རང་ཉིད་བོན་པོ་ཞིག་ཡིན་པའི་འདུ་ཤེས་དང་འགན་འཁྲི།  

རྩོམ་ཡིག་འདི་ཐེངས། 1701 བཀླགས་འདུག

Screen Shot 2016-01-24 at 1.40.02 AMསྤྱིར་འཛམ་གླིང་ས་ཆེན་པོའི་སྒང་དུ་ཆོས་ལུགས་སྟོང་ཕྲག་མང་པོ་ཡོད་པ་རེད། ཡིན་ན་ཡང་མཐོ་སྒང་གི་མི་རིགས་འདི་ཉིད་ཀྱི་ཆེས་ཐོག་མའི་ཆོས་ལུགས་སམ་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་དེ་བོན་པོའི་ཆོས་ལུགས་འདི་ཡིན་པ་རེད། དངོས་གནས་བྱས་ན་ང་ཚོ་བོན་པོ་ཙམ་མ་ཟད་བོད་མི་ཡོངས་ཀྱིས་བོན་པོའི་ཆོས་ལུགས་དང་རིག་གཞུང་ལ་གུས་འདུད་དང་ཤ་ཞེན་ཡོད་དགོས་པ་ཞིག་རེད། མི་རིགས་སུ་ཞིག་ཡིན་རུང་རང་གི་ཕ་མེས་ཀྱི་ཕྱོགས་ལ་ཞེན་པ་ཆེན་པོ་ཡོད་པ་ནི་འཇིག་རྟེན་མིའི་ཆོས་ཉིད་ཞིག་ཆགས་ཡོད།  ཡིན་ན་ཡང་བར་སྐབས་ཤིག་ནས་ཆོས་ལུགས་འཐེན་ཁྱེར་བྱེད་དྲགས་པའི་དབང་གིས་བོན་པོ་ཟེར་དུས་བོད་མི་མང་པོས་ལྟ་སྟངས་དང་མཐོང་སྣང་སྡུག་པོ་དེ་འདྲ་འང་ཆགས་པ་རེད། ཡིན་ན་ཡང་དེང་སང་གཞོན་སྐྱེས་གསེང་ནས་བོན་པོའི་ཆོས་རིག་ལ་དོ་སྣང་དང་གུས་བརྩི་གནང་མཁན་མང་དུ་ཐོན་བཞིན་ཡོད་པ་ལྟར་ང་ཚོས་ཆོས་ལུགས་ལ་དད་གུས་བྱེད་པ་ནི་ངོ་ཚ་དགོས་པ་དེ་འདྲ་རྩ་བ་ནས་མ་རེད། འཛམ་གླིང་འདིར་མི་གྲངས་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་རེད། དེའི་ནང་ནས་དུང་ཕྱུར་དྲུག་ཅུ་ཙམ་ཆོས་ལུགས་ཡོད་མཁན་ཡིན་ཟེར་གྱི་ཡོད། འཛམ་གླིང་ནས་ཆོས་ལུགས་རྒྱ་ཆེ་ཤོས་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་བཅས་རེད། ཁོ་ཚོས་ཀྱང་རང་ཉིད་ཡེ་ཤུ་བ་དང་ཁ་ཆེ་བ་ཡིན་པའི་ངོས་འཛིན་ཏན་ཏན་ཡོད་པ་རེད། དེ་འདྲ་ཡིན་དུས་རང་བོན་པོ་ཞིག་ཡིན་ཕྱིན་རང་ཉིད་བོན་པོ་ཡིན་པའི་འདུ་ཤེས་དེ་འདོར་མི་ཉེན་པ་ཞིག་རེད། རང་ཉིད་བོན་པོ་ཡིན་པའི་འདུ་ཤེས་དེ་ག་འདྲ་ཞིག་གི་ཐོག་ནས་ངོས་འཛིན་བྱེད་དགོས་སམ་ཟེར་ན། སོ་སོའི་མི་ཚེ་རིང་མོར་ས་གནས་མི་འདྲ་བ་དང་མི་རིགས་མི་འདྲ་བ་མང་པོའི་ནང་དུ་འབྱོར་སྲིད་ཀྱི་རེད། དུས་སྐབས་དེར་གནས་སྟངས་ག་འདྲ་ཞིག་དང་འཕྲད་རུང་རང་ཉིད་གཤེན་རབ་མི་བོའི་ཆོས་རྒྱུད་འཛིན་མཁན་དང་དེ་ལ་དད་མོས་བྱེད་པའི་མི་ཞིག་ཡིན་པའི་འདུ་ཤེས་དང་མ་བྲལ་བར་བྱེད་དགོས་པ་ཡིན།  འདུ་ཤེས་དེ་དང་འབྲེལ་བའི་ལུས་ངག་གི་སྤྱོད་ལམ་ཡང་མ་འཆུག་པ་གནང་དགོས། རང་ཁྱིམ་དུ་བོན་གྱི་ལྷ་སྐུ་དང་། ཐང་ག། གསུང་རབ་བཅས་གཤམ་འཇོག་བྱེད་པ་ནི་རང་ཉིད་བོན་པོ་ཞིག་ཡིན་པའི་འདུ་ཤེས་མ་བོར་བ་མཚོན་ནུས་པ་ཡིན་ལ། སྐེ་ལ་བོན་གྱི་སྲུང་འཁོར་དང་སྲུང་མདུད་འདོག་པ། ཁང་ཐོག་ཏུ་རླུང་དར་འཛུགས་པ། ཁ་ནས་མ་ཏྲི་དང་དུ་ཏྲི་སོགས་འདོན་པ་ནི། དེ་བས་རང་ཉིད་བོན་པོ་ཡིན་པའི་འདུ་ཤེས་ལྡན་པ་གསལ་པོར་མཚོན་གྱིན་ཡོད། དེང་སྐབས་བོད་མི་མང་པོས་བསམ་པར་ཆོས་ལུགས་འདི་མི་རིགས་མཐུན་སྒྲིལ་གྱི་བཀག་རྡོ་དང་བེད་སྤྱོད་མེད་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྐྱེན་ཞིག་རེད་སྙམ་བཞིན་ཡོད།  ཕྱོགས་འགའ་རེ་ནས་དེ་འདྲ་ཡོང་གི་ཡོད་ན་ཡང་གནས་སྟངས་མང་པོ་ཞིག་ནས་ཕན་ཐོག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། འཛམ་གླིང་གི་མི་རིགས་ཕལ་མོ་ཆེས་ཀྱང་སེམས་པ་ཆོས་ལུགས་ལ་ཤུགས་ཆེན་འཐམ་ནས་གནས་ཡོད་ལ། ཆོས་ལུགས་ནི་འཇིག་རྟེན་འདིར་ཆེས་སྔ་མོ་ཞིག་ནས་དར་བ་མ་ཟད་ད་དུང་ཡང་འགྲོ་བ་མི་རྣམས་ཀྱི་འཚོ་བའི་ཁྲོད་ན་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་བསྡད་པ་འདིས་ཆོས་ཀྱི་རིན་ཐང་ཚད་མཐོན་པོ་ཞིག་མཚོན་གྱི་ཡོད། མ་འོངས་པར་སྤྱི་ཚོགས་ནང་དུ་ཆོས་ལུགས་ནི་རྒྱུན་མཐུན་ནས་འཚོ་ཐུབ་པ་ཞིག་རེད། གང་ཡིན་ཟེར་ན་ཆོས་ལུགས་ཀྱིས་མི་སེམས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་ནུས་པ་མ་ཟད་སེམས་ཀྱི་བདེ་སྐྱིད་མང་པོ་ཞིག་གསར་སྐྲུན་བྱེད་ནུས་པས་ཡིན། སྤྱིར་འགྲོ་བ་མི་ཞིག་ཡིན་ན་རང་ནུས་དང་འཚམས་པའི་འགན་འཁྲི་རེ་ཡོད་ལ། ལོ་རྒྱུས་དང་རིག་གཞུང་ཕུན་སུམ་ཚོགས་པ་ལྡན་པའི་མི་རིགས་སམ་ཆོས་ལུགས་སུ་ཡིན་རུང་རང་ལ་འོས་བབ་ཀྱི་འགན་འཁྲི་རེ་ངེས་པར་ཡོད་བསྡད་པ་ཞིག་རེད། དཔེར་ན་བོད་པ་ཞིག་ཡིན་ན། བོད་པ་ཡིན་པའི་འགན་འཁྲི་དང་། དཔོན་པོ་ཞིག་ཡིན་ན་དཔོན་པོའི་འགན་འཁྲི། བླ་མ་ཞིག་ཡིན་ན་བླ་མ་ཡིན་པའི་འགན་འཁྲི་རེ་ཁུར་དགོས་པ་ལྟར། རང་ཉིད་བོན་པོ་ཞིག་ཡིན་ན་བོན་པོའི་འགན་འཁྲི་ཞིག་ཁུར་དགོས་པ་རེད། བོན་པོ་ཞིག་ཡིན་པའི་འགན་འཁྲི་ག་འདྲ་བྱེད་ནས་ཁུར་དགོས་སམ་ཟེར་ན། དེ་གཙོ་བོ་བོན་པོའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་ལྷག་བསམ་བྱེད་རྒྱུ་དེ་རེད། སྤྱིར་འགྲོ་བ་ཀུན་ལ་སྨན་པའི་ལས་དོན་རིགས་ལ་ཧུར་བརྩོན་བྱེད་ནས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་དང་། དུས་རྒྱུན་རང་གི་སེམས་ཐོག་ནས་བོན་ཆོས་ལ་དད་མོས་དང་བཀུར་བསྟི་མ་ཆད་པ་བྱེད་དགོས་པ་རེད། མ་ཟད་བོན་ཆོས་དང་འབྲེལ་བའི་གསུང་རབ་བླུ་ཉོ་དང་། ལྷ་རྟེན་བཞེངས་བསྐྲུན། རིམ་གྲོ་བཅའ་འདོན་ཁྱིམ་དུ་མཆོད་གཤོམ་བྱེད་པ་བཅས་ནི་བོན་ཆོས་ལ་ཞབས་འདེགས་དང་རང་ཉིད་ཀྱི་བསོད་ནམས་ཡིན་པ་ཟད་བོན་པོ་ཡིན་པའི་འགན་འཁྲི་ཡང་དེ་ཡིན། མདོར་ན་སོ་སོའི་ཤེས་འཇོན་དང་འཚམས་པའི་སྒོ་ནས་བོན་གྱི་སྤྱི་ཚོགས་ལ་ཞབས་འདེགས་དང་ལྷག་བསམ་མཐུན་སྒྲིལ་སོགས་མཐུན་ཕྱོགས་ཀྱི་ལས་དོན་གཉེར་གང་ཐུབ་བྱེད་རྒྱུ་དང་། རང་རིགས་ཀྱི་སྤྱི་ཚོགས་ལ་གནོད་པའི་འགལ་རྐྱེན་དང་ཞབས་འདྲེན་རིགས་སོགས་ལ་དུས་རྒྱུན་དུ་འཛེམ་ཟོན་བྱེད་དགོས་པ་ཡིན། དེ་འདྲའི་ཁུར་དོན་ལས་མ་འདས་པ་ཞིག་གནང་ཐུབ་ན་བོན་པོ་ཞིག་ཡིན་པའི་ལས་འགན་ཚད་དང་ལྡན་པ་ཞིག་ཁུར་བ་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *