རྒྱལ་གཤེན་བོན་སྒྲའི་རྐང་རྗེས་དང་དམིགས་ཡུལ།

རྩོམ་ཡིག་འདི་ཐེངས། 155181 བཀླགས་འདུག

༅༅། མཛའ་བརྩེའི་དུང་བ་གཅིག་ཏུ་འཁྱིལ་ཞིང་མཁྱེན་པའི་གཤོག་རླབས་མཁའ་མཐར་ངོམས་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། འདི་ག་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ནས་བསྐྲུན་པའི་དུས་རབས་གསར་པའི་ཕོ་ཉའམ་རྒྱལ་གཤེན་བོན་སྒྲའི་ངོས་ནས་ལོ་གཅིག་དང་ཕྱེད་ཀྱི་རིང་ཕྱིའི་རྒྱལ་ཁབ་ནང་ཁ་འཐོར་དུ་གནས་པའི་བོན་འབངས་རྣམས་ལ་བོན་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུ་གཙོ་བོར་བཟུང་སྟེ་སྐད་འཕྲིན་སོགས་དྲ་ལམ་བརྒྱུད་བོད་ཕྱི་ནང་གི་མཁས་པ་རྣམས་གདན་དྲངས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རབས་དང་། ཞང་བོད་བཙན་པོའི་རྒྱལ་རབས་ལོ་རྒྱུས། གནའ་དེང་མཁས་པའི་རྟོགས་བརྗོད་རྣམ་ཐར། སྔོན་འགྲོ་དངོས་གཞི་ཉམས་ལེན་སྐྱོང་ཚུལ། མདོར་ན་བོན་དང་འབྲེལ་བའི་བརྗོད་གཞི་སྣ་འཛོམས་ཐོག་གསུང་བཤད་གོ་སྒྲིག་རབས་དང་རིམ་པར་ཞུས།

ཕྱོགས་གཅིག་ནས་བཤད་ན་ཚོགས་ཞུགས་བོན་འབངས་རྣམས་ས་གནས་གང་དུ་ཡོད་ཀྱང་རུང་རང་རང་གི་དཔྲལ་བར་སྔོན་བསགས་ལས་ཀྱིས་བརྐོས་པའི་ཡིག་འབྲུ་”བོན་པོ་”ཞེས་པ་མི་འདོར་བའི་ཆེད་དང་། ཡང་སྒོས་སུ་ད་ལྟའི་སྤྱི་ཚོགས་ཁྲོད་”ང་བོན་པོ་ཡིན་”ཞེས་ངག་གིས་བརྗོད་པ་ཙམ་གྱིས་མི་ཆོག་པར་ལྷག་བསམ་དང་ལ་རྒྱའི་སྟོབས་ཤུགས་དེ་ཉིད་དུས་རབས་དང་འཚམས་པའི་ཤེས་ཡོན་དང་སྦྲེལ་ཏེ་མི་རིགས་དང་སྤྱི་ཚོགས་བར། ཆོས་ལུགས་དང་གྲུབ་མཐའི་དབར་བཅས་ལ་དཔུང་བ་མཉམ་དུ་གཤིབ་པར་སོ་སོར་འགན་འཁྲི་ཅི་ཞིག་ཡོད་པ་ངོ་སྤྲོད་དང་གསལ་འདེབས་ཆེད་རྒྱལ་གཤེན་བོན་སྒྲས་ལོ་ཟླའི་འཕྲང་ལམ་རིང་མོར་གོམ་ཁ་ཨུ་ཚུགས་ཀྱིས་སྤོས་པར་ཕན་འབྲས་གང་འཚམས་བྱུང་བའི་ཚོར་བ་སྐྱེས།

རྒྱུ་མཚན་དེ་དག་ལ་བརྟེན་ནས་ནུབ་ཕྱོགས་སུ་གནས་པའི་བོད་མི་མ་ཏྲི་ཡིག་བརྒྱད་ངག་ལ་བྱང་བ་ཚོར་དམིགས་ཏེ་⟪རྒྱལ་གཤེན་བོན་སྒྲ་⟫ཞེས་པའི་མིང་ཐོག་ནས་རྒྱུན་མཁོའི་ཤེས་ཡོན་སྐོར་གྱི་དུས་དེབ་ཅིག་འགྲེམས་སྤེལ་ཞུ་རྒྱུའི་གྲ་སྒྲིག་བྱས་ཡོད་ན་ཡང་། དུས་རབས་ཀྱི་འགྱུར་འགྲོས་སམ་གློག་རྡུལ་སྤྱོད་བདེའི་འོད་རླབས་དང་བསྟུན་ཏེ་ད་ཆར་⟪རྒྱལ་གཤེན་བོན་སྒྲ་⟫ཞེས་པའི་བོད་ཡིག་རྩོམ་རིག་དྲ་མཛོད་འདི་ལྟ་བུ་སྤེལ་ན་ཤར་ནུབ་རྒྱལ་ཁབ་ཀུན་ཏུ་གནས་པའི་བོན་པོ་རྣམས་གཙོས་བོད་མི་ཧ་ཅང་མང་པོ་ཞིག་ལ་བོན་གྱི་ལྟ་བ་དང་གྲུབ་མཐའ་དངོས་གང་ཡིན་ངོ་སྤྲོད་བྱ་བར་ཕན་ཐོག་ཆེ་བར་བསམ་སྟེ་ངེད་རྩོམ་སྒྲིག་པ་རྣམས་ལས་དོན་གྱི་ལམ་ལ་དངོས་སུ་ཞུགས་ཡོད།

རྒྱལ་གཤེན་བོན་སྒྲར་བོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཁག་དང། ཞང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་གཏམ། བརྗོད་བྱ་གང་ཡང་རུང་བའི་སྙན་རྩོམ། ལེགས་བཤད་སོགས་སྒྱུར་རྩོམ། དེ་བཞིན་དགོན་པ་དང་བླ་བྲང་གི་གདན་རབས།  གངས་རི་མཚོ་གསུམ་གྱི་མཛེས་ལྗོངས། གལ་ཆེའི་མི་སྣ་ཁག་ངོ་སྤྲོད། མི་རིང་བར་རྒྱལ་ཕྱི་ནང་གི་མཁས་པ་རྣམས་ལ་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ནས་བོན་གྱི་སྐོར་གླེང་མོལ་ཞུས་ཏེ་དྲ་ཐོག་ཏུ་འགོད་འཆར་ཀྱང་ཡོད། དེས་ན་རྒྱལ་གཤེན་བོན་སྒྲ་འདི་ནམ་ཞིག་ཤར་ནུབ་གཉིས་ཀའི་སྤྱི་ཚོགས་བར་ཞང་བོད་ཀྱི་ཤེས་རིག་ངོ་སྤྲོད་དང་། རྩོམ་རིག་དར་སྤེལ། མདོར་ན་སྤྱི་སྒེར་གཉིས་ཀའི་ངོས་ནས་ཞང་བོད་ཀྱི་ཆོས་རིག་དང་འབྲེལ་བའི་བསམ་བློའི་ཁ་ཕྱོགས་མཐོ་རུ་གཏོང་བ་དང་། བསམ་ཚུལ་གང་ཡོད་སྦས་གསང་མེད་པར་ཕན་ཚུན་བརྗེ་རེས་དང་གྲུབ་འབྲས་ཀྱི་སྙིང་པོ་ཀུན་གྱིས་ལོངས་སུ་སྤྱོད་པའི་གླིང་ཁ་ཞིག་ཏུ་འགྱུར་བར་རེ་བ་དང་དུང་བས་སྨོན་ཡོད།

སླར་ཡང་ཞུ་རྒྱུར། རྒྱལ་གཤེན་བོན་སྒྲའི་མེ་ཏོག་ཆུན་པོ་ཀློག་མཁན་ཚོར་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་བར་ངེད་རྩོམ་སྒྲིག་པ་རྣམས་འབད་བརྩོན་གྱི་ཡུར་དུ་ཆས་པ་ཙམ་གྱིས་མི་ཆོག་པར་བྲོ་བཅུད་བཟང་ངན་དང་ཚེ་སྲོག་འཇིག་རྟེན་འདིར་ཞི་བདེ་དང་བག་ཕེབ་ངང་གནས་པར་གཙོ་བོ་རྩོམ་པ་པོ་དག་གི་བྱམས་བརྩེའི་གསོ་སྐྱོང་དང་ཤེས་རབ་ཀྱི་འོད་སྣང་ལྡན་པའི་རྩོམ་ཡིག་གི་མཐུན་རྐྱེན་ལ་རག་ལས་ཡོད་པས་མ་འོངས་པར་ཁྱེད་རྣམས་ཀྱིས་ཕྱོགས་གང་ཅིའི་ཐད་ནས་མཐུན་འགྱུར་རམ་གཞོག་འདེག་གནང་བའི་ཆོད་སེམས་རབ་ཏུ་བརྟན་པོ་ངེད་ཚོར་གདེངས་སྤོབས་དང་བཅས་ཏེ་ཡོད་ཅེས་ཞུ་ཞུ། །

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡ ཉིན་

རྒྱལ་གཤེན་བོན་སྒྲ་རྩོམ་སྒྲིག་ཚོགས་པས་ཕུལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *