མདོ་སྔགས་རྫོགས་གསུམ་གྱི་ལྟ་བའི་ཁྱད་པར།

རྩོམ་ཡིག་འདི་ཐེངས། 2467 བཀླགས་འདུག

kailash_and_mans-1     ཉེ་སྔོན་བདག་གི་གྲོགས་པོ་ཞིག་གིས་སྐད་འཕྲིན་བརྒྱུད་ནས་བདག་ལ་བོན་ལུགས་ཀྱི་མདོ་སྔགས་གཉིས་ཀྱི་ལྟ་བའི་ཁྱད་པར་སྐོར་ཁ་བརྡ་ཐུང་ངུ་ཞིག་བྱེད་རོགས་ཞེས་གསུངས་པས་བདག་གིས་ཀྱང་དཔའ་མེད་རུང་མདུང་ཕྲག་ལ་ཁུར་བའི་དཔེ་ལྟར་མི་ཤེས་ཤེས་ཁུར་བྱས་ཏེ་སྟབས་བདེའི་ལན་ཞིག་བྲིས་པ་འདི་ལྟར་ཡིན།

ཞང་བོད་ཤེས་རིག་གི་མེས་པོ་གཤེན་རབ་མི་བོའི་རིག་པའི་གཞུང་ལུགས་ལས་འཕྲོས་པའི་མདོ་སྔགས་སེམས་གསུམ་གྱི་ལྟ་གྲུབ་ནི་རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་ནང་རིག་པའི་བོན་སྡེ་རུ་གཏོགས་ཏེ་གདུལ་བྱ་སེམས་ཅན་གྱི་ཁམས་དང་མོས་པར་བསྟུན་ནས་ཡུན་གྱི་སྡུག་བསྔལ་སེལ་ཐབས་སུ་གསུངས་པའི་ཐབས་ཤེས་ཟུང་འབྲེལ་གྱི་རྣམ་བཞག་གཏན་ལ་ཕབ་པའི་རིག་གཞུང་ཞིག་ཡིན་པ་དང་། དེ་དག་ཡང་བློ་རིམ་པ་དགུ་འམ་མ་རིག་འཁྲུལ་བའི་བློ་དགུ་ལ་ལྟོས་ནས་བོན་ཐེག་པ་རིམ་པ་དགུ་རུ་ཕྱེས་ཡོད། དེ་དག་བསྡུས་ཏེ་བརྗོད་ན་མདོ་སྔགས་སེམས་གསུམ་ཀྱི་ཁོངས་སུ་འདུ་བར་མ་ཟད་ད་སྔ་ཡན་ཆོད་བདག་གིས་མཐོང་ཚུལ་ལ་བླ་མེད་སེམས་ཕྱོགས་ཀྱི་ཐེག་པའི་ཁྱད་འདོན་སྐབས་རྣམ་རང་སོགས་ཀྱི་ལྟ་སྤྱོད་བསྟན་པ་ཙམ་ལས་ཐེག་པ་རང་གཞུང་གི་དབང་དུ་བྱས་ཏེ་གསུངས་པའི་བོན་སྡེའམ་ཡང་ན་བོན་གྱི་མཁས་གྲུབ་གོང་རྣམས་ཀྱི་ལྟ་སྤྱོད་མཉམ་ལེན་དུ་མངའ་བའི་གཡུང་དྲུང་སེམས་དཔའ་ཡན་ཐེག་པའི་སྒོ་ལ་བསྟེན་པ་ལས་མ་གསལ་བས་ཁོ་བོས་དེ་བཞིན་གཞིར་བཟུང་གི་ཐོག་ནས་ཁྱད་པར་བཤད་རྒྱུ་ཡིན།

སྤྱིར་མདོ་སྔགས་སེམས་གསུམ་ཀྱི་ལྟ་བའི་ཁྱད་པར་ནི་ཟབ་ཅིང་གཏིང་རིང་བས་དབྱེ་འབྱེད་དཀའ་ན་ཡང་བདག་བློ་ལ་འཆར་ཚུལ་ཙམ་ཞུས་པ་ཡིན་ན་སྤང་བསྒྱུར་གྲོལ་གསུམ་གྱི་ཁྱད་པར་དུ་བྱས་ནས་གཞི་ལམ་འབྲས་གསུམ་སོ་སོ་བ་རེ་འཇོག་དགོས་པ་འདོད་ཀྱི་ཡོད་པས་དང་པོ་སྤང་ལམ་པའི་གཞི་ལམ་འབྲས་གསུམ་བཤད་པ་ལ།

དང་པོ་གཞི་ལ་བདེན་པ་གཉིས་ཀྱི་རྣམ་བཞག་བཤད་རྒྱུ་ཡོད་ན་གོང་འོག་ལྟ་བའི་ཁྱད་པར་གཙོ་བོ་དོན་དམ་གྱི་སྒོ་ནས་འབྱེད་དགོས་སྟབས་འདིར་དོན་དམ་བདེན་པ་བཤད་རྒྱུ་ཡིན་པས་དེའི་ལྟ་བ་དོན་དམ་གྱི་བདེན་པ་ནི་འཁོར་འདས་ཀྱི་བོན་ཐམས་བཅད་རང་ས་ནས་བརྟགས་པས་དངོས་པོ་བདེན་པ་གྲུབ་པའི་སྟོང་པ་བློ་བྱས་གྱི་ཆ་ཙམ་ལ་འཇོག་དགོས་རེད་བསམ་གྱིན་འདུག   གང་ཡིན་ཞེ་ན་བོན་ཉིད་ཀྱི་སྐུ་ཐོབ་བྱེད་ཀྱི་རྒྱུའམ་ཐབས་ནི་ལྟ་བ་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་འཇོག་དགོས་པ་དང་བོན་སྐུ་ནི་སྤང་བྱ་སྤངས་ཤུལ་དུ་གསར་སྐྱེ་ལྟ་བུར་འདོད་པའི་གནད་གྱིས་གྲུབ་འདུག་སྟེ་སྤང་གཉེན་གཉིས་ཚད་མ་དང་སྒྲོ་འདོགས་ནང་བཞིན་སྤང་གཉེན་སོ་སོ་བ་ཡོད་པས་སོ།།

གཉིས་པ། ལམ་གྱི་དབང་དུ་བྱས་ན་ཐབས་ཤེས་སོ་སོ་བ་གཉིས་ཟུང་འབྲེལ་དུ་བྱས་ནས་སྒོམ་དགོས་པ་ཡིན་ཏེ་སྲིད་ཞི་གཉིས་ཀྱི་གཉེན་པོ་སོ་སོ་བ་རེ་མ་བསྟེན་ན་ཤེས་རབ་ཀྱི་ཞི་མཐའ་འཇོམས་མི་ཐུབ་ལ་ཐབས་ཀྱིས་སྲིད་མཐའ་འཇོམས་མི་ཐུབ་སྟེ་ཤེས་རབ་རྐྱང་པ་བསྒོམས་པས་གཟུགས་སྐུ་མི་འགྲུབ་ལ་ཐབས་རྐྱང་བ་བསྒོམས་པས་བོན་སྐུ་མི་ཐོབ་པའོ།།

གསུམ་པ། འབྲས་བུའི་དབང་དུ་བྱས་ན་རྒྱུ་ལམ་གྱི་སྐབས་ནས་ངོ་བོ་ཡོད་ལ་མངོན་དུ་མ་གྱུར་པ་ལྟ་བུ་མ་ཡིན་པར་རྒྱུ་ཡི་ནུས་པ་མཐར་ཕྱིན་ནས་ད་གཟོད་འབྲས་བུའི་ངོ་བོ་གསར་དུ་གྲུབ་དགོས་པར་འདོད་པས་སོ།།

གཉིས་པ་བསྒྱུར་ལམ་པའི་དབང་དུ་བྱས་ན། དང་པོ་ལྟ་བ་ནི་སྟོང་བ་རང་གསལ་གྱི་སྙིང་པོ་ཅན་ཞིག་ལ་འཇོག་དགོས་ཏེ་སྟོང་པས་སྟོང་བ་འཇལ་བ་ལས་འཇལ་བྱེད་གཞན་ཞིག་ཡོད་ན་ཅི་ཡང་མ་ཡིན་པའི་ལྟ་བ་རུ་མི་འགྲོ་བར་མ་ཟད་རྟོགས་བྱེད་ཀྱི་བློ་ཞིག་ཡོད་ན་བློ་དེ་དང་འཛིན་སྟངས་ཐ་དད་པའི་བློ་ཞིག་དགོས་པ་དང་དེ་གཉིས་དུས་མཉམ་འཕྲད་ནས་དངོས་གཉེན་དང་ཞི་གཉེན་ཚུལ་དུ་འགྲོ་དགོས་པས་ཉོན་མོངས་སྤང་ཚུལ་ལས་བསྒྱུར་ཚུལ་དཀའ།

གཉིས་པ་ལམ་གྱི་དབང་དུ་བྱས་ན་དུག་ལྔ་དང་མ་དག་པའི་སྣང་བ་སྐུ་དང་ཡེ་ཤེས་སུ་བསྒྱུར་དགོས་ལ་བསྒྱུར་ཚུལ་ཇི་ལྟར་ཡིན་ཞེ་ན་ཉོན་མོངས་དང་ཡེ་ཤེས་གཉིས་ལག་པའི་ལྟོ་རྒྱབ་ནང་བཞིན་ཤེས་པའི་སྒོ་ནས་འདུ་ཤེས་བསྒྱུར་དགོས་པ་མ་ཡིན་ནམ་སྙམ་སྟེ་གང་ཡིན་ཞེ་ན་དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་ཀུན་སྣང་གི་ཏིང་ངེ་འཛིན་ལ་གོམ་པ་སོང་བའི་སྒོ་ནས་འབྲས་བུ་ཡིད་དམ་གྱི་ལྷ་སྐུའི་རྣམ་པ་བསྒོམས་པས་རྒྱུ་ཡི་ཏིང་ངེ་འཛིན་ལམ་དུ་བྱེད་དགོས་སོ།།

གསུམ་པ། འབྲས་བུའི་དབང་དུ་བྱས་ན་རྒྱུ་དུས་ནས་ཡོད་པའི་དེ་བཞིན་ཉིད་མངོན་དུ་བྱེད་པ་དང་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་ལྷ་སྐུ་མངོན་དུ་གྱུར་པ་ཞིག་དགོས་སོ།། སྔགས་ཕྱི་རྒྱུད་ལྟར་ན་ལྷ་སྐུ་གཞི་ལ་ལྷུན་གྲུབ་ཡིན་མིན་བརྟགས་དགོས་ན་ཡང་རྩ་བ་ཏིང་འཛིན་རྣམ་གསུམ་གྱི་ཁོག་དབུབ་དགོས་པ་གཅིག་མཚུངས་ཡིན།

སེམས་སྡེ་རྫོགས་པ་ཆེན་པོ་ལྟར་ན་གཞི་ལམ་འབྲས་གསུམ་ཡན་འགལ་བ་ཞིག་མེད་དེ་ཐམས་ཅད་རང་འབྱུང་ཡེ་ཤེས་སམ་བོན་སྐུ་བདེ་བ་ཆེན་པོའི་ངང་དུ་རྫོགས་པས་རིག་པ་རང་བབས་སུ་བཞག་ན་ཐམས་ཅད་རང་ཞི་རང་གྲོལ་དུ་འགྲོ་བ་ཡིན་པས་དེ་ལས་གཞན་དགོས་པ་ཡིད་ཐག་ཆོད་ན་དེ་ཀ་ཙམ་གྱིས་ཆོག་པ་ཡིན།། །།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *