གུང་ཐང་རྒྱལ་མོའི་བོན་ལུགས་ཀྱི་གཉེན་སྟོན།

རྩོམ་ཡིག་འདི་ཐེངས། 1417 བཀླགས་འདུག

IMG_6916—-བོན་པོའི་ཡིག་རྙིང<མིང་སྲིང་དཔལ་དགོས་དང་ལྷ་འདོགས>ཀྱི་སྐོར།

སྣུབས་ཀྱི་བཙུན་པ་ལྷ་ལུང་དཔལ་རྡོར་གྱི་བྱས་ཉེས་ངན་པ་ལས་བོད་ཀྱི་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་པ་དང་། དེའི་ཁྲོད་ནས་སྟོད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དུ་གྱར་བའི་བཙན་པོའི་མི་རྒྱུད་ཕྱི་མ་དག་གིས་མང་ཡུལ་གུང་ཐང་དུ་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོ་བཏབ་ཏེ་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་བསྐྱངས་ནས་མི་ལོ་ལྔ་བརྒྱ་ལྷག་ལ་ཆོས་སྲིད་གཉིས་ཀྱི་འགན་བཞེས་པ་ཡོད་པ་དེ་ལ་ཡོངས་གྲགས་སུ་གུང་ཐང་རྒྱལ་རབས་ཞེས་སུ་འབོད་པ་རེད།

གུང་ཐང་རྒྱལ་རབས་ལ་ཁྱོན་བསྡོམ་ལྷ་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་འཛིན་པའི་གདུང་རབས་ཉི་ཤུ་ལྷག་ཙམ་བྱུང་ཡོད་པ་དང་། སྐབས་བབས་ཀྱི་འཆད་བྱར་གྱུར་བའི་ཨཱ་གྲོལ་ཆོས་ཀྱི་སྒྲོན་མེ་ནི<བསམ་ལྡིང་ཕག་མོ་རྡོ་རྗེ་སྐྱེ་འཕྲེང་དང་པོ>གདུང་རབས་དེའི་ནང་གི་ཡབ་ཁྲི་ལྷ་དབང་རྒྱལ་མཚན་<༡༤༠༤-༡༤༦༤>དང་ཡུམ་མདོ་སྡེ་རྒྱལ་མོ་གཉིས་ཀྱི་སྲས་སུ་དུས་རབས་བཅོ་ལྔ་བར་འཁྲུངས་ཤིང་མཚན་གཞན་ལ་མཁྲོའི་གཙོ་མོ་དཀོན་མཆོག་རྒྱལ་མོ་ཞེས་ཀྱང་གསོལ་ལ་དེའི་རྣམ་ཐར་ཞིབ་པ་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་ཕྱི་ར་ཅན་གྱི་ཨང་རྟགས<༡༣༢>ནང་བཞུགས་པའི<ཡེ་ཤེས་མཁའ་འགྲོ་བསོད་ནམས་འདྲེན་པའི་སྐྱེད་ཡུམ་རྗེ་བཙུན་ཆོས་ཀྱི་སྒྲོན་མེ་རྣམ་ཐར་བཞུགས་སོ>བྱ་བ་དང་གུང་ཐང་རྒྱལ་པོའི་དབུ་བླ་ཆོས་དཔལ་བཟང་པོའི་ལོ་རྒྱུས་སོགས་སུ་གསལ་བས་དེར་གཟིགས་དགོས།

IMG_6914སྐབས་འདིར་གུང་ཐང་རྒྱལ་མོའི་སྲས་མོ་དམ་པ་ཨཱ་གྲོལ་ཆོས་ཀྱི་སྒྲོན་མེ་སྐུ་ན་ཆུང་ངུའི་དུས་སུ་ལ་སྟོད་ལྷོ་པའི་བདག་པོ་སི་ཏུ་བཙན་སྐྱབས་ཀྱི་སྲས་ཚེ་དབང་བཀྲ་ཤིས་ཀྱི་ཁབ་ཏུ་བག་མར་གནང་དུས་སུ་<མིང་སྲིང་དཔལ་དགོས་དང་ལྷ་འདོགས>ཞེས་པའི་གནའ་རབས་བོན་པོའི་འཇིག་རྟེན་མཐུན་འཇུག་གི་བག་སྟོན་ཆོ་ག་ཞིག་སྤེལ་ཡོད་པའི་སྐོར་ཅུང་ཟད་འཆད་རྒྱུ་ཡིན། ལར་ཨཱ་གྲོལ་ཆོས་སྒྲོན་ནི་སྐུ་ན་ཧ་ཅང་ཆུང་ངུའི་དུས་ནས་བཟུང་དམ་པའི་ཆོས་ཀྱི་བག་ཆགས་སད་ཅིང་སངས་རྒྱས་ཆོས་ལུགས་ལ་དད་འདུན་ཧ་ཅང་ཆེ་བའི་བཙན་པོའི་གདུང་རྒྱུད་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འཁྲུངས་ཡོད་ནའང་རེ་ཞིག་ཡབ་བཙན་པོའི་བཀའ་དབང་དང་སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོ་ལྟར་བཙན་དྲེག་ཆེ་བའི་ལྷོ་བདག་ཚང་ལ་མནའ་མར་འགྲོ་དགོས་བྱུང་ཡོད། ལ་སྟོད་ལྷོ་པའི་བདག་པོ་ཚང་ནི་སྟོན་པ་གཤེན་རབ་ཀྱིས་བསྟན་པའི་བོན་ལུགས་ལ་ཧ་ཅང་དད་པ་ཡོད་པའི་ཁྱིམ་རྒྱུད་ཆེན་པོ་ཞིག་ཡིན་ཞིང་ཨཱ་གྲོལ་ཆོས་ཀྱི་སྒྲོན་མེ་ཡིས་འཇིག་རྟེན་མཐུན་འཇུག་གི་བོན་ལུགས་ལྟར་བག་མའི་ཆོས་གོས་རྣམས་མནབ་ཡོད་ནའང་བོན་ཞྭ་གྱོན་པར་གཏན་ནས་ངོས་ལེན་བྱས་མེད་ཅིང་ཚུལ་དེས་སྐབས་དེ་གའི་བན་བོན་གྱི་འགལ་བ་ཅུང་ཟད་རྣོ་ངར་ཡིན་པ་མཚོན་བཞིན་ཡོད།

དེ་ལྟ་ནའང་འདིར་བཤད་འདོད་པ་དངོས་ནི་དེ་མ་ཡིན་པར་སྐབས་དེ་ག་རང་དུ་བོན་པོའི་གཉེན་སྟོན་ཆོ་ག་ཞིག་སྤེལ་ཡོད་པའི་སྐོར་དེ་ཡིན། གཉེན་སྟོན་ཆོ་ག་དེ་ལ་མ་མཐའ་ཡང་ད་ལྟའི་བར་ལོ་ལྔ་བརྒྱ་ལྷག་ཕྱིན་ཡོད་པས་དངོས་གནས་ལོ་རྒྱུས་ལྡན་པའི་གཉེན་སྟོན་ཆོ་ག་ཡ་མཚན་པ་ཞིག་རེད། དེ་ནི་ <ཡེ་ཤེས་མཁའ་འགྲོ་བསོད་ནམས་འདྲེན་པའི་སྐྱེད་ཡུམ་རྗེ་བཙུན་ཆོས་ཀྱི་སྒྲོན་མེ་རྣམ་ཐར་བཞུགས་སོ>བྱ་བའི་དཔེ་རྙིང་ཧ་ཅང་གལ་ཆེན་དེའི་ཤོག་ལྡེབ་བཅུ་གཅིག་པར”འཇིག་རྟེན་གྱི་རྒན་པོ་རྣམས་ལ་ཡོངས་སུ་གྲགས་པའི་མིང་སྲིང་དཔལ་དགོས་མཛད་པའི་ཐོག་མ་ལ”ཞེས་དང་ཡང་དེའི་ཤོག་ལྡེབ་བཅུ་བདུན་པར”དེ་ནས་རྒྱལ་པོའི་ཁང་བཟངས་སུ་ཕྱོགས་ཏེ་བོན་པོས་ལྷ་འདོགས་བགྱི་བར་འདོད་པ་ན། ཁོ་མོ་ནི་ཆོས་པས་ལྷ་ལ་ཐོགས་ཤིག་བལ་གྱི་ཐོལ་བརྟེན་པ་ནི་མ་ཡིན”ཞེས་སོགས་ཁུངས་སྣེར་བཟུང་ནས་དཔྱད་ན། བོན་པོའི་གནའ་རབས་ཀྱི་ཡིག་རྙིང་ཧ་ཅང་གལ་ཆེན<མིང་སྲིང་དཔལ་དགོས་དང་ལྷ་འདོགས་བཅས་བཞུགས་དགེའ་ལེགས་འཕེལ>ཞེས་པ་ནི་ཇི་འདྲའི་ཡིད་དུ་འོངས་པའི་ལོ་རྒྱུས་ཡིག་རྙིང་ཁུངས་བཙུན་ཞིག་རེད་ཨང་སྙམ་པ་བྱུང་།

IMG_6915བོན་ལུགས་ཀྱི་གཉེན་སྟོན་ཆོ་གའི་ཡིག་རྙིང<མིང་སྲིང་དཔལ་དགོས་དང་ལྷ་འདོགས་བཅས་བཞུགས་དགེའ་ལེགས་འཕེལ>ཞེས་པ་འདི་ནི་ཕྱི་ལོ༢༠༠༢ལོར་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཚན་གྲགས་ཅན་མཁར་རྨེའུ་བསམ་གཏན་གྱིས་ཉི་ཧོང་ཨོ་སི་ཁ་ནས་བསྒྲིགས་པའི<ཁུ་བྱུག་སྔོན་མོའི་གསུང་སྙན>ཞེས་པའི་དེབ་གཟུགས་ཀྱི་ནང་དུ་མ་ཕྱི་དང་བཅས་བཀོད་ཡོད་པ་དང་། གཉེན་སྟོན་ཆོ་གའི་ཡིག་རྙིང་འདི་ལ་མི་རབས་མང་པོ་ཞིག་ཕྱིན་ཡོད་པ་མ་ཟད་ལོ་ངོ་ལྔ་བརྒྱ་ལྷག་ཙམ་གྱི་གོང་རོལ་དུ་མཐོ་རིམ་བཙན་པོའི་ཁྱིམ་རྒྱུད་བཅས་སུ་གཉེན་སྟོན་ཆོ་ག་འདི་དངོས་སུ་ལག་ལེན་བྱེད་བཞིན་ཡོད་པར་བདེན་པ་རྭ་སྤྲོད་བྱེད་ནུས་པ་རེད། དེས་ན་ད་ནས་བཟུང་བོན་པོའི་ཡིག་རྙིང་གང་ཡོད་ཧྲིལ་གྱིས་འདོར་ཐབས་ལ་བརྩོན་པ་དེ་ནི་ང་ཚོའི་རིག་གཞུང་ཞིབ་འཇུག་གི་འགོག་རྐྱེན་ཧ་ཅང་ཚབ་ཆེན་ཞིག་ཡིན་པས་དྲང་བདེན་གྱི་སྤྱན་ཟུང་ལྡན་པའི་གཟུར་གནས་ཉམས་ཞིབ་པ་རྣམས་ཀྱིས་འདི་ཙམ་ཅིས་ཀྱང་ཐུགས་ལ་འདོགས་པར་འཚལ་ལོ།།

 

ཕྱི་ལོ༢༠༡༦/༣/༥/ལ་བན་ཤུལ་དཔལ་མཁར་རྒྱལ་གྱིས་དབུས་འགྱུར་ལྷ་ལྡན་གྱི་རང་ཤག་ཉི་འོད་ཅན་ནས་བྲིས་ཏེ་སྤེལ་བ་དགེའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *