སྟོན་པ་གཤེན་རབ་མི་བོ་ཆེ་ལོ་རྒྱུས་ཐོག་དངོས་སུ་བྱོན་མྱོང་བའི་མི་སྣ་ཞིག་ཡིན་མིན་སྐོར་གྱི་བསྐྱར་ཞིབ།

རྩོམ་ཡིག་འདི་ཐེངས། 1160 བཀླགས་འདུག

Screen Shot 2015-09-17 at 1.55.03 AM     

འདིར་ཆོས་ལུགས་ཕྱོགས་རིས་ཀྱི་ལམ་དུ་མ་སོང་བརལོ་རྒྱུས་རིག་པ་དང་ཡིག་ཚང་རིག་པ་དང་། སྐད་བརྡ་རིག་པ་སོགས་རིག་པ་སྣ་མང་གི་བྱ་ཐབས་སྤྱད་ནས་སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་ཞིག་ལོ་རྒྱུས་ཀྱི་སྟེང་དུ་བྱུང་མྱོང་ཡོད་མེད་ལ་བསྐྱར་ཞིབ་བྱས་ཡོད།

སྟོན་པ་གཤེན་རབ་མི་བོ་ཆེ་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ཡིན་མིན་དང་དུས་རབས་ནམ་ཞིག་ལ་བྱུང་མིན་དེ་རྒྱལ་ཕྲན་བཅུ་གཉིས་ནང་གི་སྐྱི་རྗེ་རྨང་པོ་དང་ཕྱྭ་རྗེ་ཡབ་བླ་གདགས་དྲུག་གཉིས་དང་འབྲེལ་བའི་སྒོ་ནས་དཔྱད་གླེང་བྱ་རྒྱུ་དེ་གལ་གནད་ཆེ་བར་མཐོང་ཞིང་། ལྷག་པར་དུ་ཕྱྭ་རྗེ་ཡབ་བླ་གདགས་དྲུག་ནི་བོད་ཀྱི་ལོ་རྒྱུས་ནས་གལ་འགངས་ཆེ་ཞིང་གནས་བབས་མཐོ་བའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པར་བརྟེན། བོད་བཙན་པོའི་རྒྱལ་རྒྱུད་རྣམས་ཀྱང་མི་སྣ་འདི་དང་འབྲེལ་ཏེ་བྱུང་ཡོད་པ་ནི་བཙན་པོའི་སྐབས་ཀྱི་བཀའ་གཙིགས་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་སོགས་སུ་གསལ་འཁོད་བྱུང་ཡོད་པས་རྟོགས་ཐུབ། ཡིན་ནའང་མིག་སྔའི་བར་ཡབ་བླ་གདགས་དྲུག་དང་འབྲེལ་ནས་བོད་བཙན་པོའི་བྱུང་རབས་ལ་ཉམས་ཞིབ་བྱེད་མཁན་བྱུང་མེད་ལ། བོད་ཀྱི་ལོ་རྒྱུས་སྟེང་གི་གལ་ཆེའི་མི་སྣ་ཞིག་ཡིན་ཚུལ་ལ་ཡང་དོ་སྣང་བྱེད་མཁན་དེ་ཙམ་བྱུང་མེད། ང་ཚོས་ཕྱྭ་རྗེ་ཡབ་བླ་གདགས་དྲུག་དང་འབྲེལ་ངེས་ཀྱི་བྱུང་རབས་དང་གཏམ་རྒྱུད་འཁོད་པའི་དཔེ་གཞུང་དག་ལ་སློབ་སྦྱོང་དང་། དཔྱད་བསྡུར། ཉམས་ལེན་བཅས་བྱས་ཚེ་བོད་ཀྱི་ལོ་རྒྱུས་སྟེང་གི་གསང་རྒྱར་ཡིབ་པའི་གནད་དོན་ཁག་ལ་གསལ་ཁ་དང་། དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་ཆོས་ལུགས། དམག་དོན། ཆབ་སྲིད། ཤེས་རིག་སོགས་ཀྱི་རྣམ་པ་གང་ཡིན་ལ་ཡང་སྤྱན་མིག་གཙང་མ་ཞིག་ཕྱེ་ཐུབ་ཀྱི་འདུག་སྙམ། འོན་ཀྱང་སྐབས་འདིའི་དཔྱད་གླེང་ནང་དུ་རྒྱལ་ཕྲན་བཅུ་གཉིས་དང་ཡབ་བླ་གདགས་དྲུག་གི་སྐོར་དེ་གླེང་གཞི་གཙོ་བོར་བཟུང་ནས་བཤད་རྒྱུ་མ་ཡིན་པར། སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་ལོ་རྒྱུས་ཐོག་དངོས་སུ་བྱོན་མྱོང་ཡོད་མེད་ལ་བསྐྱར་དཔྱད་ཉུང་ཙམ་བྱ་རྒྱུ་དེ་ཡིན།

སྡེ་ཚན་དང་པོ། རྒྱལ་ཕྲན་བཅུ་གཉིས་ནང་གི་སྐྱི་རྗེ་རྨང་པོ་དང་འབྲེལ་ནས་སྟོན་པ་གཤེན་རབ་མི་བོ་ཆེ་ལོ་རྒྱུས་ཐོག་དངོས་སུ་བྱོན་མྱོང་ཡོད་མེད་བཤད་པ།

ང་ཚོས་སྟོན་པ་གཤེན་རབ་མི་བོ་ཆེ་དང་ཕྱྭ་རྗེ་ཡབ་བླ་གདགས་དྲུག་གཉིས་ཀྱི་འབྲེལ་གཞི་མ་གླེང་སྔོན་དུ། སྐྱི་རྗེ་རྨང་པོ་བྱ་བ་དེ་དུས་རབས་ནམ་ཞིག་ལ་བྱུང་བ་དང་། རྗེ་བོ་འདི་ཡིས་དབང་སྒྱུར་བྱས་པའི་ཡུལ་གྱི་ཁྱབ་ཁོངས་གང་དུ་གཏོགས་མིན་སོགས་ལ་ངོས་འཛིན་ཡོང་ཆེད། ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་འཁོད་པའི་ཚིག་དུམ་དེ་འདིར་བཀོད་ན་གསལ་ཁ་བསྟན་ཐུབ་པ་ལྟ་བུར་སྣང་བས་འདིར་བཀོད་ན།【1】“རྒྱལ་ཕྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་གནསྟེ། རྒྱལ་ཕྲན་བགྱིད་པ་དང་། རྒྱལ་ཕྲན་གྱི་བློན་བགྱིད་པའི་རབས་ལ་”ཞེས་པ་ནས།“ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་སྐྱི་རྗེ་རྨང་པོ།【2】བློན་པོ་ཤེའུ་དང་སྤུག་གཉིས་”ཞེས་སུ་འབྱུང་བ་དེའི་ཐོག་ནས། ང་ཚོས་རྗེ་སྐྱི་རྗེ་རྨང་པོ་བྱ་བ་དེ་སྤུ་རྒྱལ་བཙན་པོས་རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་གཅིག་གྱུར་མ་བྱས་གོང་གི་རྒྱལ་ཕྲན་བཅུ་གཉིས་ནང་བྱུང་བའི་སྐྱི་རྗེ་རྨང་པོ་ཟེར་བ་དེ་ཡིན་པར་ཤེས་ནུས་ཤིང་། ང་ཚོས་བརྗོད་གཞིར་བཟུང་པའི་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་དུས་སྐབས་འདི་ཙམ་ཞིག་གི་རིང་ནས་བྱོན་ཡོད་པ་ནི་རྗེ་བོ་འདིའི་སྲས་སྐྱི་ཕྱུག་འཇོན་པ་དང་སྟོན་པ་གཤེན་རབ་མི་བོ་ཆེ་གཉིས་ཀྱི་བར་ལེའུ་དང་ལྷ་བདག་【3】ལྟ་བུའི་འབྲེལ་བ་བྱུང་ཡོད་པ་དེས་མངོན་གྱི་ཡོད། གནད་འདི་དང་འབྲེལ་བའི་སྐོར་ནི་ཏུན་ཧོང་བོད་ཀྱི་དཔེ་རྙིང་ཉི་ཧོང་པར་མའི་ནང་མང་པོ་མཐོང་རྒྱུ་ཡོད་【4】པ་བཞིན་འདིར་དེའི་ཟུར་ཞིག་དྲངས་ཏེ་གླེང་ན།“ཡུལ་སྐྱི་རོ་ལྖང་སྔོན་སྐྱི་རྗེ་རྨང་པོ་དང་སྒྱི་བདགི་བཙུན་མོ་སོ་བཟའི་བུ་མོ་གཉིས་བཤོས་དང་ནམས་གྱི་སྲས། མྱིང་པོ་དྲལ་པོ་སྐྱི་པྱུག་གི་འཇོན་པ་དང་། སྲིང་མོ་ལྖམ་མོ་སྐྱི་ནམ་ཉག་ཅིག་མ་གཉིས། བཞུག་སྣ་ན་མ་གཞོན་དུ་གྲོངས་ན། སྐྱི་བདག་བཙུན་པོ་གཞོན་དུ་གྲོངས། གྱིས་མ་མཆིསྣ་སྐྱི་རྗེ་རྨང་པོའི་ཁབ་དང་དབྱལ་དུ་ནི་རྔེགས་ཟ་གང་རགས་མ་ཞིག་བླངས་ཤིང་བཞུགསྣ། སྐྱི་པྱུག་གི་འཇོན་པ་དང་སྐྱི་ནམ་ཉག་ཅིག་མ་གཉིས། ནང་གྱི་བཟ་མ་མཆིས། ནུབ་གྱི་བགོ་མ་མཆིས་ནས། མྱིང་པོ་དྲལ་པོ་ནི་བྱང་ཀ་སྣམ་བཞི་རུ་ཤ་བཤོར་དགོ་འདྲིམ་དུ་བཞུད། སྲིང་མོ་ལྖམ་མོ་ནི་སྡང་མ་ཡར་གྱིས་ལས་སུ་ཕག་འཚོར་བཅུགསྟེ་དེ་ཕག་ལ་ཞོ་མྱི་ཞོའ་ཕག་ལ་བལ་མྱི་བལ་དེ། དབུ་སྒྲ་གནམ་དུ་ཡེར། སྲོ་ཤིག་ལ་པུང་དུ་ཟུག་ཅིང་བཞུགས། ཡུལ་གྱི་མ་མདའ་རུ་བྲུན་བག་བྲུན་གྱི་ནང་དུ་ལྖམ་སྐྱི་ནམ་ཉག་ཅིག་ནོངས་གྱིས་མ་མཆིས་ནས། མྱིང་པོ་དྲལ་པོ་བྱང་ཀ་སྣམ་བཞི་ནས། ཤ་ཉིང་ལ་ཉིང་བགལ་དགོ་ཉིང་ལ་ཉིང་བགལ་དེ་བྱོན་ན། ལྖམ་སྐྱི་ནམ་ཉག་ཅིག་གྱིས། ལའི། ལྟང་དུ་བསུའ་སྡོན་ན་མ་བསུས་རབ་གྱི་ཚུམས་སུ་ཚུམས་སུ་བསུ་སྟོན་ན་མ་བསུས། སྒོ་པྱི་སྒོ་འབྲུམ་དུ་བསུ་སྟོན་ན་མ་བསུས་ལྖམ་གར་བཞུད་སྐྱི་ནམ་ཉག་ཅིག་གར་བཞུད་ཅེས་བགྱིསྣ། སྡང་མ་ཡར་མོ་མཆིད་ནས། ལས་སུ་ཕག་འཚོར་བཅུག་ན་ཕག་འཚོ་ཞིང་འདུག་གྲང་ཞེས་མཆི། ཁྱིམ་ཙེས་གདང་གཡག་ལ་དྲིསྣ། ཁར་ཉིན་སྔ་ནི་ཕག་འཚོ་ཞིང་འདུག་འདུག་ན། དི་རིང་ནི་གར་སོང་མ་འཚལ་ཅེས་མཆི་ནས། མྱིང་པོ་དྲལ་པོ་ཡུལ་གྱི་མ་མདར། བྱོན་ན་ཕག་བྲུང་གྱི་ནང་དུ་འབཙལ་བ་དང་ལྖམ་སྐྱི་ནམ་ཉག་ཅིག་ནི་དབུ་སྐྲ་གནམ་དུ་ཡེར། སྲོ་ཤིག་ནི་ས་ལ་ལྷགས་དེ་ལྷགས་དེ། གྲོངས་ཤིང་བཞུགས་པ་དང་མཇལདེ། མྱིང་པོ་དྲལ་པོ་ནི་ཐུགས་ཆད་བྲང་འགམསྡེ། ཐུགས་ཆད་གྱི་ནི་རོ་རུ་ཆད་བྲང་གམ་གྱི་ནི་གདིངསུ་གདིངས་སུ་གམ་ནས། སྲིང་གདོ་མྱིང་གྱིས། བགྱིསྟེ། བསྡུས་ཏེ་སྣམས་དེ་བཞུད་ནས། དབུ་སྐྲ་གནམ་དུ་ཡེར་བ་ནི་འབྲི་བརྒྱ་སྲལ་བརྒྱ་ཞོ་བཞོས་མར་དྲུམསདེ་དབུ་ལེའི་སྐུདུ་བགྱིས་དེ། བསྐུས་བཤད་གྱང་སྣུམ་ལ་ལེང་མ་ཕནདེ་དབུ་སྐྲ་ནི་གནམ་དུ་ཡེར་སྲོ།”ཞེས་པ་ནས་“མྱིང་པོ་དྲལ་པོས་ཕ་གཤེན་རབ་མྱི་བོ་དང་དུར་གཤེན་རྨ་ད་དང་གཤེན་ཚ་ལུང་སྒྲ་ཞིག་གཉེར་དེ། ལྖམ་སྐྱི་ནམ་ཉག་ཅིག་ནི་དབུ་སྐྲ་གནམ་དུ་ཡེར་སྲོ་ཤིག་ནི་ལྷགས་གྱིས་མ་མཆིསྣ། པ་ལ་གཐོད་ཇི་མཆིས། བོན་ལ། ག་བྱད་ཅི་མཆིས་ཤེས་བགྱིསྣ། ཕ་དུར་གཤེན་རྨ་ད་དང་གཤེན་རབ་མྱི་བོ་དང་གཤེན་ཚ་ལུང་སྒྲ་གསུམ་གྱི་མཆིད་ནས། བོན་ལ་གཐོད་མཆིས། གཤེན་ལ་དཔྱད་མཆིསགྱིས། ན་སྡེ་སོས་བ་ནི་མཆིས། ཤིསྡེ་ཤི་སྡེ་སོས་བ་ནི་མ་མཆིས་གྱིས།

”ཞེས་ཡུལ་སྐྱི་རོ་ལྗང་སྔོན་ན་དབང་མཛད་པའི་སྐྱི་རྗེ་རྨང་པོ་དང་བཙུན་མོ་སོ་བཟའི་བུ་མོ་གཉིས་ལ་སྐྱི་ཕྱུག་འཇོན་པ་དང་། ལྕམ་མོ་སྐྱི་ནམ་ཉག་ཅིག་མ་ཟེར་བའི་སྲས་ལྕམ་དྲལ་གཉིས་བྱུང་བར་བཤད་ཡོད། སྲས་གཉིས་པོ་ལོ་ན་ཆེར་མ་སོན་པའི་དུས་སྐབས་ཤིག་ནས་ཡུམ་འདས་གྲོངས་སུ་སོང་བར་བརྟེན། ཡབ་སྐྱི་རྗེ་རྨང་པོས་སླར་ཡང་རྔེགས་བཟའ་གང་རག་མ་ཟེར་བ་ཞིག་བཙུན་མོར་བསུས། རྔེགས་བཟའ་གང་རག་མ་ཟེར་བ་དེས་སྐྱི་རྗེ་རྨང་པོའི་སྲས་ལྕམ་དྲལ་གཉིས་ལ་ནངས་ཀྱི་ཟས་དང་ནུབ་ཀྱི་བགོ་སྐལ་ཙམ་ཡང་མ་བྱིན་པར་སྡུག་པོ་ཚད་མེད་བཏང་། གནས་ཚུལ་དེས་དྲལ་པོ་སྐྱི་ཕྱུག་འཇོན་པ་བྱང་ཀ་སྣམ་བཞི་རུ་རི་དྭགས་སྔོན་པར་སོང་ཞིང་། ལྕམ་མོ་སྐྱི་ནམ་ཉག་ཅིག་མས་སྡང་མ་ཡར་ཟེར་བའི་ཕག་རྣམས་འཚོ་སྐྱོང་བྱས་ནས་བསྡད་རུང་ཡུན་རིང་མ་སོང་བར་འདས་གྲོངས་སུ་ཕྱིན། མིང་པོ་སྐྱི་ཕྱུག་འཇོན་པ་བྱང་ཀ་སྣམ་བཞི་ནས་ཚུར་ལོག་ཡོང་སྐབས་ལྕམ་མོ་སྐྱི་ནམ་ཉག་ཅིག་མ་མིག་གི་མཐོང་ཡུལ་དུ་མ་བྱུང་སྟབས། འཕྲལ་མར་སྡིང་མོ་ཡར་མ་དང་ཁྱིམ་ཙེས་གདང་གཡག་གཉིས་ལ་སྲིང་མོ་སྐྱི་ནམ་ཉག་ཅིག་མ་གར་སོང་དྲིས་པར། ཁ་རྩང་ཕག་འཚོ་ཞིང་བསྡད་ཡོད་དེ་རིང་ནི་གར་སོང་ཆ་མ་འཚལ་ཞེས་བཤད་ཡོད། དེ་ནས་མིང་པོ་སྐྱི་ཕྱུག་འཇོན་པས་སྲིང་མོ་སྐྱི་ནམ་ཉག་ཅིག་མ་གང་སར་བཙལ་སྐབས་སྲིང་མོ་སྐྱི་ནམ་ཉག་ཅིག་མ་ཕག་ཚང་ནང་དུ་སྐྲ་གྱེན་ལ་གཟེངས་ནས་གྲོངས་ཡོད་པར་མཐོང་། གནས་ཚུལ་དེས་མིང་པོ་སྐྱི་ཕྱུག་འཇོན་པས་ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད། གཤེན་ཚ་ལུང་སྒྲ་གསུམ་བཅས་གཤེན་པོ་གསུམ་གདན་དྲངས་ནས། སྲིང་མོ་སྐྱི་ནམ་ཉག་ཅིག་མ་སྐྲ་གྱེན་དུ་གཟེངས་ནས་འདས་གྲོངས་སུ་སོང་འདུག་པར་གཏོད་ཅི་མཆིས། བོན་ལ་དཔྱད་ཅི་མཆིས་ཞེས་ཞུས་ཡོད་ཅིང་། ཕ་གཤེན་རབ་མི་བོ་དང་དུར་གཤེན་རྨ་ད། གཤེན་ཚ་ལུང་སྒྲ་གསུམ་གྱིས་བོན་ལ་གཏོ་མཆིས། གཤེན་ལ་དཔྱད་མཆིས་ཞེས་བཤད་ནས་གཏོ་དང་དཔྱད་ཀྱི་ཆོ་ག་གནང་སྟེ་གཤིན་ཆོས་བྱས་ཚུལ་འཁོད་ཡོད། ནང་དོན་དེའི་ཐོག་ནས་ང་ཚོས་སྟོན་པ་གཤེན་རབ་མི་བོ་ཆེས་གཏོ་དང་དཔྱད་སོགས་སྲིད་པའི་བོན་གྱི་ཆོ་ག་མི་འདྲ་བ་སྤེལ་ནས་ཡུལ་ལུང་མི་འདྲ་བ་དང་། མི་གང་ཞིག་དང་ཁྱིམ་ཚང་གང་ཞིག་ལ་བྱུང་བའི་མི་ཤི་གོད་ཆགས་ཀྱི་རྐྱེན་ངན་དེ་རིགས་སེལ་ཐབས་བྱས་ཡོད་ཚུལ་དེ་མཐོང་ཐུབ་པ་ཡིན་ནོ། །སྤྱིར་གོང་གསལ་གྱི་ནང་དོན་དེ་དག་གི་ཐོག་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནང་གི་སྐྱི་རྗེ་རྨང་པོ་བྱ་བ་དེ་ལོ་རྒྱུས་དངོས་ཐོག་ཏུ་བྱུང་བའི་མི་སྣ་ཞིག་ཡིན་པར་བསྟན་ཡོད་པ་མ་ཟད། སྟོན་པ་གཤེན་རབ་མི་བོ་ཆེ་ཡང་དུས་རིམ་དེའི་ལོ་རྒྱུས་སྟེང་བྱུང་བའི་དངོས་ཀྱི་མི་སྣ་ཞིག་ཡིན་ཚུལ་ལ་བདེན་དཔང་བཙན་པོ་དང་ར་སྤྲོད་དཔེ་མེད་ཅིག་བྱས་ཡོད་པ་ལགས།

སྡེ་ཚན་གཉིས་པ།  ཕྱྭ་རྗེ་ཡབ་བླ་བདལ་དྲུག་དང་འབྲེལ་ནས་སྟོན་པ་གཤེན་རབ་མི་བོ་ཆེ་ལོ་རྒྱུས་ཀྱི་ཐོག་དངོས་སུ་བྱོན་མྱོང་ཡོད་མེད་བཤད་པ།

འདི་ནས་མར་ལ་ང་ཚོས་ཕྱྭ་རྗེ་ཡབ་བླ་གདཊ་དྲུག་དང་འབྲེལ་བའི་སྒོ་ནས་གཤེན་རབ་མི་བོ་ཆེའི་སྐོར་དངོས་སུ་མ་གླེང་སྔོན་ལ། ཕྱྭ་རྗེ་ཡབ་བླ་གདགས་དྲུག་གིས་བོད་ཀྱི་ལོ་རྒྱུས་སྟེང་བཟུང་བའི་དམིགས་བསལ་གྱི་གནས་བབས་དང་། དེ་ཉིད་སྤུ་བོད་བཙན་པོའི་རྒྱུད་ཁུངས་གཙང་མ་གཏུགས་ས་ཡིན་པའི་སྐོར་གྱི་ལུང་དོན་དག་འདིར་དགོས་ངེས་ཀྱིས་ཏུན་ཧོང་བོད་ཀྱི་ཡིག་རྙིང་མི་འདྲ་བ་ཁག་དང་བཙན་པོའི་སྐུ་དུས་རིང་བཞེངས་པའི་བཀའ་གཙིགས་ཀྱི་རྡོ་རིང་འགར་བྱུང་བ་【5】ལྟར་དྲངས་ནས་གླེང་ན་“ལྷ་གནམ་གྱི་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན། ཡབ་བླ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲྀའ་བདུན་ཚིགས་དང་བདུན། ཁྲི་འི་བདུན་ཚིགས་ཀྱི་སྲས། ལྡེ་ཉག་ཁྲི་བཙན་པོའ་”ཞེས་པ་ལྟར་ལགས་ཤིང་། ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བཞེངས་པའི་རྐོང་པོ་གཡུང་དྲུང་འཛིན་གྱི་བྲག་རྐོས་ཡི་གེར་ཡང་“ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་དང་། ལྡེ་སྲོང་ཡབ་སྲས་ཀྱི་རིང་ལཱ། རྐོང་དཀར་པོ་ལ་གཙིགས་གནང་བའ། ཀར་པོ་མང་པོ་རྗེ་དང་། བློན་པོ་གྱི་རུང་ཅིས་གསོལད་བའ།“ཐོག་མར་ཕྱྭ་ཡབླ་བདག་དྲུག་གི་སྲས་ལས།”ཉ་ཁྲི་བརྩན་པོ་མྱི་ཡུལ་གྱི་རྗེར། ལྷ་རི་གྱང་དོར་གཤེགས་པ་ཚུན་ཆད།”ཅེས་ནང་དོན་མི་འདྲ་བ་【6】ཁག་གཉིས་པོའི་ནང་དུ་ཕྱྭ་རྗེ་ཡབ་བླ་གདགས་དྲུག་བྱ་བ་དེ་སྤུ་བོད་བཙན་པོའི་རྒྱུད་ཁུངས་དངོས་ལ་གཏུགས་ཡོད་པ་ཙམ་མ་ཟད་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་མི་སྣ་ཞིག་ལའང་བཞག་ཡོད་པར་མཐོང་ཐུབ། རྒྱུ་མཚན་དེ་སོགས་ཀྱི་སྟེང་ནས་ཕྱྭ་རྗེ་ཡབ་བླ་གདགས་དྲུག་དེ་ཉིད་བཙན་པོའི་གདུང་རྒྱུད་ཀྱི་འགོ་ཁུངས་དང་། སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་མྱེས་པོ་ཡང་གྲུབ་ཡོད་ཕྱིར། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ཡུམ་བརྟན་དང་འོད་སྲུང་གཉིས་བར་གྱི་བོད་རྒྱལ་ཚང་མ་ཕྱྭ་རྗེ་ཡབ་བླ་གདགས་དྲུག་གི་གདུང་རྒྱུད་དང་འབྲེལ་ནས་བྱུང་བ་ཞིག་ཡིན་པ་ནི་བསྙོན་ཐབས་མེད་པ་ཞིག་རེད། ཡིན་ན་ཡང་ང་ཚོས་ཡབ་བླ་གདགས་དྲུག་དེ་ཉིད་གཞི་རྩའི་ལོ་རྒྱུས་ཀྱི་ཁུངས་སུ་མི་འཛིན་པར། བོད་བཙན་པོའི་རྒྱལ་རྒྱུད་ཀྱི་ཁུངས་གཙང་མ་དེ་རྒྱ་གར་གྱི་རུས་རྒྱུད་ཅིག་ལ་གཏུགས་ནས་བོད་ཀྱི་རྒྱལ་རབས་ལོགས་སུ་གླེང་ཁུལ་བྱེད་པ་དེ་ནི་མགོ་བོ་མི་འཚོལ་བར་རྔ་མ་འཚོལ་ཐབས་ལ་འབད་པ་རང་ཡིན་པས། དེ་རིགས་ཀྱི་བཤད་ཕྱོགས་དང་ཉམས་ཞིབ་བྱེད་ཐབས་དེ་ནི་ཧ་ཅང་དོན་པོ་ཆུང་བའི་གནས་ཚུལ་ཐབས་སྡུག་ཅིག་ཡིན་པར་མཐོང་ངོ་། །

ད་ནི་དཀྱུས་ཀྱི་ནང་དོན་དངོས་ལ་བབས་ནས་བཤད་ཚེ་སྟོན་པ་གཤེན་རབ་མི་བོ་ཆེས་སྤུ་བོད་བཙན་པོའི་མེས་པོ་ཕྱྭ་རྗེ་ཡབ་བླ་གདགས་དྲུག་ལ་གཏོ་དང་དཔྱད་བགྱིས་ཏེ་ནད་སེལ་རྐྱེན་ཟློག་བྱས་པའི་སྐོར་མང་དུ་མཐོང་རྒྱུ་ཡོད་པ་ལས། འདིར་དེའི་སྐོར་གྱི་དཔེ་མཚོན་ཟུར་ཞིག་ནི།≪གཏམ་ཤུལ་འབུམ་པ་དགའ་ཐང་ནས་རྙེད་པའི་བོན་གྱི་དཔེ་རྙིང་≫ནང་“རྗེ་ཡབ་བླ་བདལ་དྲུག་ལ་ཁྱིམ་གྱྀ་རྒྱ་ཞིག་འཁོར།།བདུད་ཀྱི་རྐྱ་ཞྀག་འཁོར།།ལྟག་ཕྱི་ན་རྨག་ཅིག་བབས།།ལྟས་ངན་གྱི་རྨག་ཅིག་བབས་པར།།གནམ་གྱི་བོན་མོ་སྡིང་ང་སྡིང་ལོམ་དང་།།སའི་བོན་མོ་འབྱོ་ར་འབྱོར་འཇོང་གཉིས་ཀས།།ཤེལ་གྱི་མོ་རྡེའུ་བཞི་བཅུ་རྩ་གཉིས་ལ་གཏོ་དང་མོ་བགྱིས་པས།།བདུད་དང་ལྟས་ངན་བབས།།དེ་ལ་གཤེན་བཞི་སྤྱན་དྲངས་ནས།།གླུད་བཞི་གཏོང་དགོས་པ་ལ།།བདུད་བོན་དྲང་ནག་ཆུ་ལྕགས་དང་།།ཐར་བོན་དྲུ་སྐྱོལ་དང་།།གླུད་བོན་ངག་སྙན་དང་།།གཤེན་རབ་མི་བོ་བཞིས་གཏོ་དང་དཔྱད་བགྱིས་”ཞེས་【7】ཕྱྭ་རྗེ་ཡབ་བླ་གདགས་དྲུག་གི་ཁྱིམ་ལ་རྒྱ་འཁོར་བ་དང་ལྟས་ངན་གྱི་རྨག་ཅིག་བབས་པར་གནམ་གྱི་བོན་མོ་སྡིང་ང་སྡིང་ལོམ་དང་། སའི་བོན་མོ་འབྱོ་ར་འབྱོར་གཉིས་ཀྱིས་མོ་བཏབ་པས། བདུད་དང་ལྟས་ངན་བབས་པའི་མོ་ངོ་བྱུང་ཞིང་། དེ་ལ་ཕ་གཤེན་རབ་མི་བོ་སོགས་གཤེན་བཞི་གདན་དྲངས་ནས་གཏོ་དང་དཔྱད་བགྱིས་ཏེ་བཅོས་ཚུལ་བཤད་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྐབས་དེའི་སྤྱི་ཚོགས་དང་སྤྱི་ཚོགས་བར་བྱུང་བའི་དགྲ་སྣ་དང་ཁ་མཆུ། དེ་བཞིན་མི་གང་ཞིག་ནད་ཀྱིས་ཟིན་པ་དང་། ལྟས་ངན་བབས་པ། ལྷ་སྡང་བ་དང་བདུད་བབས་པ་སོགས་ཀྱི་གནས་ཚུལ་ཅི་རིགས་བྱུང་བ་རྣམས་ཕ་གཤེན་རབ་མི་བོ་ཆེ་དང་ཐར་བོན་དྲུ་སྐྱོལ། གླུད་བོན་ངག་སྙན་ལ་སོགས་གཤེན་བཞི་སྤྱན་དྲངས་ནས་བཅོས་ཐབས་བྱས་ཡོད་པར་མཐོང་ཐུབ་ལ། ནང་དོན་འདི་རིགས་ཀྱི་ཐོག་ནས་ང་ཚོས་ཕྱྭ་རྗེ་ཡབ་བླ་གདགས་དྲུག་དང་གཤེན་རབ་མི་བོ་ཆེ་གཉིས་དབར་འབྲེལ་བ་བྱུང་ཡོད་པ་དང་། ཕ་གཤེན་རབ་མི་བོ་ཆེ་དེ་ཉིད་ཕྱྭ་རྗེ་ཡབ་བླ་གདགས་དྲུག་གི་དུས་རིམ་ཙམ་ལ་བྱོན་པའི་གཤེན་པོ་ཞིག་ཡིན་པ་ཡང་ཤེས་ཐུབ་པ་ཡིན། ལྷག་ཏུ་བོད་རྒྱལ་གཉའ་ཁྲི་བཙན་པོའི་མེས་པོ་ཡབ་བླ་གདགས་དྲུག་དེ་ཉིད་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་དངོས་ཡོད་ཀྱི་མི་སྣ་ཞིག་ཡིན་པའི་གནད་དེས། ང་ཚོར་ཕ་གཤེན་རབ་མི་བོ་ཆེ་དེ་ཡང་འཆར་སྣང་གི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་བཅོས་མ་ཞིག་མ་ཡིན་པར། ཡབ་བླ་གདགས་དྲུག་དང་རྒྱལ་ཕྲན་བཅུ་གཉིས་སོགས་ཀྱི་དུས་རིམ་རིང་བྱོན་པའི་བོན་གྱི་མི་སྣ་ཞིག་ཡིན་ཚུལ་ལ་གསལ་ཁ་ཞིབ་མོར་བྱུང་ཡོད། གཞན་ཡིག་རྙིང་མི་འདྲ་བ་དེ་དག་གི་ནང་དོན་སྟེང་ནས་ང་ཚོས་བོན་བྱེད་གཏོ་འདོན་བྱེད་པའི་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་དེ་ཉིད་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་ཕྱྭ་རྗེ་ཡབ་བླ་བདག་དྲུག་གི་དུས་སྐབས་སུ་བྱུང་བ་ཞིག་དང་། གཤེན་རབ་མི་བོ་ཆེས་གསར་དུ་མཛད་པའི་ཆོས་ལུགས་ཀྱི་རྣམ་པ་ཙམ་ཞིག་མ་ཡིན་པར་། དེ་ནི་སྔོན་གྱི་དུས་ཡུན་རིང་པོའི་ནང་བྱུང་བའི་ས་གནས་རང་བཞིན་གྱི་ཤེས་རིག་རྙིང་པ་ཞིག་ཡིན་པའི་ཚུལ་ལ་ངེས་ཤེས་རྙེད་ཐུབ་པ་ཡིན། དེ་བཞིན་དུ་གཏོ་དང་དཔྱད་ཀྱི་སྲིད་པ་བོན་པོའི་བྱ་ཐབས་དེ་དག་ནི་དུས་སྐབས་དེའི་སྤྱི་ཚོགས་ཁྲོད་མེད་དུ་མི་རུང་བའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྲུབ་ཡོད་ལ། བོད་བཙན་པོའི་དུས་རབས་རིམ་བྱུང་དུ་ཡང་བོན་གྱི་རིག་གནས་འདི་རིགས་རྒྱུན་འཛིན་དང་དར་སྤེལ་གནང་མཁན་གྱི་བོན་གཤེན་མང་པོ་རྒྱུན་མ་ཆད་པར་བྱུང་ཡོད་པ་ཡང་ཡིག་རྙིང་མི་འདྲ་བ་དེ་དག་གི་སྟེང་ནས་ར་འཕྲོད་ཐུབ་ཀྱི་ཡོད།

སྐབས་འདིའི་དཔྱད་བརྗོད་དུ་དྲངས་པའི་ཉི་ཧོང་པར་མའི་ཏུན་ཧོང་ཡིག་རྙིང་གི་ནང་དོན་ཕལ་མོ་ཆེ་རྣམས་ནི་སྟོན་པ་གཤེན་རབ་མི་བོ་ཆེ་དང་རྒྱལ་ཕྲན་བཅུ་གཉིས་སོགས་དང་འབྲེལ་བ་ཡོད་པའི་སྐོར་གྱི་ནང་དོན་ཅན་ཞིག་ཡིན་འདུག་ཅིང་། ཡུལ་གྱི་རྗེ་བོ་དང་། ཡང་ན་ཡུལ་ཕྲན་གང་ཞིག་དང་། མི་སུ་ཞིག་ལ་ནད་དང་ལྟས་ངན་བབས་པ་དང་། རྨི་ལྟས་ངན་པ་བྱུང་བ་སོགས་ཀྱི་གནས་ཚུལ་ཅི་རིགས་ལ་གཤེན་རབ་མི་བོ་ཆེ་དང་གླུད་བོན་གྱེར་མཁས་ལ་སོགས་པ་གདན་དྲངས་ནས་གཏོ་དང་དཔྱད་བྱས། མོ་བཏབ་གླུད་བཏང་སྟེ་སེལ་ཐབས་བྱས་ཚུལ་འཁོད་ཡོད། ང་ཚོས་ཡིག་རྙིང་འདི་རིགས་ཀྱི་ནང་དོན་དང་མི་སྣའི་ལོ་རྒྱུས་ཀྱི་བྱུང་རིམ་བཅས་ལ་མནོ་བསམ་བྱས་ཚེ། དཔེ་གཞུང་དེ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་རིམ་ནང་གི་སྤྱི་ཚོགས་དང་དུས་སྐབས་དེའི་བོན་གྱེར་གཏོ་འདོན་གྱི་རྣམ་པ་མཚོན་པའི་སྲིད་པ་རྒྱུ་ཡི་བོན་ཆོག་ཅིག་ཏུ་ངོས་འཛིན་བྱ་ཆོག་པར་སེམས་ཤིང་། བོན་གཤེན་རྣམས་ཀྱིས་དུས་རབས་དང་སྤྱི་ཚོགས་མི་འདྲ་བའི་བརྒྱུད་རིམ་ཁྲོད་ནས་གཞུང་ལུགས་འདི་ཉིད་ཀྱི་ནང་དོན་བོར་བ་དང་བརླག་ཏུ་མ་བཅུག་པར། ངག་ནས་ངག་ཏུ་བརྒྱུད་པའམ། ཡི་གེ་ནས་ཡི་གེ་མི་འདྲ་བར་བརྒྱུད་དེ་བྱུང་རྐྱེན། ད་ལྟ་མཐོང་རྒྱུ་ཡོད་པའི་ཏུན་ཧོང་གི་ཡིག་རྙིང་བར་དུ་སྲིད་པའི་བོན་གྱི་རྣམ་པ་དང་། དེ་དང་འབྲེལ་བའི་ཆོ་གའི་གཞུང་ལུགས་ཅི་རིགས་ཤིག་གནས་ཐུབ་པར་བྱུང་ཡོད། གཞི་རྩའི་ཆ་ནས་བཤད་ན་ཡིག་རྙིང་འདི་དག་གི་ནང་དོན་སྟེང་ནས་ང་ཚོས་སྟོན་པ་གཤེན་རབ་མི་བོ་ཆེ་ལོ་རྒྱུས་ཐོག་དངོས་སུ་བྱོན་མྱོང་བའི་མི་སྣ་ཞིག་ཡིན་པར་རྟོགས་ཐུབ་པ་དང་། མ་ཟད་དུས་རབས་ཀྱི་ཆ་ནས་ཀྱང་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་ཡབ་བླ་གདགས་དྲུག་སོགས་བྱུང་བའི་ལོ་ཚིགས་དང་མཐུན་པར་སྤྱི་ལོའི་སྔོན་གྱི་ལོ་ངོ་གཅིག་སྟོང་ཡས་མས་རིང་བྱུང་བ་ཞིག་ཡིན་པར་བརྟེན། ང་ཚོས་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་དུས་ད་ལྟའི་བར་དུ་ལོ་ངོ་སུམ་སྟོང་ཡས་མས་ཤིག་ཕྱིན་ཡོད་པའི་ཚུལ་ལ་ཡིད་ཆེས་རྙེད་ཆོག་པ་ལྟ་བུ་རེད།

/

གོང་གསལ་གྱི་ལུང་ཚིག་ནང་དྲངས་པའི་ཏུན་ཧོང་ཡིག་རྙིང་གི་བྱུང་དུས་སྐོར།

སྤྱིར་ཡིག་རྙིང་འདི་ཉིད་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་བཙན་【8】གྱི་སྐབས་སུ་སྲིད་པའི་བོན་གཤེན་རྣམས་ཀྱིས་ཏུན་ཧོང་གི་ས་ཁུལ་དུ་སྤྱད་པའི་དཔེ་གཞུང་ཞིག་ཡིན་སྲིད་པ་ཡང་ཡིག་རྙིང་འདིའི་ནང་གི་བརྡ་སྤྲོད་ཀྱི་འགྲོས་དང་། ནང་དོན། སྐད་ཆའི་ཉམས་འགྱུར་སོགས་གང་ས་ཅི་ཐད་ནས་ཁྲི་སྲོང་ལྡེ་བཙན་དང་ཁྲི་གཙུག་ལྡེ་བཙན་སྐབས་ཀྱི་ཡི་གེ་དང་མི་འདྲ་བའི་གནད་མང་པོ་ཞིག་མངོན་གྱི་ཡོད་པས་ཡིན། དེའི་སྐོར་དང་འབྲེལ་བའི་ནང་དོན་ནི་སྡེ་ཚན་གསུམ་པའི་སྐབས་སུ་དཔྱད་གླེང་བྱས་ཡོད་པས་དེ་ཡིས་འཐུས་པར་བྱས་ཡོད། ཏུན་ཧོང་གཙོས་པའི་ཀན་སུའུ་ཡི་ས་ཆ་ཕལ་ཆེ་བ་དེ་ཡབ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ་བོད་ཀྱི་མངའ་ཞབས་སུ་བསྡུས་པ་ཡིན་ཞིང་། དེའི་སྐོར་ནི་ཁྲི་ལྡེ་གཙུག་བརྟན་སྐབས་ཀྱི་དོན་ཆེན་གནད་བསྡུས་ནང་ཞིབ་མོར་མཐོང་རྒྱུ་ཡོད་པ་ལྟར།“ཡོས་བུའི་ལོ་ལ། བཙན་པོ་དབྱར་ཆབ་སྲིད་ལ་འ་ཞ་ཡུལ་དུ་གཤེགསྟེ། ཤུལ་དུ་དབའས་སུམ་པོ་སྐྱེས་བཀའ་གྱོད་ལ་ཆགས། རྒྱའྀ་མཁར་ཀྭ་ཆུ། སིན་ཅང་ཕབ་”ཅེས་འབྱུང་བས་【9】ཀྭ་ཆུ་སྟེ་ཀྭ་ཀྲུའུ་〔瓜州〕ཏུན་ཧོང་གི་ས་ཁུལ་དེ་ཉིད་དུས་སྐབས་དེར་བོད་བཙན་པོས་མངའ་འོག་ཏུ་བསྡུས་ནས་ཡོད་པ་དང་།དེ་བཞིན་དུ་ཐེའུ་ཅུ་དང་〔眺州〕ཟུང་ཅུ་ལ་〔松州〕སོགས་པའི་རྒྱ་ནག་གི་ཡུལ་མང་པོ་དང་ནུབ་ཀྱི་དྲུ་གུ་དང་། བལ་བོ་སོགས་རྒྱལ་ཁག་མི་འདྲ་བ་མང་པོ་ཡང་བོད་ཀྱི་མངའ་འོག་ཏུ་བསྡུས་ཚུལ་གསལ་འཁོད་བྱུང་ཡོད། ལྷག་ཏུ་ནི་ཡུལ་དེ་དག་བོད་ཀྱི་མངའ་འོག་ཏུ་བསྡུས་པ་ཙམ་མ་ཡིན་པར་ཡུལ་དེར་བོད་ཀྱི་སྐད་དང་ཡི་གེ། ཆོས་ལུགས་རིག་གནས་སོགས་རྒྱ་ཁྱབ་ཏུ་སྤེལ་ཡོད་པའི་སྐོར་ཡང་། ཉེ་བའི་ལོར་མདོ་སྨད་དཔའ་རིས་ས་ཁུལ་ནས་གསར་རྙེད་བྱུང་བའི་ཁྲི་ལྡེ་གཙུག་བཙན་སྐབས་ཀྱི་དྲིལ་བུས་【10】ར་སྤྲོད་ཞིབ་མོ་འབྱུང་གི་ཡོད། དྲིལ་ཆེན་དེ་བཞེངས་པའི་ལོ་དུས་ནི་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ་ཁེལ་ཡོད་པ་དང་། དེའི་སྟེང་དུ་བཀོད་པའི་ནང་དོན་ཡང་ཡབ་ཁྲི་ལྡེ་གཙུག་བརྟན་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དཔེར་ན་“བོད་ཀྱི་ལྷ་བཙན་པོ་ཁྲི་ལྡེ་གཙུག་བཙན་མཆེད་ཀྱི་སྐུ་ཡོན་དུ་བསྔོས་ཏེ། ཞང་ལྷ་སྒྲ་རྒྱལ་སླེབས་སྤད་ཀྱིས་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་རྐྱེན་དུ་དྲིལ་ཆེན་གཅིག་ཕུལ་བའི་ཡོན་གྱིས། ཡོན་བདག་དང་སེམས་ཅན་ཐམས་ཅད་བླ་ན་མྱེད་དེ།བྱང་ཆུབ་ཀྱི་སྒྲུབ་པར་སྨོན་ཏོ་”ཞེས་སུ་འཁོད་ཡོད་ཅིང་། ཞང་ལྷ་སྒྲ་རྒྱལ་སླེབས་སྤད་བྱ་བས་བཙན་པོ་ཁྲི་ལྡེ་གཙུག་བཙན་མཆེད་ཀྱི་སྐུ་ཡོན་དུ་བསྔོས་ཏེ་ཇག་རོང་དགའ་ལྡན་བྱིན་ཆེན་གླིང་གི་དྲིལ་ཆེན་དུ་ཕུལ་བ་ཞིག་ཡིན་པར་བསྟན་ཡོད། རྒྱུ་མཚན་དེས་སྐབས་དེར་བོད་ཀྱི་དབུས་ཕྱོགས་དང་གཙང་ཁུལ་ཙམ་མ་ཟད་རྒྱ་ཀྭ་ཅུ་དང་དྲུ་གུ། འ་ཞ་དང་མདོ་སྨད་སོགས་ཀྱི་ཡུལ་དུ་ཡང་བོད་ཀྱི་ཆོས་ལུགས་རིག་གནས་དར་སྤེལ་གནང་སའི་ལྷ་ཁང་དང་། དགོན་སྡེ། གཙུག་ལགས་ཁང་སོགས་ཅི་མང་མང་ཞིག་བཞེངས་སྲོལ་བྱུང་བ་བཞིན། དུས་རིམ་དེ་ནས་བཟུང་སྐུ་འཚོ་བའི་བོན་པོ་དང་མོ་འདེབས་ཕྱྭ་ཀློག་བྱེད་མཁན་གྱི་སྲིད་པའི་བོན་གཤེན་མང་པོ་ཡང་ཡུལ་ལུང་དེ་དག་ཏུ་གནས་བཅའ་དགོས་བྱུང་ཡོད་པར་བརྟེན། བོན་གྱི་རིག་གནས་བཅའ་བ་གཏོ་དང་དཔྱད། མཚུངས་གཉིས་བརྗེ་བའི་གླུད་དང་བརྟག་པ་མོ་ལུང་གི་རིགས་སོགས་ཀྱང་བོད་ཀྱི་ཡུལ་ལུང་སྤྱི་དང་འདྲ་བར་ཡུལ་དེའི་སྤྱི་ཚོགས་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཁྲོད་མེད་དུ་མི་རུང་བའི་རྒྱུན་སྲོལ་རིག་གནས་ཤིག་ཏུ་གྲུབ་ཡོད་པར་སེམས།

ཏུན་ཧོང་ཀྭ་ཅུའི་རྒྱུད་དུ་ཡོད་པའི་བོད་ཀྱི་ཡིག་རྙིང་ཁག་ལས་སྲིད་པ་རྒྱུ་ཡི་བོན་གྱི་ཆོ་གའི་རིགས་མི་འདྲ་བ་རྣམས་དང་། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་བཀོད་པའི་དཔེ་ཚན་ཐར་ཐོར་ཁག་ཅིག་ནི་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སུ་ཡུལ་འདི་གར་བྱུང་བ་ནི་ཐེ་ཚོམས་མེད་པ་ཞིག་ལགས་ཤིང་། དེའི་རྗེས་ཀྱི་དུས་རབས་མང་པོའི་རིང་དུ་ཡང་ས་གནས་འདི་ཉིད་བོད་ཀྱི་མངའ་འོག་ཏུ་གནས་ཡོད་ཁར། བོད་ཀྱི་སྲིད་དང་ཆོས་ལུགས། ཤེས་རིག ཚོང་གཉེར་ལ་སོགས་བྱེད་སའི་ལྟེ་གནས་ལྟ་བུར་སོང་ཡོད་ཕྱིར། དུས་སྐབས་མི་འདྲ་བར་བྲིས་པའི་བོད་ཀྱི་སྲིད་ཁྲིམས་སྒྲིག་གཞི་དང་། སྨན་དཔེ། བོན་ཆོགཆོས་གཞུང་། མོ་དཔེ། སྒྱུར་ཡིག་ལ་སོགས་པའི་སྐོར་གྱི་དཔེ་ཚན་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་ནི། ཡུལ་དེ་ཉིད་བཙན་པོ་ཁྲི་ལྡེ་གཙུག་བརྟན་ནས་བཟུང་ཡུམ་བརྟན་དང་འོད་སྲུང་གི་བར་དུ་བོད་ཀྱི་མངའ་སྡེར་གནས་ཡོད་པའི་དཔང་རྟགས་སུ་འཁུམས་སོ། །མདོར་ན་བོད་ཀྱི་རྒྱལ་རབས་འཐོར་ཞིག་སོང་ནས་ཡུལ་འདིར་བྱེ་མའི་གཟེབས་སུ་མ་ཚུད་བར་གྱི་དུས་རིམ་ཕྱི་མ་རྣམས་སུ་ཡང་ཡུལ་འདི་དག་ཏུ་བོད་ཀྱི་ཆོས་དང་བོད་ཡིག་སྤྱོད་མཁན་བྱུང་ཡོད་ཚུལ་སྐོར་ནི་རྒྱའི་ཡིག་ཚགས་རྣམས་སུའང་ཞིབ་མོར་གསལ་བས་དེ་ལུགས་ལ་ཡུན་གྱིས་དཔྱད་པར་བྱའོ།།

མུ་འགོད།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *