་བའི་ཁྱད་ཆོས་ཡོད་པའི་སྟེང་ནས་གསེད་ཤད་བྱས་ཏེ་གླེང་བ་ཡིན། ཏུན་ཧོང་ཡིག་རྙིང་ནས་གཤེན་རབ་མྱི་བོའི་སྐོར་ལ་ད་སྔ་ཞིབ་འཇུག་ཅུང་ཟད་གཏོང་བ་པོ་སེ་ཏན་དང་མཁར་རྨེའུ་བསམ་གཏན་གཉིས་ཡིན་ལ། དེ་གཉིས་ཀྱིས་ཞིབ་འཇུག་ཁ་ཚ་མོ་ཞིག་བྱས་མེད་པའི་སྐོར་ཡང་ང་ཚོས་གླེང་བཞིན་ཡོད། སྐབས་འདིར་ངས་ཞིབ་འཇུག་གཏོང་ཡུལ་གྱི་ཡིག་རྙིང་ཡིན་ན་ཉི་ཧོང་ནས་ཐོན་པའི་གཤེན་རབ་མྱི་བོ་ཆེའི་སྐོར་ཡིན་ལ། བདག་གི་ལག་ཏུ་ཡོད་པའི་ཏུན་ཧོང་མ་དེའི་ནང་དུ་གཤེན་རབ་མྱི་བོ་ཆེའི་མཚན་དགུ་ཙམ་ཐོན་ཡོད[༡]། ང་ཚོས་མཚན་དགུ་བོ་ཞིབ་ཀློག་བརྒྱུད་ཡིག་རྙིང་དེ་དག་ལས་གཤེན་རབ་མྱི་བོ་ཆེ་ནི་སྲིད་པའི་བོན་པོ་དག་ལས་གཙོ་བོར་གྱུར་པའི་མི་བོ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་རྟོགས་བཞིན་ཡོད། དེའི་རྒྱུ་མཚན་གཅིག་ནི་ཁོང་གི་མཚན་ཐོག་ཏུ་ཕ་གཤེན་རབ་ཅེས་ཕ་ཞེས་པའི་ཡིག་འབྲུ་འདི་ཡང་ཡང་སྦྱར་བས་ཤེས། དེའི་ཤེས་བྱེད་ནི་ཕ་ན་ཡབ་དང་རྗེ་བོ་གཙོ་བོ་ཡི་དོན་ལ་མཇུག་པར་བོད་ཀྱི་ཡིག་ཚང་གཞན་དང་གཞན་བཀླགས་ཏེ་ཡོང་ན་རྟོགས་པས་སོ།།

ཏུན་ཧོང་ཡིག་རྙིང་གི་རབས་གཅིག་ཏུ་ཡུལ་སྐྱི་རོ་ལྗང་སྔོན་བྱ་བ་ནས་སྐྱི་རྗེ་རྨང་པོ་དང་སྒྱེ་བདག་གི་བཙུན་མོ་སྲོ་སོ་མོ་གཉིས་བཤོས་པ་ལ་གནམ་གྱི་སྲས་ཤིག་ལ་མྱིང་པོ་དྲལ་པོ་སྐྱི་པྱུག་གི་ལྗོན་པ་དང་། སྲིང་མོ་ལྕམ་མོ་སྐྱི་ནམ་ཉག་གཅིག་མ་གཉིས་བཞུགས་པ་ལ། མ་གཞོན་ནས་གྲོངས་པས་མྱིང་པོས་ཕ་གཤེན་རབ་མྱི་བོ་དང་དུར་གཤེན་རྨ་ད་དང་གཤེན་ཚ་ལུང་སྒྲ་གསུམ་མཆོད་གནས་སུ་གདན་དྲངས་ཏེ། མོ་དང་དཔྱད་བགྱིས་ནས་ན་བ་སོས་པའི་ཕན་བདེ་དང་ཤི་བ་ཐར་བའི་ལས་མཛད་པའི་གཏམ་རྒྱུད་ཁ་ཤས་མཆིས་ཤིང་གཏམ་རྒྱུད་དེ་དག་ཡང་གཤེན་རབ་ཀྱི་མཛད་མདོ་གཞན་དང་བོན་གྱི་ཆོ་ག་གཞན་ནས་མཐོང་བའི་ཆོ་གའི་སྨྲེང་རབས་དག་དང་འདྲ་བོ་རེད། དཔེར་ན་གཤེན་རབ་ཀྱི་བཀའ་རུ་གཏོགས་པའི་ཆོ་ག་རྣམས་ང་ཚོས་བཀླགས་ཏེ་ཡོང་ན་ཆོ་ག་མཐའ་དག་གི་འབྱུང་ཁུངས་ནི་སྟོན་པ་གཤེན་རབ་མི་བོས་སྐྱེས་བུ་སྒེར་རེ་རེའི་སྟེང་ནས་དབུ་བཟུང་སྟེ་ད་གཟོད་ཆོ་གའི་ཕྱག་ལེན་ཆ་ཚང་ཅན་དུ་གྱུར་བའི་གོ་རིམ་གྲུབ་ཡོད་པ་ཞིག་ཡིན་པས། འདིར་ཏུན་ཧོང་ཡིག་རྙིང་གི་བརྗོད་དོན་དང་བརྗོད་དོན་ནང་གི་འཕྲིན་ལས་ལ་ང་ཚོས་དེ་ལུགས་བཞིན་གོ་བ་བླངས་ན་གོ་བ་འཚམས་པོ་ཞིག་ང་ཚོས་རྙེད་ཐུབ་ཀྱིན་ཡོད[༢]། དེ་ཡང་གོང་དུ་ཡུལ་སྐྱི་རོ་ལྗང་སྔོན་དང་སྐྱིད་རྗེ་རྨང་པོ་སོགས་ནི་ང་ཚོས་ཏུན་ཧོང་ཡིག་རྙིང་ནང་དུ་གསལ་བའི་མཁར་ཆུང་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་ཡུལ་གཅིག་དང་རྒྱལ་པོ་གཅིག་གི་མིང་ཡིན་པར་གསལ[༣]བོ་ཤེས་ཡོད་ལ་དེའི་སྐོར་གཤམ་དུ་བརྗོད་རྒྱུ་ཡིན། ད་དུང་ཡུལ་འོལ་བུ་དགའ་དང་གི་འོལ་རྗེ་ཟིན་བྲང་དང་། དེ་བཞིན་ཡུལ་རྐོང་ཡུལ་བྲེ་སྣ་ཡི་རྐོང་རྗེ་དཀར་པོ་སོགས་ཡང་མཁར་ཆུང་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་རྒྱལ་པོ་དག་དང་འབྲེལ་བའི་གཏམ་རྒྱུད་ཀྱི་ཆ་ཧ་ཅང་མང་པོ་ཡོད།

ཏུན་ཧོང་ཡིག་རྙིང་གི་བཤོས་ཀྱི་རབས་ཞེས་པ་ང་ཚོས་བཀླགས་ཏེ་སོང་ན་གཤེན་རབ་མྱི་བོ་ཆེའི་མཛད་འཕྲིན་གྱི་སྣེ་ཞིག་ང་ཚོས་མཐོང་ཐུབ། དེ་ཡང་ང་ཚོས་དེའི་སྐོར་གྱི་ཚིག་བཤད་ཐུང་ངུ་ཞིག་ལས་རྟོགས་པར་བྱས་ན”ཕ་ཕ་སེ་གཤེགས་ན་གཤེན་རབས་མྱི་བོ་ཕ་སེ་གཤེགས། གཤང་དྲིལ་ཆེན་ན་ཕྱག་མ་གཡོན་ན་སྣམས། གཤོག་ཐེ་ར་ཐེར་བུ་ནྀ་ཕྱག་མ་གཡས་ན་སྣམས། ཤྀ་ནི་བདུར་རླག་ནི་ཚོལ། མྱྀ་གཤྀན་ནི་གཤེན་གྱིས་སདོ(སད་དོ)”[༤]ཞེས་ཚིག་བཤད་ཐུང་ངུ་འདིའི་ནང་ནས་ང་ཚོས་རྟོགས་ཐུབ་པ་ནི་མིའི་གཤིན་པོ་གཤེན་གྱིས་སད་དུ་བཅུགས་པའི་ནང་དོན་ཏེ། འདིར་དྲངས་པའི”སད”ཅེས་པའི་དོན་ནི་གཤིན་པོའི་རྣམ་ཤེས་སད་པར་བྱ་བའི་དོན་ཏེ་རྨོངས་པའི་འཁྲུལ་བ་ལས་སད་དུ་བཅུགས་པའི་དོན་དུ་གོ་བར་ང་ཚོས་བརྗོད་ཐུབ། སྤྱིར་ན་བཀས་བཅད་ཀྱི་ལས་སུ་མ་ཞུགས་པའི་གནའ་བོའི་ཡིག་རྙིང་དག་ལ་ང་ཚོས་གོ་བ་ལེན་སྐབས་ཚིག་གོང་འོག་གི་བར་ཐག་ངེས་ཅན་ཞིག་ནས་བཏོན་ཏེ་ཞིབ་འཇུག་བྱ་དགོས་པ་ལས་ཤད་བར་གཅིག་གཉིས་ཤིག་གི་ངོ་གདོང་ལ་བལྟས་ཏེ་གོ་བ་བླངས་ན་གོ་བ་ནོར་འཆུག་ཏུ་འགྲོ་ངེས། དེའི་རྒྱུ་མཚན་ནི་སྐད་གསར་བཅད་ཀྱི་ལས་སུ་མ་ཞུགས་པའི་ཡིག་རྙིང་དག་ལ་ཡི་གེའི་སྒྲིག་རིམ་དང་ཐོབ་ཐང་གི་བརྡ་དག་སོགས་ཤིན་ཏུ་མེད་པར་ཕལ་ཆེར་འབྲི་བ་པོའི་ལག་ལ་ཅི་ཡོང་བྱས་ཏེ་བྲིས་པ་ལྟ་བུ་ཡིན་པས་ང་ཚོས་སྤྱི་ཁོག་ནས་གོ་བ་བླངས་ཏེ་ཡོང་ན་ད་གཟོད་རྟོགས་རྒྱུ་ཞིག་ཡོད།

གཉིས། ཏུན་ཧོང་ཡིག་རྙིང་ལས་གསལ་བའི་སྟོན་པ་གཤེན་རབ་དང་མི་སྣ་གཞན་དག་སྐོར་གླེང་བ། 

བདག་གི་དཔྱད་བརྗོད་དེ<<མཁར་ཆུང་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་ཡབ་རྒྱལ་པོ་ཐོད་དཀར་སྐོར་ལ་གསར་དུ་དཔྱད་པ>>དང<<ཕྱྭ་རྗེ་ཡབ་བླ་བདལ་དྲུག་གིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ཐོག་གོ་གནས་ཇི་ལྟ་བུ་ཞིག་ཟིན་ཡོད་མེད་སྐོར་ལ་གསར་དུ་དཔྱད་པ>>ཞེས་པའི་དཔྱད་བརྗོད་གཉིས་སྔོན་དུ་ཀློག་མྱོང་མཁན་ཞིག་ཡིན་ན་བདག་གིས་སྐབས་འདིར་བརྗོད་པའི་དཔྱད་བྱ་ལ་གོ་བ་དེ་ལས་ལྷག་ཅིག་རྙེད་པར་ཡིད་ཆེས་ཡོད། དེའི་རྒྱུ་མཚན་ནི་ངས་འདིར་བརྗོད་པའི་མི་སྣ་གཞན་དག་ཅེས་པའི་གཞན་དག་དང་འབྲེལ་བ་ཧ་ཅང་ཡོད་པས་ཡིན། ང་ཚོས་གོང་གསལ་ལེ་ཚན་དུ་བཀོད་པ་བཞིན་འོལ་རྗེ་ཟིན་བྲང་དང་སྐྱི་རྗེ་རྨང་པོ་དང་རྐོང་རྗེ་དཀར་པོ་གསུམ་ནི་སྐབས་འདིར་ང་ཚོས་ཤེས་དགོས་པ་ལས་གཞན་མགོན་བཙུན་ཕྱ་ཞེས་པའི་ལྷ་དེ་དང་རྒྱ་བོན་ལེགས་ཏང་རྨང་བོ་སོགས་ཡང་ཤེས་དགོས་པའི་མི་སྣ་ཡིན། དེ་ཡང་འདིར་བརྗོད་པའི་རྗེ་བོ་གསུམ་ནི་ཏུན་ཧོང་ཡིག་རྙིང་ནང་ནས་ང་ཚོས་རྙེད་པ་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་དབུ་མ་ཟུག་གོང་གི་མཁར་ཆུང་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་རྒྱལ་པོ་རེ་ཡིན་པར་གོང་དུ་ཞུས་ཟིན་ལ། དེ་ལས་གཞན་མཁར་ཆུང་རྒྱལ་ཕྲན་གྱི་དུས་རབས་སུ་རྒྱལ་པོན་ཐོད་དཀར་བྱ་བ་ཞིག་བྱུང་ཡོད་པར་ངས<<ཤེལ་བྲག་བོན་གཏེར>>ལ་གཞིར་བཅོལ་ཏེ་དཔྱད་བརྗོད་སྤེལ་ཡོད་ལ། [༥]<<ཤེལ་བྲག་བོན་གཏེར>>དུ་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་རྒྱལ་པོ་ལ་རྒྱལ་པོན་ཐོད་དཀར་མ་གཏོགས་གཞན་གང་ཡང་བུད་མེད། དེའི་རྒྱུ་མཚན་གྱིས་རྒྱལ་པོན་ཐོད་དཀར་ནི་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་རྒྱལ་པོ་ཆེན་པོ་དེ་ཡིན་པའང་གཞིག་ཏུ་ཡོད་པར་མ་ཟད་རྒྱལ་གྱི་གོང་གི་བོན་གཤེན་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པར་གཞུང་དེའི་ནང་དུ་དངོས་སུ་གསལ། སྤྱིར་ན་རྒྱལ་པོན་ཐོད་དཀར་བྱ་བ་ནི་སྟོན་པ་གཤེན་རབ་ཀྱི་ཡབ་ཡིན་པར་ཡོངས་གྲགས་ཡིན་པར་མ་ཟད་ཡབ་སྲས་གཉིས་ན་རྒྱལ་པོ་དང་སྐུ་གཤེན་གྱི་འབྲེལ་བའང་ཆགས་ཡོད། དེ་ཡང་གནའ་བོའི་དུས་སུ་ཡོད་ངེས་པ་སྟེ་དཔེར་ན་གནོད་སྦྱིན་ནག་པོའི་དུས་སུ་ཕ་བདུད་གཤེན་འབྱམས་པ་དང་བུ་བདུད་བོན་ཁ་སྟ་གཉིས་ལ་ཡང་དེ་ལྟ་བུའི་འབྲེལ་བ་ཆགས་ཡོད་པའི་སྐོར་ང་ཚོས་བོན་གྱི་ཡིག་ཆ་རྙིང་མའི་རིགས་བཀླགས་ཏེ་ཡོང་ན་ཤེས་ཐུབ། ཡང་སྐབས་རེར”ཐོད་དཀར”ཞེས་པ་ནི་སྒྲུབ་གཤེན་གྱི་རིགས་གཅིག་ལ་གོ་བའི་ཟོར་ཞིག་ཏུན་ཧོང་ཡིག་རྙིང་ལས་རྟོགས་ངེས་ཀྱང་དེའི་སྐོར་བདག་གི་དཔྱད་བརྗོད་གཞན་དུ་ཏུན་ཧོང་ཡིག་རྙིང་དུ་རྒྱལ་ཕྲན་སིལ་མའི་དུས་ཀྱི་རྩང་རྗེ་ཐོད་དཀར་ལ་གཞིགས་ཏེ་བརྗོད་ཡོད[༦] གཞན་གོང་དུ་བརྗོད་པའི་མགོན་བཙུན་ཕྱ་ལ”མགོན་ཚུན་ཕྱྭ”དང་མགོན་ཚུན་པྱ””མགོན་ཚུན”ཞེས་འབྲི་སྟངས་མི་འདྲ་བའི་རིགས་མང་པོ་ཡོད་པའི་མགོན་བཙུན་ཕྱ་སྟེ་ཕྱ་རྗེ་ཡབ་བླ་བདལ་དྲུག་ནི་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་ཡབ་མེས་ཡིན་པར་བཙན་པོའི་སྐབས་ཀྱི་བཀའ་བཙུགས་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་སོགས་ལས་ཧ་ཅང་གསལ་བར་མ་ཟད་འབྲི་རྒྱུན་དང་བཤད་རྒྱུན་དེ་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་བར་དུ་བསྐྱངས་ནས་ཡོང་བ་ཡིན་པར་ང་ཚོས་བརྗོད་ཐུབ། དེ་ཡང་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་ནས་ཉང་རལ་སོགས་མི་མང་པོ་ཞིག་རང་གི་གྲུབ་མཐའ་ལ་ཞེན་ཏེ་ལོ་རྒྱུས་དེ་བོན་གྱི་བསྒྲགས་པ་བོན་ལུགས་ཀྱི་ལྟ་བ་ཡིན་པར་བསྙད་ནས་གཉའ་ཁྲི་བཙན་པོ་རྒྱ་གར་ཤཱཀྱའི་རིགས་ཡིན་པར་བཟོས་པ་ནས། བོད་ཀྱི་ཐོག་མའི་བཙན་པོའི་འབྱུང་ཁུངས་ཕྱ་རྗེ་ཡབ་བླ་བདལ་དྲུག་ལ་བུ་ཚ་བདུན་ཡོད་པའི་བར་བ་སྟེ་ཁྲི་བར་བདུན་སད་ཀྱི་སྲས་ཡིན་པར་བརྣོག་ཅི་ཐུབ་དགོས་བཤད་རྒྱུན་སྣ་ཚོགས་བྱུང་བ་ཞིག་རེད། དེའི་སྐོར་ཞིག་བདག་གི་དཔྱད་བརྗོད<<སྲིད་པ་ལྷ་གྱེས་ཅན་གྱི་རབས་བཤད་སྔོན་པོ>>བྱ་བ་ན་ཡང་དག་པ་ཞིག་བྲིས་ཡོད་པས་དེ་རུ་གཟིགས་པར་ཞུ། འདིར་བརྗོད་པའི་ཕྱ་རྗེ་ཡབ་བླ་བདལ་དྲུག་ནི་སྟོན་པ་གཤེན་རབ་དང་དུས་མཉམ་པའི་ཕྱ་ཡི་རྗེ་བོ་ཞིག་ཡིན་པའི་སྐོར་བདག་གི་དཔྱད་བརྗོད<<སྲིད་པའི་རབས་བཤད>>དུ་གསལ[༧]ཡང་། ཡང་བསྐྱར་བརྗོད་འདོད་པ་ནི་ང་ཚོས<<གཏམ་ཤུལ་དགའ་ཐང་གི་བོན་དཔེ་གདམས་བསྒྲིགས>>ལ་བལྟས་ཏེ་ཡོང་ན་སྟོན་པ་གཤེན་རབ་དང་ཕྱ་རྗེ་ཡབ་བླ་བདལ་དྲུག་དང་སྟོན་པ་གཤེན་རབ་མི་བོ་ཆེའི་སྐོར་གྱི་སྨྲེང་རབས་ཧ་ཅང་མང་བར་མ་ཟད། དེ་གཉིས་ལ་ཡོན་བདག་དང་བླ་མཆོད་ཀྱི་འབྲེལ་བ་གྲུབ་ཡོད་པའང་ཤིན་ཏུ་གསལ། འདི་ནས་དཔེ་མཚོན་ཞིག<<བྱོལ་རབས>>བྱ་བའི་ནང་ནས་དྲངས་ན”གཤེན་རབ་མྱི་བོ་འིས་ཕྱག་རྒྱ་འོལ་གྱིས་བཏབ། ཤུལ་གྱི་ཁྲི་མདོར་བྱོལ་དེ་བོར། གནའ་སུ་འི་བྱོལ་ན། རྗེ་ཡབ་བླ་བདལ་དྲུག་ཀྱི་བྱོལ”[༧]ཞེས་པའི་ཚིག་བཤད་ཐུང་ངུ་འདིས་མཚོན་པར་བྱ་རྒྱུ་ཡིན་ལ། ད་དུང་ཏུན་ཧོང་ཡིག་རྙིང་དང་བཀའ་བཙུགས་སོགས་ལས་གསལ་བའི”གནམ་ལྷབ་ཀྱི་བླ”དང”གནམ་རིམ་པ་བཅུ་གསུམ”སོགས་ཏེ་ཕྱ་རྗེ་ཡབ་བླ་བདལ་དྲུག་གི་གནས་ཡུལ་སྐོར་གསལ་ཡང་འདིར་དེའི་སྐོར་མི་བརྗོད།

དེ་ལྟར་ང་ཚོས་འདིར་བརྗོད་པའི་མི་སྣ་དེ་དག་ནི་སྤུ་རྒྱལ་བཙན་པོའི་རྒྱལ་ས་དབུ་མ་ཟུག་པའི་ཡར་སྔོན་ཏེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་རབས་ཀྱི་ཡིན་པར་གོང་དུ་དྲངས་ཏེ་བརྗོད་པའི་ཡིག་རྙིང་དེ་དག་གིས་འཐུས་ལ། དེ་བསྟུན་སྟོན་པ་གཤེན་རབ་མི་བོ་ཆེ་ཡང་སྤུ་རྒྱལ་བཙན་པོའི་རྒྱལ་ས་དབུ་མ་ཟུག་པའི་ཡར་སྔོན་གྱི་བོད་ཀྱི་སྐྱེས་བུ་ཞིག་ཡིན་པར་ང་ཚོས་གོང་གསལ་གྱི་མི་སྣ་དེ་དག་ལ་གཞིགས་ཏེ་བརྗོད་ཐུབ་ཀྱིན་ཡོད། དེའི་ཕྱིར་ལོ་རྒྱུས་གང་ལ་རིགས་འདེད་དང་ཞིབ་ཀློག་མེད་པའི་མི་དག་གི་ཁ་ཡན་ལ་མགོ་འཁོར་བ་ལས་ཡིག་ཆ་མང་པོ་ཡང་ཀློག་བྱས་ཏེ་ལོ་རྒྱུས་ཡང་དག་སྨྲ་བ་ལ་གོམས་རྒྱུ་ཧ་ཅང་གལ་ཆེ། ལེགས་ཏང་རྨང་པོ་བྱ་བ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་སྟོན་པས་གསུངས་པའི་བོན་སྡེ་རྣམས་རྒྱ་ནག་གི་སྐད་དུ་བསྒྱུར་བའི་བོན་གཤེན་རྩ་ཆེན་པོ་ཞིག་ཡིན་ལ་འདིར་ཏུན་ཧོང་ཡིག་རྙིང་ནང་དུའང”བོན་པོ་རྒྱ་བོན་ལེག་ཏང་རྨང་བའི་མཆིད་ན་རེ”[༨]ཞེས་གསལ་བས་ལེགས་ཏང་ཡང་རྒྱ་བོན་ཡིན་པར་ཚིག་བཤད་ཐུང་ངུ་འདིའི་ནང་ནས་གསལ་བོ་ང་ཚོས་མཐོང་ཐུབ། དེ་བཞིན་ང་ཚོས་ཏུན་ཧོང་ཡིག་རྙིང་ནང་གི་མི་སྣ་འདིར་དྲངས་མ་དྲངས་ཚང་མ་བཀླགས་ཏེ་ཡོང་ན་གཤེན་རབ་ཀྱི་མཛད་མདོ་རྒྱས་འབྲིང་ནང་དུ་བུད་པའི་མི་སྣ་མང་དག་ནི་དུས་ཕྱིས་ཙམ་ལ་བྱུང་བ་མ་ཡིན་པའི་སྐོར་ལ་གསལ་ཁ་འབྱེད་ཡོད། དེ་ལྟར་མཁར་རྨེའུ་བསམ་གཏན་གྱིས་གཤེན་རབ་ཀྱི་འཁྲུངས་ལོ་ལ་ཡིད་དཔྱོད་བྱས་པ་དེ་ནི་ཁུངས་མེད་དཔྱོད་མེད་ཅིག་ཡིན་པའི་སྐོར་མང་ཡང་འདིར་དེའི་སྐོར་མི་བརྗོད། སྐབས་འདིར་བརྗོད་འདོད་པ་ནི”གཤེན་ལོ”ཞེས་པའང་དུས་ཕྱིས་ཀྱི་མཁས་པ་དག་གིས་གསར་བཟོ་བྱས་པ་ཞིག་མ་ཡིན་པར་དེ་ཡང་གནའ་སྔ་མོའི་དུས་ནས་བརྗོད་སྲོལ་ཡོད་པ་སྟེ་དཔེར་ན་ཏུན་ཧོང་ཡིག་རྙིང་དུ”མཆིམས་རྗེ་གཉྀ་ཟླ་ཚེའུ་ལ། མཆྀམས། གཤེན་ལོ་རབ་འབྲྀང་སྣར་སྐྱོལ་གྱིས”[༩]ཞེས་པ”གཤེན་ལོ”ཞེས་པའི་མིང་འདི་དངོས་སུ་ཐོན་ཡོད་པར་ཤེས་བྱེད་དུ་འགྲོ་ངེས།

གསུམ། གཤེན་རབ་མྱི་བོ་དང་འོལ་ཕུ་ལུང་རིངས།

ང་ཚོས་འདི་ལྟར་ཏུན་ཧོང་ཡིག་ཆའི་ནང་གི་གཤེན་རབ་མྱི་བོ་དང་འབྲེལ་བའི་ཡིག་རྙིང་དག་བཀླགས་ཏེ་ཡོང་ན་གནའ་བོའི་ཡུལ་ལུང་ཁ་ཤས་ཀྱི་མཚན་མཐོང་རྒྱུ་ཡོད་པར་མ་ཟད། ཡུལ་ལུང་དེ་དག་ཡང་ལོ་རྒྱུས་སྟེང་སྟོན་པ་གཤེན་རབ་མི་བོ་ཆེ་ཕེབས་ཏེ་བོན་གྱི་འཁོར་ལོ་བསྐོར་སའི་གནས་ཡུལ་ཁ་ཤས་ཡིན་པར་བཤད་ཐུབ་ཀྱིན་ཡོད། དཔེར་ན་མགོན་བཙུན་ཕྱ་ཡུལ་དང་། དམུ་ཡུལ། ཞང་ཞུང་སོགས་ཏེ་དེ་དག་ནི་བདག་གིས་གཤམ་དུ་བརྗོད་རྒྱུ་ཡིན་པའི་འོལ་མོ་ལུང་རིང་དང་ཁ་འབྲལ་ཐབས་མེད་ལ། དེ་མིན་ཡར་ལུང་སོག་ཁ་དང་། རྐོང་ཡུལ་བྲེ་སྣ་སོགས་ནི་གཤེན་རབ་ཀྱིས་བོན་བསྟན་སྤེལ་སའི་གནས་མཆོག་ཁྱད་འཕགས་རེ་གཉིས་ཡིན་པར་ང་ཚོས་བོན་གྱི་འབྲེལ་ཡོད་ཡིག་རྙིང་དག་བཀླགས་ཏེ་ཡོང་ན་ཤེས་ཐུབ་པ་ཞིག་རེད། སྐབས་འདིར་ངས་བརྗོད་འདོད་པ་ནི་ཏུན་ཧོང་ཡིག་རྙིང་ལས་ཡང་ཡང་མཐོང་རྒྱུ་ཡོད་པའི་འོལ་ཕུ་དགའ་དང་ཞེས་པའི་ས་ཆ་དེ་ཡིན། འདིར་བདག་གིས་འོལ་ཕུ་དགའ་དང་བྱ་བ་གླེང་སྐབས་གཏམ་ཤུལ་དགའ་ཐང་ནས་རྙེད་པའི་བོན་དཔེ་རྙིང་བ་དང་བསྡུར་ཏེ་གླེང་བ་བྱ་རྒྱུ་ཡིན། དེ་ཡང་གཏམ་ཤུལ་དགའ་ཐང་གི་བོན་དཔེའི་ནང་གི<<བྱོལ་རབས>>བྱ་བ་ལ་གཞི་བཅོལ་ཏེ་བརྗོད་རྒྱུ་ཡིན། འདིའི་སྐོར་ཞིག་བདག་གི་དཔྱད་བརྗོད་གཞན་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོ་ལ་གོ་བསྡུར་ཏེ་གླེང་ཡོད[༡༠]པས་འདིར་མང་པོ་སྤྲོས་རྒྱུ་མིན། དེ་ཡང་འདིར་བརྗོད་པའི་འོལ་ཕུ་དགའ་བྱ་བ་ནི་གོང་དུ་བརྗོད་པའི་འོལ་རྗེ་ཟིན་བྲང་གི་གནས་ཡུལ་ཡིན་པར་ཏུན་ཧོང་ཡིག་རྙིང་ལས་རྙེད་ཀྱིན་ཡོད[༡༡] ཡིན་ནའང་ཏུན་ཧོང་ཡིག་རྙིང་གཞན་དུ་འོལ་རྗེ་ཟིན་བྲང་གི་རྒྱལ་སའམ་གནས་ཡུལ་ནི་ཡུལ་འོ་ཡུལ་སྤང་གར་བྱ་བ་ཡིན་པར་བརྗོད་ཡོད[༡༢]ཡིན་ནའང་ས་ཆ་འདི་གཉིས་ལ་འགལ་བ་ཆེར་མེད་པའི་སྐོར་བདག་གི་དཔྱད་བརྗོད་གཞན[༡༣]དུ་གཟིགས་རོགས་ཞུ། དེ་ཡང་འདིར་བརྗོད་པའི་འོལ་ཕུ་དགའ་དང་བྱ་བ་གང་ཞིག་རེད་ཅེ་ན་ང་ཚོས<<གཏམ་ཤུལ་དགའ་ཐང་གི་བོན་དཔེ>>ནང་ལས་ཚིག་བཤད་ཐུང་ངུ་ཞིག་དྲངས་ན”གཤེན་རབ་མྱི་བོའི་གསེར་རྟ་དྲོ་བཞུར་ནྀ་སྒས་བསྟད་དེ། །དར་གྱི་རལ་ག་རྀང་གསོལ། །རྔ་དྀང་ཆེན་དྀང་དྲགས་རྒྱབ་ལ་ཁུར། །གཤང་ཁྲྀ་ལོ་སྐད་སྙན་མཆན་དུ་གསལ། ལྷ་བོ་དྲངས་ཡང་བྱེ་ལ་དྲོངས། འགམ་ཡང་བྱེ་ལ་འམ། བདུར་ཡང་བྱེ་ལ་བདུར། བརྒྱུགས་ཡང་བྱེ་ལ་བརྒྱུགས། །འོལ་གཡང་གང་ན། །འོལ་ཕུ་ལུང་རིངས་ན། །འོལ་ཕུག་རྒ་དང་ན། །འོལ་ཀྱི་སྤང་བཟང་ན”[༡༤]ཞེས་ཤད་བར་ཉུང་ངུ་འདིའི་ནང་དུ་གསལ་བའི་འོལ་ཕུག་རྒ་དང་བྱ་བ་ནི་འོལ་ཕུ་ལུང་རིངས་ཀྱི་གནས་བྱེ་བྲག་པ་ཞིག་གམ་འོལ་ཕུལ་ལུང་རིངས་དང་འདབས་འབྲེལ་དུ་ཡོད་པའི་གནས་ཤིག་ཡིན་པར་ང་ཚོས་བརྗོད་ཐུབ་ལ། འདིར་བརྗོད་པའི་འོལ་ཕུག་རྒ་དང་བྱ་བ་ནི་འོལ་ཕུ་དགའ་དང་ཡིན་པར་ཡིག་རྙིང་དེ་ལས་ང་ཚོས་ཤེས་ཐུབ། དེ་བཞིན་འོལ་ཕུ་ལུང་རིངས་ནི་ཡོངས་གྲགས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་སའི་འོལ་མོ་ལུང་རིང་དེ་ཡིན་པར་བསྙོན་མི་དགོས་པ་ཞིག་རེད། དེ་ལྟར་ང་ཚོས་ནི་གཞན་གྱིས་བོན་ལ་བཟུང་བའི་རྣམ་འགྱུར་ཙམ་ལ་ཁ་ཧན་ཏེ་མི་འདུག་པར་དངོས་གནས་ཀྱིས་ཡིག་ཆ་རྙིང་པའི་རིགས་བཀླགས་ཏེ་ཡོང་ན་བོན་གྱི་ལོ་རྒྱུས་དངོས་སྨྲ་བའི་ལྗགས་ཐོབ་པར་གདོན་མི་ཟའོ།། །།

མཇུག་གཏམ།

འདི་ནི་ཏུན་ཧོང་ཡིག་རྙིང་བྱེ་བྲག་པ་ཞིག་གི་ནང་དུ་མངའ་བའི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་ཡང་སྙིང་ག་འདྲ་ཞིག་ཡིན་མིན་སྐོར་ལས་འཕྲོས་ཏེ། སྟོན་པ་ཁོང་སྤུ་རྒྱལ་བཙན་པོའི་རྒྱལ་ས་དབུ་མ་ཟུག་པའི་ཡར་སྔོན་གྱི་རྒྱལ་ཕྲན་སིལ་མའི་དུས་རབས་སུ་བོད་ཀྱི་ལོ་རྒྱུས་ཐོག་འཁྲུངས་མྱོང་བའི་སྐྱེས་བུ་ཞིག་ཡིན་པར་གསལ་འདེབས་ཀྱི་དཔྱད་བརྗོད་ཅིག་གོ། །།

དཔྱད་མཆན། 

[༡]P1068,2;  P1034,2;  P1136,2; P1194,2; P1289,1

[༢]P1068,0087-P1068,0091

[༣]P1286,0010-P1286,0012

[༤]P1134,0019-P1134,0067

[༥][༦]ཀ་ཤུལ་བསོད་རིན། <<མཁར་ཆུང་རྒྱལ་ཕྲན་སིལ་མའི་དུས་ཀྱི་རྒྱལ་པོན་ཐོད་དཀར་སྐོར་ལ་གསར་དུ་དཔྱད་པ>><<གསས་མཁར>>[j]ལོ་དེབ་དང་པོར་བཀོད། 2014

[༧]པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་རྩོམ་སྒྲིག་པའི<<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས>>[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། 2007.17

[༨]P1285,1138

[༩]P1285,1092

[༡༠]ཀ་ཤུལ་བསོད་རིན། <<བོད་ཀྱི་ལོ་རྒྱུས་ཀྱི་ཡང་སྙིང་གལ་ཆེན་མཚོན་པའི་ཡར་ལུང་སོག་ཁ་ལ་གསར་དུ་དཔྱད་པ>>[G]ཞེས་པ་རུ་གསལ།

[༡༡]P1285,1105-P1285,1109

[༡༢][༡༣]འདི་གཉིས་ཀྱི་སྐོར་དཔྱད་མཆན་ཨང༡༠བར་གཟིགས་རོགས་ཞུ།

[༡༤]པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་རྩོམ་སྒྲིག་པའི<<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས>>[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། 2007.26-27

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *