རྒྱ་དཀར་ནག་དང་སོག་པོའི་ཤུགས་རྐྱེན་དག་འཕུད་པའི་བོད་རང་ལ་ག་རེ་ཡོད།

རྩོམ་ཡིག་འདི་ཐེངས། 8483 བཀླགས་འདུག

Screen Shot 2015-11-16 at 12.57.01 AM

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཡུ་རོབ་ནང་སྐོར་སྐྱོད་དང་བསྟུན་ཏེ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢ ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གྲོས་ཚོགས་སྤྱི་གླིང་དུ། རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོན་གྱི་ལོ་རྒྱུས་མཁས་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ལ། རྒྱལ་སྤྱིའི་བོད་རིག་པའི་ད་ལྟའི་གནས་སྟངས་དང་གཡུང་དྲུང་བོན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས།

དྲི་བ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ལ་བོད་ཕྱི་ནང་གཉིས་སུ་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མ་ཟད། དེང་སྐབས་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་མི་རིགས་ཁྲོད་བོད་རིག་པའི་མཁས་པའང་མང་པོ་ཞིག་ཡོང་བཞིན་ཡོད་སྟབས། ད་ལྟ་རྒྱལ་སྤྱིའི་ཐོག་བོད་རིག་པ་ཟེར་བ་འདིར་གདེང་འཇོག་དང་ངོས་འཛིན་གང་འདྲ་ཡོད་དམ།

ལན། ‘བོད་རིག་པ’ ཟེར་བའི་ཐ་སྙད་འདི་བདུན་ཅུ་དོན་གྲངས་ཤིག་ནས་མགོ་བཙུགས་སོང་། དེའི་སྔོན་ལ་བོད་རིག་པ་ཟེར་བ་ཞིག་མི་འདུག བོད་སྐོར་ལ་ཞིབ་འཇུག་དང་། བོད་སྐོར་ལ་སློབ་སྦྱོང་ཟེར་ལྟ་བུ་རེད། སྐབས་དེར་རྒྱ་རིགས་ཁ་ཤས་ཀྱིས་བོད་རིག་པ་ལབ་ན་འགྲིག་གི་མ་རེད། བོད་ལ་ལོགས་སུ་རིག་པ་དེ་འདྲ་ཡོད་པ་མ་རེད། ཚན་རིག་ཞིབ་འཇུག་གི་ཐོག་ནས་འགྲོ་ཐུབ་པ་ཁག་པོ་རེད་ལབ་སོང་། བོད་པའི་མཁས་པ་ཁ་ཤས་ཀྱིས་དེ་ལ་རྩོད་པ་བརྒྱབ་པ་རེད་དེ་བྱུང་མ་སོང་། རྗེས་སུ་ངས་དེ་ལ་ལན་ཞིག་བརྒྱབ་པ་ཡིན། བོད་ཟེར་བ་དེར་ལོ་ངོ་སྟོང་ཕྲག་གཉིས་དང་གསུམ་གྱི་ལོ་རྒྱུས་ཡོད་པ་མ་ཟད། མི་རིགས་དང་ས་ཁོངས་ལོགས་སུ་ཡོད་པ་རེད། དེ་ལ་སྐད་ཡིག་རིག་གཞུང་དང་། རྒྱལ་རབས་ལོ་རྒྱུས་ཆ་ཚང་བ་ཞིག་ཡོད་པ་འདི་དག་བོད་རིག་པ་རེད་ཅེས་ལབ་པ་ཡིན། thumb_IMG_2486_1024-copy-copyདེའི་རྗེས་ལ་རྒྱལ་སྤྱིའི་བོད་རིག་པའི་ན་གཞོན་ཚོགས་པ་ཞིག་མགོ་བཙུགས་ཏེ་ ༡༩༧༧ ལོར་སུད་སི་ནས་ཚོགས་འདུ་ཞིག་ཚོགས་སོང་། དེ་ནས་ལོ་ཤས་རྗེས་ལ་གཞི་ནས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་མགོ་བཙུགས་ཏེ་དབྱིན་སྐད་ནང་ International Assocaition of Tibet Study ཟེར་བ་དེ་བྱུང་ཞིང་། ཡོངས་ཁྱབ་ཏུ་དབྱིན་སྐད་ནང་(Tibetology)ཟེར་བ་དེ་ཚང་མས་ངོས་འཛིན་བྱས་པ་རེད། རིམ་པས་གཙུག་ལག་སློབ་གྲྭ་ཁག་ཏུའང་བོད་རིག་པའི་སྐོར་ལ་ཕྱག་ལས་གནང་མཁན་ཟུར་དུ་ཡོད་པ་དེ་འདྲ་ཆགས་པ་རེད། ད་ལྟ་ཕྱི་རྒྱལ་མི་རིགས་ཁྲོད་དུའང་བོད་རིག་པའི་མཁས་པ་མང་པོ་འདུག ཡིན་ནའང་བོད་རིག་པའི་ཤེས་ཡོན་ཆུ་ཚད་སྣ་ཚོགས་རེད་བསམ་གྱི་འདུག

དྲི་བ། ཕྱི་རྒྱལ་མི་རིགས་ཁྲོད་བོད་རིག་པའི་མཁས་པ་མང་པོ་འབྱུང་བཞིན་ཡོད་པའི་རྒྱུ་མཚན་གཙོ་བོ་བོད་པའི་ཆོས་ལུགས་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད་དམ། ཡང་ན་བོད་རིག་པར་རིན་ཐང་གི་ངོས་འཛིན་ཐོག་ནས་ཡོང་གི་ཡོད་པ་རེད། 

ལན། བདུན་ཅུ་བརྒྱད་ཅུའི་ནང་བོད་པའི་བླ་སྤྲུལ་མང་པོ་ཞིག་ཡུ་རོབ་ནང་ཕེབས་ཏེ་ཆོས་ཚོགས་མང་པོ་བཙུགས་པ་རེད། ཆོས་ཚོགས་དེ་དག་གིས་ཆོས་བཤད་དགོས་ན་དབྱིན་སྐད་དང་ཧྥ་རན་སིའི་སྐད་གང་རུང་ཐོག་བསྒྱུར་ན་མ་གཏོགས་ཕྱི་རྒྱལ་བ་ཚོས་གོ་ཐུབ་ཀྱི་ཡོད་པ་མ་རེད། སྐབས་དེར་སློབ་གྲྭ་ཁག་དང་སྒེར་ནས་བོད་ཡིག་བོད་སྐད་སྦྱོང་མཁན་མང་ཆེ་བ་ཆོས་ཚོགས་ཁག་ནས་བཏང་ཡོང་གི་འདུག གཉིས་ནས་ནུབ་ཕྱོགས་སུ་ནང་ཆོས་ལ་དོ་སྣང་སླེབས་ཡོང་སྐབས། ནང་ཆོས་ཡག་པོ་ཞིག་སྦྱོང་དགོས་ན་བོད་སྐད་ནང་མ་གཏོགས་ཡོད་པ་མ་རེད། གང་ཡིན་ཟེར་ན། ཐོག་མ་ཤཱཀྱ་ཐུབ་པའི་གསུང་མདོ་དང་སྔགས་དེ་ཚོ་སཾསྐྲིཏའི་སྐད་ནས་བོད་སྐད་ནང་བསྒྱུར་བ་རེད། རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར། རྒྱ་ནག་དང་ཉི་ཧོང་སོགས་སུ་ནང་ཆོས་དར་ཡོད་ཀྱང་བཀའ་བསྟན་ཆ་ཚང་བ་ཞིག་བསྒྱུར་ཐུབ་ཡོད་པ་མ་རེད། བསྒྱུར་བ་དག་ཀྱང་དོན་བསྒྱུར་མ་ཐོག་སྒྲ་བསྒྱུར་ཐུབ་ཡོད་པ་མ་རེད། དགོས་མཁོ་དེ་འདྲ་ཞིག་གི་འོག་ནས་ནུབ་ཕྱོགས་པ་ཚོས་བོད་ཡིག་བོད་སྐད་ལ་དོ་སྣང་བྱུང་བ་རེད་བསམ་གྱི་འདུག

བོད་རིག་པ་ཞིབ་འཇུག་ཟེར་བ་དེ་སྔོན་མ་ཕྱི་རྒྱལ་ཁག་ལ་ཆ་བཞག་ན། མཐོ་རིམ་སློབ་གྲྭ་ཁག་ནང་བོད་སྐོར་ལ་སློབ་སྦྱོང་བྱེད་དགོས་ན་བོད་ཡིག་གཅིག་པུས་འདང་གི་ཡོད་པ་མ་རེད། རྒྱ་ཡིག་དང་། ཡང་ན་རྒྱ་གར་གྱི་སཾསྐྲིཏའི་སྐད་འདྲ་བོ་ཞིག་སྦྱོང་དགོས་ཀྱི་ཡོད་པ་རེད། ལོ་རབས་བརྒྱད་ཅུ་ཡས་མས་ནས་བོད་ཡིག་གཅིག་པུའི་ཐོག་མཐོ་རིམ་བར་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཆགས་ཏེ། ད་ལྟ་འཛམ་གླིང་གི་གཙུག་ལག་སློབ་གྲྭ་གང་ལ་སོང་ན་ཤར་ཕྱོགས་ཀྱི་སྐད་ཡིག་ཡོད་ན། བོད་ཡིག་བོད་སྐད་ཐོག་ནས་འབུམ་རམས་པ་སོགས་སྦྱོང་རྒྱུ་ཡོད་པ་རེད།

དྲི་བ། དེང་སྐབས་བོད་རིག་པའི་མཁས་པ་མང་པོ་ཞིག་ཡོང་གི་འདུག སྐུ་ཉིད་ལ་བོད་པའི་མཁས་པའི་ཁྲོད་དུ་བོད་རིག་པའི་ཞིབ་འཇུག་པ་ཚད་ལྡན་དང་དཔྱད་འབྲས་ཚད་ལྡན་དེ་འདྲ་འཐོན་ཐུབ་ཀྱི་མེད་པའི་སྣང་ཚུལ་འདུག་གམ།

ལན། དེ་བདེན་པ་རེད། གཙོ་བོ་བོད་པའི་ཆོས་ལུགས་དང་དགོན་སྡེའི་ཤུགས་རྐྱེན་ཐེབས་པ་རེད། ༡༦༤༢ ལོ་ནས་དགའ་ལྡན་ཕོ་བྲང་བཙུགས་པ་དང་། དུས་དེ་ནས་དགེ་ལུགས་པའི་བསྟན་པ་ཧ་ཅང་རྒྱ་ཆེན་པོ་དར། བོད་པའི་མི་འབོར་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་གྲྭ་བ་རེད། སློབ་སྦྱོང་བྱེད་ས་དགོན་པ་མ་གཏོགས་ཡོད་པ་མ་རེད། བོད་པའི་བསམ་བློ་གཏོང་སྟངས་དེ་ཆོས་ལུགས་གཅིག་པུར་མ་གཏོགས་བསམ་བློ་གཏོང་མ་ཤེས་པ་ཆགས་པ་རེད། ཡུ་རོབ་ལ་མཚོན་ན་དུས་རབས་བཅུ་དྲུག་བཅུ་བདུན་ནས་བཟུང་ཚན་རིག་དང་འཕྲུལ་ཆ་(Science and technology) དར་པ་རེད། བོད་པ་ཚོས་དེ་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ནུས་པ་ཡོད་པ་མ་རེད། དེ་རིགས་ཕྱི་རོལ་མི་རྟག་པ་རེད་ཟེར་ནས་རྦད་དེ་བཀག་པ་རེད། ཕྱི་རྒྱལ་མི་རིགས་ལ་མཚོན་ན། ཁོ་རང་ཚོར་ཆོས་ལུགས་ཡོད་པ་རེད་ལ་དེར་དད་པའང་ཡོད་པ་རེད། དེ་གཉིས་མཉམ་བསྲེས་བྱེད་པ་མ་རེད། བོད་པ་ཚོས་ཞིབ་འཇུག་མང་པོ་ཞིག་དད་པ་དང་འདྲེས་པ། ཡང་ན་ཕྱོགས་ལྷུང་བྱེད་པ་དང་སྒེར་གྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མཉམ་བསྲེས་བྱས་ནས་ཡོང་གི་འདུག དེ་ཚན་རིག་དང་ལྡན་པའི་དཔྱད་ཐབས་ཤིག་ཆགས་ཀྱི་ཡོད་པ་མ་རེད་ལ། དམངས་གཙོའི་རིང་ལུགས་དང་ཡང་མཐུན་གྱི་ཡོད་པ་མ་རེད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སོགས་སུ་བསྣམས་ཕེབས་པའི་དཔྱད་རྩོམ་དང་། དེ་མ་ཡིན་པའི་བོད་ཕྱི་ནང་གི་དཔྱད་རྩོམ་མང་ཆེ་བ་ཞིག་ལ་སྐྱོན་ག་རེ་འདུག་ཟེར་ན། དད་ཞེན་དང་རིགས་ཞེན་གྱི་སྐྱོན་འདུག དེར་བརྟེན། ཕྱི་རྒྱལ་གྱི་རིག་པ་སྨྲ་བ་མང་པོ་ཞིག་གིས་སྔོན་ཆད་ཀྱི་བོད་པའི་ཞིབ་འཇུག་པ་དང་ཞིབ་འཇུག་གི་དཔྱད་འབྲས་དེ་ཚོ་ངོས་ལེན་བྱེད་ཀྱི་མི་འདུག

ད་ལྟ་གཞོན་སྐྱེས་ཚོའི་ནང་ཤེས་ཡོན་ཅན་མང་པོ་ཡོང་གི་འདུག ཡིན་ནའང་ཞིབ་འཇུག་བྱེད་ཐབས་ཤེས་ཀྱི་མེད་པ་དང་། ཞིབ་འཇུག་གི་ཁ་ཕྱོགས་ཟེར་ན་འདྲ། དཔྱད་གཞི་གདམ་གསེས་བྱེད་སྐབས་རྒྱ་ཆེ་དྲགས་ཏེ་སྤྱི་བཤད་ཙམ་དང་ངོ་སྤྲོད་ཙམ་མ་གཏོགས་ཞིབ་འཇུག་གཏིང་ཟབ་མོ་ཡོང་ཐུབ་ཀྱི་མི་འདུག ཕྱོགས་གཞན་ཞིག་ནས་བོད་པ་ཚོར་ཞིབ་འཇུག་ལབ་དུས་རྒྱ་ཆེན་པོ་དང་རྫིག་པོ་ཞེ་དྲགས་ཤིག་ལ་མཐོང་སྟེ། སྤྱིར་བཏང་བྱས་ན་ཕྱི་རྒྱལ་དེ་ཚོ་ཡིན་ན་འབུ་རིགས་གཅིག་ལ་ཞིབ་འཇུག་བྱེད་པ་དང་། རྩྭ་ལྡུམ་གཅིག་ལ་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ནས་སྐད་གྲགས་ཆགས་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་བཞིན་དུ་བོད་པའི་ཞིབ་འཇུག་པ་ཚོས་ཀྱང་བོད་པའི་རྩམ་པ་དང་གཏོར་མ་སོགས་ལ་ཞིབ་འཇུག་བྱས་ན་འགྲིག་གི་རེད། གླིང་གེ་སར་རྒྱལ་པ་དེ་འདྲ་ཆེན་པོ་དགོས་པ་མ་རེད། ང་དགུ་ལོ་ཡས་མས་ཀྱི་མི་སྣ་དེ་འདྲར་ཞིབ་འཇུག་བྱས་ནའང་འགྲིག་གི་རེད།

དྲི་བ། བོད་དུ་ཤེས་རིག་དར་བའི་ལོ་རྒྱུས་ཁྲོད་སངས་རྒྱས་ཆོས་ལུགས་དང་བོན་གྱི་ཆོས་ལུགས་ཀྱིས་བོད་པའི་སྤྱི་ཚོགས་འཕེལ་རྒྱས་ཐོག་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་དམ། 

ལན། བོད་པ་རང་གི་ཤེས་རིག་ཐོག་སངས་རྒྱས་ཆོས་ལུགས་དར་བ་དེས་ཞེ་དྲགས་ཆ་ཚང་བ་དང་ཕུན་སུམ་ཚོགས་པོ་ཞིག་ཏུ་བཏང་བ་རེད། དེ་མེད་ན་དེ་རང་ཁ་སང་བོད་པའི་ཤེས་རིག་ག་འདྲ་ཞིག་ཡོད་པ་རེད་ཟེར་ན་བཤད་ཁག་པོ་རེད། ཡིན་ནའང་ཤཱཀྱའི་བསྟན་པ་བོད་ལ་དར་ནས་ལོ་ ༡༣༠༠ ལྷག་ལས་ཕྱིན་ཡོད་པ་མ་རེད། བོད་པའི་ལོ་རྒྱུས་ཡར་དེད་ན་ལོ་སུམ་སྟོང་ནས་བཞི་སྟོང་ལ་གཏུག་ཐུབ་ཀྱི་ཡོད། དབྱིན་སྐད་ནང་(civilization)ཟེར་བ་ལྟར་ཕྱིན་ན་ལོ་ཁྲི་མང་པོར་ཡར་གཏུག་ཐུབ་ཀྱི་ཡོད་པ་རེད། བོད་པའི་ཁྱིམ་མཚེས་རྒྱ་གར་དང་རྒྱ་ནག་སོགས་ལ་ལོ་ངོ་བཞི་སྟོང་ལྔ་སྟོང་གི་ཤེས་རིག་དར་བའི་ལོ་རྒྱུས་ཡོད་ཟེར་ནས་ང་རྒྱལ་བྱེད་ཀྱི་ཡོད་པ་རེད། ས་ཁམས་ཆགས་རིམ་དང་། དངོས་ཁམས་རིག་པ། གནའ་རྫས་སོགས་ལ་བརྟག་དཔྱད་བཏང་ན། བོད་མཐོ་སྒང་ལ་རྒྱ་དཀར་ནག་ལས་ཀྱང་སྔ་བའི་སེམས་ཅན་འཚོ་སྟོད་དང་དཔལ་ཡོན་དར་བའི་དཔང་རྟགས་རེག་གི་ཡོད་པ་རེད། ཤཱཀྱ་ཐུབ་པའི་བསྟན་པ་བོད་ལ་མ་དར་སྔོན་ནས་བོན་དར་ཡོད་པ་གཏན་ཁེལ་རེད། ཡིན་ནའང་བོན་པོའི་ཆོས་ལུགས་ཐོག་མ་ག་དུས་དར་བ་རེད་ཟེར་ན་སུས་ཀྱང་བཤད་ཐུབ་ཀྱི་ཡོད་པ་མ་རེད།

ཞང་ཞུང་ཟེར་བ་དེར་བཤད་ཚུལ་འདྲ་མིན་ཡོད་ཀྱང་། བོད་ཀྱི་ཆ་ཤས་ཤིག་ཡིན་པ་གསལ་བོ་རེད། དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོས་ཞང་ཞུང་མངའ་འོག་ཏུ་བསྡུས་པ་རེད། དེའི་སྔོན་ནས་ཞང་ཞུང་ལ་སྐད་དང་ཡི་གེ་ཡོད་པ་གསལ་བོ་ཡིན་ནའང་སྐད་དེ་ག་འདྲ་ཞིག་ཡོད་པ་རེད། དཔེར་ན། “ང་དེ་རིང་རི་མགོར་འགྲོ་རྒྱུ་ཡིན” ཞེས་པ་ཞང་ཞུང་སྐད་ནང་ཇི་ལྟར་བཤད་དགོས་པ་ཤེས་མཁན་ཡོད་པ་མ་རེད། དེབ་རྙིང་དེ་ཚོའི་ནང་དུ་ཞང་ཞུང་གི་ཚིག་མང་པོ་ཞིག་འཐོན་ཡོང་གི་ཡོད་ཀྱང་། བྱ་ཚིག་དང་བྱེད་པ་པོ། ཚིག་གི་འགྲོ་སྟངས་སོགས་ག་འདྲ་ཡོད་མེད་ཤེས་ཐུབ་ཀྱི་ཡོད་པ་མ་རེད། ཞང་ཞུང་གི་སྐད་དང་བོད་སྐད་ཤན་སྦྱར་གྱི་དཔེ་ཆ་ཞིག་ཡོད་པ་རེད། དེ་དུས་རབས་བཅུ་གཅིག་པའི་ནང་བྱུང་བ་རེད། དེ་བཞིན། ཞང་ཞུང་གི་ས་ཆ་དེའང་གངས་ཏེ་སེའི་མཐའ་ཁོར་ཡིན་པ་གསལ་བོ་རེད། ཁྱུང་ལུང་དང་མཚོ་མ་ཕམ་སོགས་ཞང་ཞུང་གི་ས་ཆ་རེད། རྗེས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་དམག་བཏང་སྟེ་མངའ་འོག་ཏུ་བཅུག་རྗེས། ཞང་ཞུང་ཁོ་རང་ཚོའི་སྐད་དང་ཡི་གེ་རིམ་གྱིས་བརླགས་པ་རེད་བསམ་གྱི་འདུག ཁ་སང་དེ་རིང་ང་ཚོའི་བོད་པའང་རྒྱའི་འོག་ཏུ་ཚུད་དེ་སྐད་དང་ཡི་གེ་ལ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་ལྟ་བུ་རེད། ཞང་ཞུང་སྨར་ཡིག་ཟེར་བ་དང་། སྨར་ཆེན་དང་སྨར་ཆུང་ཟེར་བ་ཞིག་ཡོང་གི་འདུག་ཀྱང་། དེ་ཚོའི་ནང་བྲིས་པའི་བོན་པོའི་གཞུང་དེ་འདྲ་ངས་མཐོང་མ་སོང་། བོན་དེ་ཞང་ཞུང་ནས་དར་བ་རེད་ཟེར་བ་དང་། སྟག་གཟིག་ནས་དར་བ་རེད་ཟེར་བ་སོགས་ཤོད་སྟངས་སྣ་ཚོགས་རེད། གལ་སྲིད་སྟག་གཟིག་ཡིན་ན་དེང་གི་ཨི་རན་རེད་ཟེར་གྱི་ཡོད་པ་རེད།

དྲི་བ། སྟོན་པ་ཤཱཀྱ་ཐུབ་པའི་ནང་ཆོས་དང་། སྟོན་པ་གཤེན་རབ་གྱི་བོན་ཆོས་གཉིས་ལ་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད་སྟབས། ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཡོད་པ་གསལ་བོ་རེད། དེ་སྟོན་པ་ཁོ་རང་གཉིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་རེད་དམ། ཡང་ན། ཁོ་རང་གཉིས་ཀྱི་རྗེས་འཇུག་པ་ཚོས་ཕན་ཚུན་ལ་བསྟུན་ཏེ་བཟོས་བཞག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད། 

ལན། ང་རང་གི་བསམ་ཚུལ་བྱས་ན། རྗེས་འཇུག་པ་ཚོས་བཟོས་བཞག་པ་ཞིག་རེད་བསམ་གྱི་ཡོད། སྟོན་པ་ཤཱཀྱ་ཐུབ་པ་ཁོ་རང་བཞུགས་སྐབས་ཁོ་རང་གི་གསུང་འབུམ་འདི་རེད་ཟེར་བ་ཞིག་མཐོང་རྒྱུ་ཡོད་པ་མ་རེད། ཕྱིས་སུ་རྗེས་འཇུག་པ་ཚོས་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་སྐབས་དེར་འདི་འདྲ་ཞིག་གོ་སོང་ཟེར་ནས་ཡིག་ཐོག་ཏུ་ཕབ་བཞག་པ་རེད། ད་དུང་ཉན་ཐོས་དེ་ཚོ་སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་མིའང་མ་རེད། ཡིད་རྒྱུན་དང་ངག་རྒྱུན་དེ་ཚོ་རིམ་གྱིས་ཡིག་ཐོག་ཏུ་ཕབ་སྟེ་ནང་པའི་གཞུང་ཆགས་པ་རེད། དེ་བཞིན། སྟོན་པ་གཤེན་རབ་ཀྱི་བོན་གཞུང་ནང་དུའང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་རྗེས་འཇུག་པ་དེ་ཚོས་ཡིད་རྒྱུན་དང་ངག་རྒྱུན་ཡིག་ཐོག་ཏུ་ཕབ་སྟེ་རིམ་གྱིས་བོན་གཞུང་སྣ་ཚོགས་བྱུང་བ་རེད། དེ་བོན་པོའི་བཀའ་འགྱུར་ནང་དུ་ཡོད་པ་རེད། མདོ་བསྡུས་ཏེ་བཤད་ན། བོད་དུ་བསྒྱུར་བའི་ནང་ཆོས་ཀྱིས་བོད་ཀྱི་ཤེས་རིག་དར་བར་ཤུགས་རྐྱེན་ཞེ་དྲགས་ཐེབས་པ་ལྟར། བོན་གྱི་བསམ་ཚུལ་དང་བོན་གཞུང་གིས་ནང་པའི་ཆོས་ལ་ཤུགས་རྐྱེན་མང་པོ་ཐེབས་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། བོད་དུ་དར་པའི་ཆོས་དེ་སེང་གྷ་ལ་དང་། ཐེ་ལན་ཌི། ཉི་ཧོང་། རྒྱ་ནག་སོགས་སུ་དར་བའི་ནང་ཆོས་དང་ཅུང་མ་འདྲ་བ་རེད། ཁོ་ཚོས་བོད་དུ་དར་བའི་ནང་ཆོས་ལ་བླ་མའི་ཆོས་ལུགས་ཟེར་ནས་ཞེ་དྲག་ཁས་ལེན་བྱེད་ཀྱི་མི་འདུག ཐུའུ་བཀྭན་ཆོས་ཀྱི་ཉི་མས། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་ཞེས་གསུངས་པ་དེ་བཞིན་རེད།

དྲི་བ། ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་བོད་ནང་དར་བ་ཡིན་སྟབས། ནང་ཆོས་རིག་གནས་ཟེར་ན་འདྲ་ནང་ཆོས་ནང་གི་བསམ་བློ་སོགས་བོད་པའི་མ་རེད་རྒྱ་གར་བའི་རེད་ཟེར་གྱི་ཡོད་པ་བཞིན། བོན་དེའང་ཞང་ཞུང་དང་སྟག་གཟིག་སོགས་ནས་དར་བར་ཤོད་མཁན་ཡོད་སྟབས། བོན་གཞུང་གི་བཤད་པ་དང་བསམ་བློ་དེ་ཚོ་བོད་པའི་རིག་གཞུང་དུ་བགྲང་ན་འགྲིག་གམ། 

ལན། དྲི་བ་འདི་ཧ་ཅང་གལ་ཆེན་པོ་རེད། ཕྱི་རྒྱལ་མི་རིགས་དེ་ཚོ་དང་སྐད་ཆ་བཤད་སྐབས་ཀྱང་། ཁྱེད་རང་ཚོ་བོད་པ་རང་ལ་ག་རེ་ཡོད་པ་རེད། ནང་པའི་ཆོས་དེ་རྒྱ་གར་ནས་བྱུང་བ་ཡིན་དུས་ནང་ཆོས་ནང་གི་བསམ་ཚུལ་དེ་རྒྱ་གར་བའི་བསམ་ཚུལ་རེད། རྩིས་དང་བཟོ་རིག་མང་པོ་ཞིག་རྒྱ་ནག་ནས་བྱུང་བ་རེད། ཆས་གོས་དང་སྲིད་ལུགས་མང་ཆེ་བ་སོག་པོའི་ཤུགས་རྐྱེན་ཐེབས་པ་རེད། དྲི་བ་དེ་འདྲ་བཏང་ཡོང་སྐབས་ང་ཚོས་བསམ་བློ་གཏོང་དགོས་པ་ཆགས་ཀྱི་འདུག ཤཱཀྱ་ཐུབ་པའི་བསྟན་པ་བོད་དུ་དར་བ་དེས་བོད་པའི་ཤེས་རིག་དར་བར་གྲོགས་ཆེན་པོ་བྱས་ཡོད་ཀྱང་། ནང་ཆོས་ཀྱི་བཀའ་འགྱུར་བསྟན་འགྱུར་དེ་ཚོའི་ནང་ན་བོད་པ་རང་གི་བསམ་བློ་དང་། བོད་པ་རང་གི་ཡུལ་སྲོལ་གོམ་གཤིས་ཡོད་པ་མ་རེད། དེ་བཞིན། བོད་པའི་རི་ར་བ་ཁང་ཁྱིམ་དང་སྣོད་བཅུད་སོགས་མཚོན་པའི་ཤེས་ཡོན་ཡོད་པ་མ་རེད། གང་ཡིན་ཟེར་ན། བཀའ་འགྱུར་དེ་ཤཱཀྱ་ཐུབ་པའི་བཀའ་སཾསྐྲིཏའི་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། བསྟན་འགྱུར་དེ་རྒྱ་གར་གྱི་པཎྜི་ཏ་དེ་ཚོའི་གསུང་སཾསྐྲིཏའི་སྐད་ནས་བོད་སྐད་དུ་བསྒྱུར་བ་རེད།

ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ལ་མི་རིགས་རང་གི་བསམ་ཚུལ་ཞིག་མེད་ན་འགྲིག་གི་ཡོད་པ་མ་རེད། བོད་པ་ཟེར་བ་ཞིག་དང་བོད་ཀྱི་སྐད་ཡིག་རིག་གཞུང་། ས་ཁོངས་ལོ་རྒྱུས་ལོགས་སུ་ཡོད་པ་ཞིག་ཡིན་ན། བོད་པ་རང་ལ་བསམ་ཚུལ་ཡན་གར་བ་ཞིག་ངེས་པར་དུ་ཡོད་དགོས་པ་རེད། བོད་པའི་བསམ་ཚུལ་དེ་གང་ནས་རྙེད་ཀི་རེད་ཟེར་ན། བོན་པོའི་དེབ་དེ་ཚོ་ཀློག་པ་ཡིན་ན། བོད་པའི་ཁང་པ་བཟོ་སྟངས་དང་ཞིང་ཁ་འདེབས་སྟངས། མོ་རྒྱག་སྟངས་སོགས་འཁོད་ཡོད་པ་རེད། གཙོ་བོ་བོན་གྱི་ཐེག་པ་རིམ་པ་དགུ་ཟེར་བ་དེ་ཚོ་རེད། ཐེག་པ་རིམ་པ་དགུ་ལས་དང་པོ་ནས་བཞི་པའི་བར་དེ་བོད་པ་རང་གི་བསམ་ཚུལ་ཟེར་ན་འདྲ། མོ་དང་པྲ་ཕབ་པ། བཀའ་ཕབ།(ལྷ་ཕབ་པ།)། ལྷ་གསོལ་བ། རླུང་རྟ་གཏོར་བ་སོགས་རེད། ངས་བོན་གཞུང་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ཁྲོད་བོད་པ་རང་གི་གནས་ཚུལ་དམིགས་བསལ་བ་མང་པོ་ཞིག་རེག་སོང་། དཔེར་ན། བོད་པ་རང་གི་ཁང་པ་བཟོ་སྟངས་དབྱིན་སྐད་ནང་(architecture)སོགས་རྙེད་སོང་། སྔོན་མ་བོད་པའི་ཁང་པའི་སྒོ་དང་སྒེའུ་ཁུང་སྟོན་ཕྱོགས་དང་། ཁང་པའི་ནང་མཆོད་ཁང་བཟོ་ཕྱོགས་སོགས་གསལ་བོ་འདུག བོད་པ་རང་གི་ལག་ཤེས་ཙམ་མ་རེད། བོད་པ་རང་གི་བསམ་བློའི་ཁྱེར་ཕྱོགས་སོགས་ཀྱང་རྙེད་ཡོང་སྐབས། བོད་པ་རང་གི་ངོས་འཛིན་དབྱིན་སྐད་ནང་(Identity)ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད།

དེ་བཞིན། བོན་གཞུང་དེ་ཚོའི་ནང་དུ་གངས་ཏེ་སེ་དེ་ཞང་ཞུང་གི་སའི་ལྟེ་བ་ཡིན་པ་དང་། དེ་ནས་ཆུ་བོ་ཆེན་པོ་བཞི་འཛམ་གླིང་གང་སར་འགྲོ་བཞིན་ཡོད་པ་སོགས་གསལ་བསྡད་ཡོད་པ་རེད། དེ་རྒྱ་གར་ནས་བསྒྱུར་བའི་མངོན་པ་མཛོད་དང་བཀའ་འགྱུར་བསྟན་འགྱུར་སོགས་སུ་ཡོད་པ་མ་རེད། སྐད་ཆ་འདི་བོད་པ་རང་གི་བཤད་སྟངས་ཤིག་རེད། དེ་ནས་ནང་ཆོས་ལ་མེད་པ་བོན་ལ་ཡོད་པ་གཅིག་རྫོགས་ཆེན་རེད། རྙིང་མ་ལ་རྫོགས་ཆེན་ཡོད་ཟེར་གྱི་ཡོད་པ་རེད། བོན་གྱི་རྫོགས་པ་ཆེན་པོ་ཟེར་བ་དེར་ཉམས་ལེན་བྱས་ཏེ། ཉམས་ལེན་གྱི་འབྲས་བུ་དེ་འཇའ་ལུས་སུ་འཐིམ་པ་ཟེར་བའི་ཐུན་མོང་མ་ཡིན་པའི་བཤད་ཚུལ་ཞིག་ཡོད་པ་རེད། དེ་སྔོན་མ་བོད་པའི་རྒྱལ་པོ་དེ་ཚོ་སྐུ་གྲོངས་པ་དང་ཕུང་བོ་མེད་པར་གནམ་ཁར་གཤེགས་པ་རེད་ཟེར་བའི་བཤད་སྟངས་དང་འདྲ་བོ་ཡོད་པ་རེད། ཡིན་ན་ཡང་། བོན་གཞུང་གི་གནས་ཚུལ་ཚང་མ་བོད་པ་རང་གི་བསམ་ཚུལ་རེད་དམ་ཟེར་ན། དེ་ཡང་མ་རེད་བསམ་གྱི་འདུག ཐེག་པ་རིམ་དགུ་ལས་བཞི་པའི་བར་མ་གཏོགས། གཞན་པ་དེ་ཚོ་ནང་པའི་གཞུང་གི་གསང་སྔགས་ཀྱི་ཐེག་པའི་འགྲོ་སྟངས་དང་འདྲ་བོ་ཆགས་ཡོད་པ་རེད།

དྲི་བ། བོན་སྟོན་པ་གཤེན་རབ་འཁྲུངས་འདས་སྐོར་ལ། ཡོངས་གྲགས་སུ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཡས་མས་བཤད་སྲོལ་ཡོད་ཀྱང་། ལོ་རྒྱུས་ཡིག་ཆ་འགའ་རེའི་ནང་ལོ་ཁྲི་མང་པོའི་གོང་ནས་འཁྲུངས་པའི་གནས་ཚུལ་དེ་འདྲའང་འདུག སྐུ་ཉིད་ལ་དེའི་སྐོར་ལ་ལྟ་ཚུལ་གང་འདྲ་ཡོད།

ལན། བོན་པོའི་བསྟན་རྩིས་ནང་དུ་སྟོན་པ་གཤེན་རབ་ལོ་ཁྲི་མང་པོའི་སྔོན་ལ་འཁྲུངས་པའི་སྐད་ཆ་ཞིག་འདུག མ་མཐར་ལོ་སྟོང་ཕྲག་ ༡༨ སྔོན་ལ་འཁྲུངས་པ་རེད་ལབ་ཡོད་པ་རེད། དེ་ཚན་རིག་གི་ཐོག་ནས་ཁུངས་འཁྱོལ་གྱི་ཡོད་པ་མ་རེད། གཤེན་རབ་མི་བོ་ཟེར་བ་དེ་ཐོག་མ་སྤྱིར་བཏང་གི་མི་ཞིག་གི་ངོ་བོར་འཁྲུངས་ཡོད་པ་གསལ་བོ་རེད། དཔེར་ན། སྟོན་པ་ཤཱཀྱ་ཐུབ་པ་ཡིན་ན་འདྲ། སྟོན་པ་ཡེ་ཤེས་(Jesus Christ) ཡིན་ནའང་འདྲ། བཤད་སྟངས་ཕལ་ཆེར་གཅིག་མཚུངས་རེད། སྟོན་པ་ཡེ་ཤེས་ཀྱི་ལོ་རྒྱུས་ལ་བལྟས་ན་ཐོག་མ་ཁོ་རང་སྤྱིར་བཏང་གི་མི་དཀྱུས་མ་ཞིག་རེད། ལྷ་ཡིན་པ་དང་ནུས་པ་ཁྱད་པར་བ་ཡོད་པའི་བཤད་སྟངས་ཡོད་པ་མ་རེད། ཐོག་མ་ཁིར་སི་ཊི་ (Christ) ཟེར་གྱི་ཡོད་པ་མ་རེད། རྗེས་སུ་རིམ་གྱིས་མི་ཆེན་པོ་འདྲ་བོ་ཆགས་པ་རེད། དེ་བཞིན། སྟོན་པ་ཤཱཀྱ་ཐུབ་པའང་ཐོག་མ་དེ་འདྲ་རེད། གོ་ཏ་མ་ཟེར་ན་སྤྱིར་བཏང་གི་མི་ཞིག་རེད། སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ ༢༠༠ ལྷག་གི་རྗེས་ལ་ཐེག་པ་ཆེན་པོའི་ཆོས་དར་ཏེ་ཤཱཀྱ་ཐུབ་པར་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཟེར་བ་སོགས་བྱུང་བ་རེད། བོན་སྟོན་པ་གཤེན་རབ་ཀྱང་དེ་བཞིན་རེད། ཐོག་མ་སྤྱིར་བཏང་གི་མི་ཞིག་རེད། ཏུན་ཧོང་ཡིག་རྙིང་ལ་བལྟས་ཡོང་ན་སྟོན་པ་གཤེན་རབ་དེ་མི་ཤི་བོ་དང་གསོན་པོའི་བར་སྐད་ཆ་བཤད་ཐུབ་མཁན་ཞིག་དང་མི་ཤི་བ་དང་ན་བ་སོགས་ལ་རོགས་པ་བྱེད་ཐུབ་མཁན་དེ་འདྲ་ཞིག་ཡིན་ས་རེད།

གང་ལྟར། གཤེན་རབ་མི་བོ་ཟེར་བ་ཞིག་ལོ་རྒྱུས་ཐོག་བྱུང་མྱོང་པ་གསལ་བོ་རེད་ལ། ཁོ་རང་མི་རིགས་གང་ཡིན་པ་དང་སྐད་རིགས་ག་འདྲ་ཞིག་སྤྱད་ཡོད་པ་ཤེས་ཁག་པོ་རེད། ཞང་ཞུང་བ་ཡིན་ན་བོད་རིགས་རེད། བོན་སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་དེ་ཏུན་ཧོང་ཡིག་རྙིང་ལྟར་ན། དུས་རབས་དྲུག་པ་བདུན་པ་ཞིག་གི་ནང་འཁྲུངས་པ་ཞིག་ཨེ་ཡིན་ནམ་དྲན་གྱི་འདུག གང་ཡིན་ཟེར་ན། ཏུན་ཧོང་ཡིག་རྙིང་དེའི་ནང་གི་གནས་ཚུལ་དེ་ཞེ་དྲགས་རྙིང་པ་ཡིན་མིན་གང་ལྟར་ཡང་། ཤོག་བུར་ལོ་བརྒྱད་བརྒྱ་དགུ་བརྒྱ་སོང་ཡོད་པ་ཚན་རིག་གིས་ཞིབ་འཇུག་བྱས་ཏེ་ར་འཕྲོད་པ་རེད། དེའི་སྟེང་གི་བརྗོད་བྱ་དེ་ལས་ཀྱང་རྙིང་པ་ཞིག་ཡིན་པ་སྨོས་མ་དགོས་པ་རེད།

 དྲི་བ། ཞང་ཞུང་ཟེར་ན་འདྲ། གང་ལྟར། བོད་ནས་དར་བ་མ་ཡིན་པའི་བོན་ཆོས་དེ་འདྲ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་གཞན་དུ་ཡོད་དམ། ཡང་ན། བོན་ཆོས་དང་ཆ་འདྲ་བའི་ཆོས་དང་ཆོ་ག་དེ་འདྲ་ཡོད་དམ། 

ལན། དེ་འདྲ་འདུག ‘བོན’ ཟེར་བ་དང་ ‘གཡུང་དྲུང་བོན’ ཟེར་བ་གཉིས་ཁ་ཁ་ཕྱེ་དགོས་པ་རེད། བོན་ཟེར་བ་དེ་སྟོན་པ་གཤེན་རབ་མ་ཕེབས་གོང་ལ་བོད་དུ་ཡོད་པ་ཞིག་རེད། སྤྱིར་བཏང་བོན་དེ་འབོད་པའི་དོན་ཡིན་ཡང་རིམ་བཞིན་སྒྲ་འགྱུར་ནས་ ‘བོད’ ཆགས་པ་ཟེར་སྲོལ་ཡོད་ཀྱང་། ངས་བལྟས་ན་སྒྲ་ཙམ་མ་རེད་སྐབས་དེར་བོད་དུ་ལྷ་གསོལ་རླུང་རྟ་གཏོར་བ། གནམ་ནས་ལྷ་མར་འབབ་ཀྱི་ཡོད་པ། ས་ན་བདུད་དང་འདྲེ་ཡོད་པ་སོགས་ཀྱི་མིའི་ཡིད་ཆེས་དེ་ཡོད་པ་རེད། སྟོན་པ་གཤེན་རབ་ཕེབས་པའི་རྗེས་ལ་གཡུང་དྲུང་བོན་ཟེར་བ་དེ་དར་བ་རེད། དེ་ནས་བཟུང་ལས་རྒྱུ་འབྲས་དང་སྐྱེས་པ་སྔ་ཕྱི། ལས་དགེ་སྡུག་སོགས་སྟོན་པ་ཤཱཀྱ་ཐུབ་པའི་བཤད་སྟངས་དང་ཕལ་ཆེར་འདྲ་བོ་རེད། དེ་བཞིན། རྒྱ་གར་དུ་སྟོན་པ་ཤཱཀྱ་ཐུབ་པ་མ་ཕེབས་གོང་ནས་སྐྱེས་པ་སྔ་ཕྱི་དང་ལས་རྒྱུ་འབྲས། དགེ་སྡུག ལྷ་ཀླུ་སོགས་ཀྱི་བཤད་ཚུལ་ཡོད་པ་རེད། དེ་རྒྱ་གར་གྱི་གདོད་མའི་ཆོས་ལུགས་ཤིག་ནས་ཡོང་གི་ཡོད་པ་རེད།

བོད་ནས་དར་བ་དང་བརྒྱུད་པ་མ་ཡིན་པ་ཟེར་ན་འདྲ། གཡུང་དྲུང་བོན་མ་ཡིན་པའི་བོན་དེ་འདྲ་མཐོང་རྒྱུ་འདུག བོད་དང་བལ་ཡུལ་ས་མཚམས་ཁུལ་དང་འབྲུག་གི་ས་སྣེ་སོགས་སུ་འདུག ཁོ་རང་ཚོས་ང་ཚོ་བོན་པོ་ཡིན་གསུང་གི་འདུག་ཀྱང་། ཆོ་ག་ཕྱག་ལེན་ཁྱད་མཚར་ཞེ་དྲགས་འདུག མགོ་ལ་བྱ་སྒྲོ་གྱོན་ཞིང་། བྱ་དེ་མང་པོ་བསད་དེ་ཁྲག་གི་མཆོད་པ་འབུལ་སྲོལ་འདུག ཡིན་ནའང་ཁོ་རང་ཚོར་བོན་གྱི་གཞུང་དེ་འདྲ་ཤོག་ལྷེ་གཅིག་ཀྱང་སྟོན་རྒྱུ་མི་འདུག བོན་ཆོས་ཡིན་ཟེར་ནས་འདོན་པ་ཧ་ཅང་མང་པོ་ཉིན་ཞག་འགའ་རེར་འདོན་རྒྱུ་དེ་འདྲ་འདུག ཡང་ལུང་པ་སོ་སོའི་འདོན་པ་མ་འདྲ་བ་རེད། དེ་དག་ཡོངས་རྫོགས་ངག་ཐོག་བརྒྱུད་ནས་ཡོང་བ་རེད་མ་གཏོགས་ཡིག་ཐོག་ཏུ་སྟོན་རྒྱུ་ཡོད་ས་མ་རེད། ངག་ཐོག་ཏུ་ཡོད་པ་དེ་ཁོ་རང་ཚོའི་སྐད་རེད། གལ་སྲིད་ཡིག་ཐོག་ཏུ་ཕབ་ན་ཁོ་རང་ཚོའི་སྐད་ཐོག་ནས་ཕབ་དགོས་སྟབས་ནང་དོན་གོ་ཐུབ་པ་ཁག་པོ་རེད་བསམ་གྱི་འདུག འོན་ཀྱང་ཁོ་རང་ཚོས་ ‘སྟག་ལྷ་མེ་འབར’ ཟེར་བ་ལྟ་བུའི་བོན་གཞུང་གི་ལྷ་རེ་ཟུང་གི་མིང་ཤོད་ཀྱི་འདུག ཡིན་ནའང་ཁོ་རང་ཚོས་བོད་པའི་བོན་དགོན་དེ་འདྲ་ལ་ཆོས་འབྲེལ་འཇོག་གི་ཡོད་པའི་སྐད་ཆ་མི་འདུག

དྲི་བ། བལ་བོད་ས་མཚམས་ཀྱི་བོན་པོ་དེ་ཚོ་ཞང་ཞུང་ལོ་རྒྱུས་ཁྲོད་ཀྱི་ཞང་ཞུང་སྒོ་ཕུགས་བར་གསུམ་ཟེར་བ་དེའི་ཁོངས་སུ་གཏོགས་ཀྱི་ཡོད་མེད་དང་། དེང་སྐབས་ཕྱི་རྒྱལ་མི་རིགས་ཁྲོད་བོན་ལ་ངོས་འཛིན་དང་གདེང་འཇོག་གང་འདྲ་འདུག 

ལན། འདིའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་བྱུང་མ་སོང་། ངས་བསམ་བློ་བཏང་ན། བལ་བོད་ས་མཚམས་ཀྱི་བོན་པོ་དེ་ཚོ་ཞང་ཞུང་སྒོ་ཕུགས་བསར་གསུམ་གྱི་ཁོངས་སུ་གཏོགས་གི་མ་རེད་བསམ་གྱི་འདུག ཡིན་ནའང་འདིའི་སྐོར་ང་ལ་ཞིབ་ཕྲ་ཞུ་རྒྱུ་མེད།

དྲུག་ཅུ་རེ་གྲངས་ནང་དབྱིན་ཡུལ་གྱི་མཁས་པ་ (David snellgrove) ལགས་ཀྱིས་བོན་གྱི་ཐེག་པ་རིམ་དགུ་(Nine Ways of Bon)ཟེར་བ་དབྱིན་སྐད་ནང་བསྒྱུར་ཏེ། ནུབ་ཕྱོགས་སྤྱི་ཚོགས་ནང་བོན་ལ་ཞིབ་འཇུག་བྱེད་པར་ནུས་པ་ཆེན་པོ་ཐོན་པ་རེད། དེའི་རྗེས་ལ་ཧྥ་རན་སིར་ཡོད་པའི་བོད་རིག་པའི་མཁས་པ་སི་ཐན་(Projfessor Rolf A. Stein)ལགས་ཀྱིས་བོན་སྐོར་ལ་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་མང་པོ་ཞིག་ཧྥ་རན་སིའི་སྐད་ནང་འདུག དེ་ནས་ཉི་ཧོང་དུའང་བོན་སྐོར་ལ་ཞིབ་འཇུག་པ་སྐོར་ཞིག་འདུག སྤྱིར་བཏང་ཕྱི་རྒྱལ་མི་རིགས་ནང་བོན་གཞུང་ལ་ཞིབ་འཇུག་བྱེད་མཁན་མང་པོ་འདུག་ཀྱང་བོན་གཞུང་ཕར་ཕྱི་སྐད་ཐོག་བསྒྱུར་བ་མང་པོ་མི་འདུག

དྲི་བ། ནང་ཆོས་ལས་མངོན་པ་མཛོད་དང་དུས་འཁོར་སོགས་སུ་གསུངས་པའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་སྟངས་སྐོར་དེ་འདྲ་བོན་གཞུང་དུ་ཡོད་དམ། 

ལན། ཕྱིའི་སྣོད་ཀྱི་འཇུག་རྟེན་ཆགས་སྟངས་སྐོར་དེ་བོན་གཞུང་ནའང་ཡོད་པ་རེད། ཡིན་ནའང་བཤད་སྟངས་མ་འདྲ་བ་ཞིག་གང་འདུག་ཟེར་ན། ས་ཆུ་མེ་རླུང་ལས་འབྱུང་བའི་སྒོ་ང་ཞིག་བྱུང་བ་དང་། དེའི་སྒོང་ཤུན་ལས་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་། ནང་གི་སྒོང་སྙིང་ལས་བཅུད་ཀྱི་སེམས་ཅན་བྱུང་བའི་བཤད་ཚུལ་ཡོད་པ་རེད། དེ་བཞིན། སྔོན་མའི་བོད་ཀྱི་རྒྱལ་པོ་དེ་ཚོ་ ‘ཕྱྭ’ ཡི་སྤྲུལ་བ་ཡིན་པ་དང་། ཕྱྭ་དང་མི་ལ་སོགས་པའི་ལྷ་ཁ་ཁ་ཡིན་པ་དེ་འདྲ་ཤོད་ཀྱི་འདུག བོན་གཞུང་དུ་ཕྱྭ་ཟེར་བ་དེ་གནམ་མཁའི་ལྷ་རིགས་ཤིག་ལ་གོ་བ་དང་། མཚམས་ལ་རེར་གཡང་དང་ཚེ་ལ་གོ་བའང་ཡོང་གི་འདུག གནམ་མཁའི་ལྷ་ཕྱྭ་ཡི་བརྒྱུད་ནས་མགོ་ནག་མི་ཡི་རྒྱལ་པོར་ཡོང་ཟེར་བ་དེ་འདྲ་རེད། ལྷ་སའི་དབོན་ཞང་རྡོ་རིང་ངོས་སུའང་ཕྱྭ་ཡའི་ཡན་ན་ཕྱྭ་ཟེར་བ་ལྟ་བུ་རེད། དེ་བཞིན། ཀོང་པོའི་ཕྱོགས་ཀྱི་རྡོ་རིང་རྙིང་པ་དེ་ཚོའི་སྟེང་དུའང་ཕྱྭ་ཟེར་བ་དེ་མང་པོ་འདུག ཕྱྭ་རྗེ་ཡབ་བླ་བདལ་དྲུག་ལ་སྲེས་བདུན་ཡོད་པ་ལས་བཞི་པ་དེ་རྒྱལ་པོ་གཉའ་ཁྲི་བཙན་པོ་ཡིན། ཁོ་ལྷའི་ཞིང་ཁམས་ནས་མར་ས་ལ་བབ་པ་རེད་ཟེར་གྱི་ཡོད་པ་རེད། བོད་པའི་ལོ་རྒྱུས་དེ་ཚོའི་ནང་དུ་རྒྱལ་བོ་གཉའ་ཁྲི་བཙན་པོའི་རྒྱུད་པ་དེ་རྒྱ་གར་གྱི་རྒྱལ་བོ་ཞིག་ཡིན་ཟེར་གྱི་ཡོད་པ་རེད། འདི་ཡང་ངས་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་རེད་བསམ་གྱི་འདུག

དྲི་བ། སྐུ་ཉིད་ཀྱིས་རྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་དབྱིན་ཡིག་ནང་བསྒྱུར་བཞིན་ཡོད་པའི་གནས་ཚུལ་ཞིག་དེ་སྔོན་གསར་འགྱུར་ནང་ཐོན་སོང་། ད་ལྟ་དེའི་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། ཉིད་ཀྱིས་དེབ་དེ་དབྱིན་བསྒྱུར་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

ལན། བོད་གཞུང་དགའ་ལྡན་ཕོ་བྲང་དེ་ ༡༦༤༢ ནས་ ༡༩༥༩ ལོའི་བར་བསྡད་པ་རེད། དུས་ཡུན་རིང་པོར་བོད་དེ་བླ་མས་གཞུང་འཛིན་པ་དང་བླ་མས་དབུ་ཁྲིད་གནང་བ་རེད། འདི་ཆབ་སྲིད་ཐོག་ནས་གལ་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་དེའི་སྐོར་བོད་པ་རང་གིས་བྲིས་པ་དང་ཕྱི་རྒྱལ་མིས་བྲིས་པ་རེ་ཟུང་ཡོད་ཀྱང་ཆ་ཚང་བ་ཞིག་དང་སྤུས་དག་མོ་ཞིག་མི་འདུག མ་རྟོགས་ལོག་རྟོགས་རིགས་སེལ་བའི་ཆེད་དུ་ང་རང་གི་བསམ་པར་རྒྱལ་དབང་ལྔ་པ་རང་གིས་བྲིས་བཞག་པའི་ཁོ་རང་གི་གཞུང་དེ་ཇི་ལྟར་བཙུགས་པ་དང་། སྐབས་དེར་གནས་ཚུལ་ག་རེ་བྱུང་བ། ཕོ་བྲང་པོ་ཏ་ལ་ཇི་ལྟར་བཞེངས་པ། རྒྱ་ནག་མན་ཇུ་གོང་མར་འབྲེལ་བ་བྱུང་སྟངས་དང་རྒྱལ་དབང་ལྔ་པ་པེ་ཅིན་དུ་ཕེབས་པའི་སྐོར་སོགས་བྲིས་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་ནས་བསྒྱུར་བ་ཡིན། དུས་རབས་བཅུ་བདུན་པ་ནས་བླ་མའི་གཞུང་འཛིན་པའི་གནས་སྟངས་དེ་ག་འདྲ་ཡོད་པ་རེད་ཟེར་ན། དབྱིན་སྐད་ནང་(Theocracy)ཟེར་བ་དེ་རེད། ཕྱི་རྒྱལ་མི་རིགས་ཚོར་སྐབས་དེར་བོད་པ་རང་ལ་གཞུང་ཡོད་པ་དང་དབུ་ཁྲིད་ཡོད་པ། དབུ་ཁྲིད་དེའང་ནང་པའི་ཆོས་པ་ཡིན་པ་མ་ཟད་ཆོས་པ་དེར་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ཡོད་པ་སོགས་ར་གསལ་བོ་སྤྲོད་དགོས་པ་གལ་ཆེན་པོ་རེད། སྐབས་དེར་གཞུང་དེའི་ཤུགས་རྐྱེན་སོག་པོ་སོགས་ལུང་པ་གཞན་པར་ཡང་ཞེ་དྲགས་ཐེབས་ཡོད་པ་རེད།

རྣམ་ཐར་དུ་ཀུ་ལའི་གོས་བཟང་ལ་པོད་ཆེན་པོ་གསུམ་ཡོད་པ་རེད། པོ་ཏི་དང་པོར་ཤོག་ངོས་ ༧༡༧ འདུག་པ་དེ་བསྒྱུར་ཚར་ནས་དཔར་སྐྲུན་བྱས་ཚར། པོད་གཉིས་པ་ད་ལྟ་བསྒྱུར་བཞིན་པ་ཡིན། ལོ་རྒྱུས་མང་ཆེ་བ་པོད་དང་པོའི་ནང་ཡོད་པ་རེད། ལྔ་བ་ཆེན་པོ་དགུང་ལོ་ ༥༥ བར་གྱི་ལོ་རྒྱུས་ཆ་ཚང་ཡོད་པ་རེད། རྒྱལ་དབང་ལྔ་པ་དེ་མི་ལ་སྐད་ཆ་འདྲི་རྒྱུར་དགའ་བོ་ཡོད་མཁན་ཞིག་དང་། ས་ཆ་གང་དུ་ཕྱིན་ཡང་ལག་ཏུ་ཤོག་བུ་དང་སྨྱུ་གུ་བསྣམས་ཕེབས་ཏེ། གང་དུ་བསྡད་ཀྱང་ལམ་སང་དེབ་འབྲི་མགོ་འཛུགས་མཁན་ཞིག་ཡིན་ས་རེད། སྐབས་དེར་གཙང་ནས་པེ་ཅིན་ལ་ཕེབས་སྐབས་ཀྱང་ལམ་བར་ནས་མང་པོ་བྲིས་འདུག རྒྱལ་དབང་སྐུ་ཕྲེང་གསུམ་པའི་རྣམ་ཐར་དེ་སྐབས་དེར་བྲིས་པ་ཡིན་ས་རེད། དེ་བཞིན་སྐུ་ཕྲེང་བཞི་པའི་རྣམ་ཐར་ཡང་སྐབས་དེར་འབྲི་མགོ་བཙུགས་ཡོད་ཀྱང་མཇུག་སྒྲིལ་ཐུབ་མི་འདུག

 སྔོན་མ་ང་ལོན་ཌོན་དུ་བསྡད་པའི་སྐབས་སུ་རྒྱལ་དབང་ལྔ་པའི་དག་སྣང་པོ་ཏི་གཉིས་རེག་སོང་། པོ་ཏི་དེ་གཉིས་རྒྱལ་དབང་ལྔ་པ་ཁོ་རང་སྐུ་གཤེགས་པའི་སྐབས་སུ། སྐུ་མདུན་དུ་སྡོད་མཁན་དགེ་སློང་གཉིས་ཡོད་ས་རེད། ཁོ་རང་གཉིས་མ་གཏོགས་གཞན་སུ་གང་གིས་ཀྱང་ཧ་གོ་ཡོད་པ་མ་རེད་ཟེར་བའི་བཤད་ཚུལ་ཞིག་འདུག དག་སྣང་དེར་ལྷ་བྲིས་པ་དེ་ཚོས་ཞིང་བཀོད་འབྲི་སྐབས་རིང་དྲགས་འདུག ནང་དོན་འབྲི་ཐུབ་ཀྱི་མི་འདུག་བསྡུས་པ་ཞིག་འབྲི་རོགས་ཟེར་ནས་ཞུས་ཏེ་རྗེས་ལ་བསྡུས་པ་༼ མཐོང་བ་དོན་ལྡན༽ ཞུ་བ་ཞིག་བྲིས་ཡོད་ས་རེད། དེ་རྗེས་ལ་མི་ཞིག་གིས་གསེར་ཡིག་ཐོག་བྲིས་བཞག་པ་ཞིག་སུད་སིའི་ཚོང་པ་ཞིག་བརྒྱུད་ནས་ང་ལ་རེག་སོང་། དེ་གསེར་བྲིས་རྐྱང་པ་རེད། བུམ་པ་དང་དཀྱིལ་འཁོར། ཕྱག་མཚན་སྣ་ཚོགས་སོགས་ཀྱི་རི་མོ་མང་པོ་འདུག རི་མོའི་འབྲི་རྩལ་ཧ་ལས་དགོས་པ་ཞིག་རེད། ངས་དེ་ལ་ཞིབ་ལྟ་བྱས་སྐབས་༧གོང་ས་ལྔ་པ་ཆེན་པོའི་ཡིན་པར་དོགས་པ་མི་འདུག རྗེས་ལ་དེབ་དེ་དཔར་སྐྲུན་བྱས་པ་རེད།

 གསར་འགོད་པ། དོན་འགྲུབ་བཀྲ་ཤིས། 

༼ཟུར་མཆན།༽

མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ནི། མདོ་སྨད་ཤར་ཁོག་(ཟུང་ཆུ།)ཡག་གི་ཚོ་བ་བཞིའི་ཡ་གྱལ་ཀི་ཚལ་གྲོང་པའི་མཁར་རྨེའུ་ཚང་དུ་ཕ་ཚེ་དགའ་དང་མ་ཟིན་མོ་གཉིས་ལ་བུ་གཉིས་ཡོད་པའི་གཅེན་པོར་ ༡༩༣༦ ལོར་སྐྱེས། རང་ལོ་ ༨ ནས་གྲོང་པའི་ཉེ་འཁྲིས་སུ་ཡོད་པའི་དགོན་སྣ་སྟེང་ཞེས་པར་ཞུགས་ཏེ་རང་ལོ་ ༡༣ བར་བོན་སྒོ་བཞི་མཛོད་ལྔ་ནས་འབྱུང་བའི་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་དང་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ལུགས་ཀྱི་ཆོ་གའི་གྱེར་དབྱངས་འདོན་གསུམ་དང་གར་འཆམ་དཀྱིལ་འཁོར་ཐིག་རྩ་སོགས་ལ་སློབ་གཉེར་གནང་། རང་ལོ་ ༡༤ ནས་ ༡༩ བར་སྐྱང་ཚང་དགོན་པའི་སྒྲིག་འཚོགས་སུ་ཞུགས་ཏེ་རབ་བྱུང་བསྒྲུབས་ཏེ་མཚན་ལ་བསམ་གཏན་རྒྱལ་མཚན་དུ་གསོལ་ཞིང་། མཁས་པའི་དབང་པོ་བསྟན་འཛིན་བློ་གྲོས་རྒྱུ་མཚོའི་མདུན་ནས་རྩིས་དཀར་ནག་དང་སྒྲ་སྙན་ངག་སོགས་ལ་སློབ་གཉེར་དང་གནང་ཞིང་། སྐབས་དེར་སྡུད་གྲྭ་ནས་དབུ་མའི་བར་དང་རྩ་རླུང་དང་བཅུད་ལེན་འོད་གསལ་མུན་མཚམས་བཅས་ཀྱི་ཁྲིད་བླངས་ཏེ་ ༡༩༥༥ ལོར་དགེ་བཤེས་ཀྱི་མཚན་རྟགས་བཞེས།

༡༩༥༦ ལོར་རྒྱ་ནག་གླིང་ཆེན་འགྱིང་རིར་གནས་སྐོར་དང་འབྲེལ་ལྷ་སར་བསྐྱོད་ཅིང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་བློ་རྟགས་ནས་ཚད་མའི་གཞུང་དང་དོན་བདུན་ཅུ། ཕར་ཕྱིན་སོགས་ལ་སློབ་གཉེར་གནང་། ༡༩༥༩ ལོར་བལ་ཡུལ་བརྒྱུད་རྒྱ་གར་དུ་འབྱོར་ཏེ་ཀ་བློན་སྦུག་དང་ལྡི་ལི་སོགས་སུ་བཞུགས་ཤིང་། ༡༩༦༡ ནས་ ༡༩༧༠ ལོའི་བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་འཛམ་གླིང་ཤར་དང་ཨ་པི་རི་ཀའི་སློབ་གཉེར་ཁང་༼School of Oriental and African Studies, University of London༽དུ་བོད་ཆོས་ཞིབ་འཇུག་ལས་རོགས་ཀྱི་ཞོར་དུ་དབྱིན་སྐད་དང་སམ་སྐྲིཏའི་སྐད་བསླབས་ཏེ་ ༡༩༦༨ ལོར་ལོན་ཌོན་སློབ་ཆེན་ནས་མཚན་ཉིད་སློབ་དཔོན་(M.Phil)དང་། ༡༩༨༥ ལོར་མཚན་ཉིད་སློབ་དཔོན་ཆེན་མོ་(Ph.D)ཞེས་པའི་མཚན་རྟགས་བཞེས།

༡༩༧༢ ནས་ ༡༩༧༤ ལོའི་བར་ཧྥ་རན་སའི་རྒྱལ་ས་ཕ་རེ་སིའི་མཐོ་རིམ་སློབ་གཉེར་ཁང་(Ecole Pratique des Hautes Etudes)ཞེས་པར་ཆོས་རིག་ཞིབ་འཇུག་གི་ཕྱག་རོགས་དང་། ༡༩༧༥ ནས་ ༡༩༧༧ ལོའི་བར་ཉི་ཧོང་རྒྱལ་ས་ཊོ་ཁེཡོ་ཤར་ཕྱོགས་དཔེ་མཛོད་ཁང་(Toyo Bunko)དང་གཙུག་ལག་སློབ་གྲྭ་(University of Tokyo)གཉིས་ཀྱི་དཔེ་ཆའི་དཀར་ཆག་བསྒྲིགས། ༡༩༧༧ ནས་ ༡༩༨༠ ལོའི་བར་ཧྥ་རན་སིའི་མཐོ་རིམ་སློབ་གྲྭ་(College de france)ཞེས་པར་བོད་ཀྱི་ཆོས་དང་རིག་གནས་ཞིབ་འཇུག་གི་ལས་རོགས་ཞུས། ༡༩༨༡ ལོ་ནས་ཕ་རེ་སིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་(Centre National de la Recherche Scientifique,CNRS)ཞེས་པས་རང་སྐྱ་ཐུབ་པའི་ཞིབ་འཇུག་(Charge de Recherche)ཞེས་པའི་གོ་གནས་བསྩལ་བ་ལྟར། སྤྱི་ཚོགས་རིག་གནས་དང་མི་རིགས་རིག་པའི་ཞིབ་འཇུག་ཁང་(Laboratoire d’ ethnologie et de sociolofie comparative)ཞེས་པར་ཞིབ་འཇུག་གི་ཕྱག་ལས་གནང་ཞིང་། ༡༩༨༩ ལོར་(CNRS)ནས་ཞིབ་འཇུག་གྲུབ་འབྲས་གཟེངས་ཐོན་གྱི་དངུལ་རྟགས་ཐོབ་ཅིང་། དེ་དང་མཉམ་དུ་ཞིབ་འཇུག་དབུ་ཁྲིད་(Director of Research)ཞེས་པའི་གོ་གནས་བསྩལ་ཡོད།

༡༩༩༦ ནས་ ༢༠༠༢ ལོའི་བར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་ལས་འགན་སོགས་བཞེས་ཡོད་ཅིང་། ད་ལྟ་རྒན་ཡོལ་ཞུས་ཏེ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་བཞུགས་མུས་ཡིན། ཁོང་གིས་དེ་སྔ་༼ལེགས་བཤད་རིན་པོ་ཆེའི་གཏེར་མཛོད༽དབྱིན་ཡིག་ཐོག་བསྒྱུར་བ་དང་། བོད་རྒྱལ་གཉའ་ཁྲི་བཙན་པོ་དང་ཞང་ཞུང་། གཡུང་དྲུང་བོན་བཅས་ཀྱི་སྐོར་ནས་དཔྱད་རྩོམ་མང་པོ་ཧྥ་རན་སིའི་ཡི་གེ་དང་དབྱིན་ཡིག་ཐོག་བྲིས་ཡོད་པ་དང་། རྒྱལ་དབང་ལྔ་པའི་རྣམ་ཐར་༼དུ་ཀུ་ལའི་གོས་བཟང་།༽དབྱིན་ཡིག་ཐོག་བསྒྱུར་ཡོད། ༢༠༠༧ ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༼ མདའ་དང་འཕང་།༽ ཞེས་པའི་སྟོད་སྨད་གཉིས་པར་དུ་བསྐྲུན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *