༓ ཏ་ཀ་ཧི་ཀོ། (Takahiko Hakodera)

རྩོམ་ཡིག་འདི་ཐེངས། 4464 བཀླགས་འདུག

134628_121479984587443_627867_oཉི་ཧོང་ནས་ཡིན་པའི་བོན་གྱི་ཉམས་ལེན་པ་ཏ་ཀ་ཧི་ཀོ་ལགས་ཀྱིས་གཡུང་དྲུང་བོན་གྱི་སྐོར་ལ་དོ་སྣང་ཇི་ལྟར་བྱུང་བ་དང་། དམིགས་བསལ་དུ་རྫོགས་པ་ཆེན་པོའི་བོན་སྒོར་ཇི་ལྟར་ཞུགས་པའི་གནས་ཚུལ་སྐོར་བཀའ་འདྲི་ཞུས་ཤིང་། འདིར་ཁོང་གིས་གནང་བའི་བོད་ཡིག་ཐོག་གི་དྲིས་ལན་ཁག་ལ་ཚིག་གི་སྡེབ་སྦྱོར་དང་བརྡ་དག་ཕྲན་བུ་རེར་ངེད་རྩོམ་སྒྲིག་ཁང་གིས་འགྱུར་བ་བཏང་བ་མ་གཏོགས་ནང་དོན་གྱི་ཆ་ནས་ཁོང་གིས་གང་གསུངས་པ་ཐད་ཀར་བཀོད་ཡོད་པས་དགྱེས་གཟིགས་གནང་རོགས། ཁོང་གིས་གསུངས་ན།

“ཕྲན་ཕྱི་ལོ་ ༡༩༦༩ ཉི་ཧོང་གི་ས་གནས་ཀ་ན་དགའ་ཝ་ Kanagawa རུ་སྐྱེས་པ་རེད། ཡུལ་དུས་ཀྱིས་རྐྱེན་ནམ་གང་ལྟར་ཕྲུ་གུ་ཆུང་ཆུང་སྐབས་ནས་བཟུང་སེམས་ནང་ལ་སྡུག་བསྔལ་བྱུང་ནས་འདིར་སྣང་གི་བྱ་སྤྱོད་ལ་དགའ་པོ་དེ་ཙམ་རང་མེད་མཁན་ཞིག་ཡིན། ཡིན་ན་ཡང་སྐབས་དེའི་ཡུལ་མི་མང་ཆེ་བའི་ལུགས་སྲོལ་བཞིན་སློབ་གྲྭ་ཆེན་མོ་ Chu-o University རུ་ཞུགས་ནས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ལ་ལོ་བཞིའི་རིང་སློབ་སྦྱོང་བྱས། རྩ་བའི་ཆ་ནས་སློབ་སྦྱོང་གི་སྦྱོང་བྱའམ་གནས་རིམ་མཐོ་ན་ཡང་ནང་གི་སེམས་ལ་སྡུག་བསྔལ་ཇེ་ཆེར་སོང་བ་ལས་ཕན་ཐོགས་དེ་ཙམ་མ་བྱུང་བས་ཉིན་མོར་སེམས་པ་སྐྱིད་པོ་མེད་པ་དང་མཚན་མོར་གཉིད་ཀྱང་མི་ཁུག་པའི་སྐབས་མང་པོ་ཞིག་བྱུང་། བྱས་ཙང་སློབ་ཆེན་ནས་ལོ་གཅིག་རིང་དགོངས་པ་ཞུས་ཏེ་ཡུལ་ལུང་འདྲ་མིན་དུ་འགྲུལ་བསྐྱོད་བྱས་པའི་འགོ་ཚུགས། དཔེར་ན། རྒྱ་ནག་དང་སོག་པོ། བོད་དང་བལ་ཡུལ། རྒྱ་གར་སོགས་ལ་སོང་ནས་རྒྱལ་ཁབ་དང་མི་རིགས་དེ་དག་གི་རིག་གཞུང་དང་རྒྱུན་ལྡན་འཚོ་བའི་གནས་སྟངས་ལ་སོགས་པར་རྒྱུས་ལོན་གང་འཚམས་བྱས། འགྲུལ་བསྐྱོད་ཁྲོད་ནས་དམིགས་བསལ་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་བྱུང་བ་དང་། རྒྱ་གར་ནས་ཚུར་ཉི་ཧོང་ལ་ལོག་ནས་བསྐྱར་དུ་སློབ་གྲྭ་ཆེན་མོར་ཞུགས་ནས་ལོ་གཅིག་རིང་སློབ་སྦྱོང་མུ་མཐུད་དེ་བྱས། སློབ་གྲྭ་ཆེན་མོ་དེ་ནས་བོད་ཀྱི་ཞིབ་འཇུག་པ་ཞིག་ལ་ཐུག་ཅིང་ཁོང་གི་གསུང་བཤད་མང་པོར་ཉན་འཇོག་དང་དོ་སྣང་བྱས་པ་ཡིན། དེར་མ་ཟད་ཉི་ཧོང་སྐད་ཡིག་ཐོག་ལ་ཕབ་བསྒྱུར་ཞུས་པའི་བོད་ཀྱི་ཆོས་དཔེར་མང་པོ་བཀླགས་རྗེས་བོད་ཀྱི་ནང་ཆོས་ཉམས་ལེན་དང་། དམིགས་བསལ་དུ་རྫོགས་པ་ཆེན་པོར་སྐྱབས་སུ་འགྲོ་བའི་སེམས་པ་ཧ་ཅང་སྤྲོ་བོ་བྱུང་། ཉིན་གཅིག་གོ་ཐོས་བལ་ཡུལ་དུ་བཞུགས་པའི་བོད་ཀྱི་བླ་མ་རྫོགས་ཆེན་ལ་མཁས་པ་ཞིག་ཡོད་སྐོར་གོ་ཐོས་བྱུང་ཞིང་། བླ་མ་དེའི་མཚན་ལ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཞེས་ཞུ་བཞིན་འདུག ཁོང་བོན་པོའི་བླ་མ་ཞིག་ཡིན་པ་རྗེས་སུ་ཤེས་བྱུང་། སྤྱིར་བཏང་འཛམ་གླིང་དུ་སྟོན་པ་ཤཀྱ་མུ་ནེའི་ཆོས་ལུགས་མཚན་གྲགས་ཆེ་བ་མ་ཟད་རྗེས་འཇུག་སློབ་མའང་འབུམ་ཕྲག་མང་པོ་ཡོད་པ་རེད། སྐབས་དེར་ངས་བོན་དང་བོན་པོ་ཟེར་བའི་ཚིག་རྩ་བ་ཉིད་ནས་གོ་མྱོང་མེད། ཉིན་གཅིག་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་ལ་སོང་བ་ཡིན། དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་བྲིས་པའི་དེབ་འགའ་ཤས་བཀླགས། དེབ་དེ་ཚོའི་ནང་དུ་བོན་ཟེར་བ་དེ་ཤཀྱ་མུ་ནེའི་ཆོས་ལུགས་དང་འདྲ་བོ་ཡོད་པ་དང་མདོར་ན་དེ་ལས་བཤུས་པ་ཡིན་པའི་བཟོ་འདྲ་བྲིས་འདུག ངའི་བསམ་བློར་བོན་ཟེར་བ་དེ་སྦྱོང་དགོས་མིན་ཐད་སེམས་ནང་དུ་ཐེ་ཚོམ་འདྲ་བྱུང་། གང་ལྟར་དེ་འདྲ་བསམ་བཞིན་བསམ་བཞིན་ལོ་གཅིག་རིང་ཉི་ཧོང་ནང་དུ་ལས་ཀ་བྱས་ནས་དངུལ་བསགས།

792205_414859815249457_225862517_oཕྱི་ལོ་ ༡༩༩༥ ལོའི་ཟླ་ ༣ པར་༧ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་འཇལ་བར་བལ་ཡུལ་དུ་ཆེད་དམིགས་ཀྱིས་སོང་སྟེ་རིན་པོ་ཆེའི་སྐུ་མདུན་ནས་སྔོན་འགྲོའི་གསུང་ཁྲིད་ཞུ་བའི་སྐལ་བཟང་ཐོབ། བོན་གྱི་དགོན་པ་ཁྲི་བརྟན་ནོར་བུ་རྩེའི་ཉེ་འདབས་སུ་ཁང་ཆུང་ཞིག་གླས་ནས་བསྡད། ཞོགས་པར་བལ་ཡུལ་གྱི་སློབ་གྲྭ་ Bishwo Bhasa campus ཞེས་པར་སོང་ནས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བྱས། ཉིན་གུང་ནས་དགོང་དྲོ་བར་སྔོན་འགྲོ་འབུམ་དགུ་བསགས། སྔོན་འགྲོ་འབུམ་དགུ་གསོག་པར་ལོ་གཅིག་དང་ཟླ་བ་དགུ་ཏག་ཏག་འགོར་སོང། ཕྱི་ལོ་ ༡༩༩༧ ལོའི་སྟོན་ཁར་༧ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སྐུ་མདུན་ནས་རྫོགས་ཆེན་དངོས་གཞིའི་གདམས་ངག་ཞུ་བའི་རེ་བསྐུལ་ཞུས་པ་བཞིན་རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་བ་དང་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭ་བའི་འཛིན་གྲྭར་བསྡད་དེ་རྫོགས་པ་ཆེན་པོའི་བོན་སོགས་བོན་གྱི་དབང་ལུང་ཁྲིད་གསུམ་གྱི་མན་ངག་མང་པོ་ཐོབ། ཕྱི་ལོ་ ༡༩༩༨ ལོར་བོད་ཀྱི་ལོ་གསར་དང་བསྟུན་བདུན་ཕྲག་གཉིས་རིང་མུན་མཚམས་ལ་བསྡད་དེ་ཐོད་རྒལ་ཉམས་ལེན་གྱི་མྱོང་རྟོགས་གང་འཚམས་ཐོབ། སྤྱིར་བལ་ཡུལ་དུ་ཡུན་རིང་འདུག་འདོད་བྱུང་ན་ཡང་ཡུན་རིང་སྡོད་པའི་ཐོང་མཆན་(visa)རེག་རྒྱུ་དཀའ་ལས་ཁག་ཤོས་དེ་ཡིན་པ་རེད། ཐེངས་དང་པོར་ལོ་གསུམ་རིང་སློབ་ཕྲུག་གི་ཐོང་མཆན་རག་སོང། དེའི་རྗེས་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ཐོང་མཆན་བེད་སྤྱོད་བྱས་ཏེ་བསྡད། ལོ་ཕྱེད་དུ་བལ་ཡུལ་ལ་བསྡད་རིང་༧ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་དཔེ་ཁྲིད་ཞུས་པ་དང་གྲྭ་བ་ཚོ་མཉམ་དུ་སྒོམ་སྒྲུབ་ཉམས་ལེན་བྱས། ལོ་ཕྱེད་ཀར་ཉི་ཧོང་ལ་ལོག་སྟེ་གནས་སྐབས་ཀྱི་འཚོ་བའི་ཆེད་དུ་ལས་ཀ་བྱས་ནས་དངུལ་གསོག གང་ལྟར་ཉི་ཧོང་དང་བལ་ཡུལ་བར་ཕར་འགྲོ་ཚུར་འོང་མང་པོ་མང་པོ་ཞིག་བྱས་པ་ཡིན། ཕྱི་ལོ་ ༢༠༠༨ ལོར་ཡང་བསྐྱར་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་རུ་མུན་མཚམས་ཞག་པོ་ ༩༠ ལ་བསྡད། མུན་ཁང་ནང་ནས་རྩིག་པ་དང་ཤིང་ནགས། དུད་འགྲོ་དང་མི། འོད་གསལ་ལ་སོགས་པ་སྣང་བ་འདྲ་མིན་ཤར་བས་སེམས་ལ་ཕན་ཐོག་དང་ངེས་ཤེས་གང་འཚམས་བྱུང་བ་མ་ཟད་ཉི་མ་དང་མཚན་མོ་རེ་རེ་བཞིན་རྫོགས་ཆེན་གྱི་ཉམས་ལེན་ལ་དད་པ་ཧ་ཅང་ཆེན་པོ་སྐྱེས་བྱུང། ཕྱི་ལོ་ ༢༠༠༨  ལོའི་དབྱར་རིང་ལ་རི་བོ་དང་ས་མཐོ་ཁག་ཏུ་སོང་སྟེ་ཞོགས་པ་སྔ་བོ་ནས་མཚན་མོ་འཕྱི་བོ་བར་དུ་རྫོགས་ཆེན་གྱི་ཉམས་ལེན་ལ་བློ་རྩེ་གཅིག་གིས་བསྒྲིམས་པ་ཡིན། དེར་མ་ཟད་མཚམས་ལ་བསྡད་སྐབས་རྩ་རླུང་ཐིག་གསུམ་གྱི་མན་ངག་གིས་ལུས་སེམས་གཉིས་ཀར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང།

ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭ་མཁན་པོ་ཚུལ་ཁྲིམ་བསྟན་འཛིན་རིན་པོ་ཆེའི་སྐུ་མདུན་ནས་གཅོད་དཔེ་ལུས་སྦྱིན་མཁའ་འགྲོའི་གད་རྒྱངས་ཀྱི་ལུང་སོགས་ཞུས། ཡིན་ཡང་ཕྱི་ལོ་ ༢༠༠༨ ལོར་བལ་ཡུལ་དུ་སྡོད་པར་ཐོང་མཆན་རྫོགས་སོང་ཙང་རྒྱ་གར་ལ་འཁྱུག་ཙམ་རིང་ཕྱིན་པ་ཡིན། སྐབས་དེར་རྒྱ་གར་བོན་དགོན་ཆེན་མོ་སྨན་རི་དགོན་ལ་བསྡད་ནས་སྔ་དྲོར་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེའི་མདུན་ནས་གསང་སྔགས་ཀྱི་ལྟ་བའི་དཔེ་ཁྲིད་ཞུས་པ་དང་། སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་ནས་རྩ་རླུང་གི་གདམས་ངག་སོགས་ཞུས།

10675705_691915934210509_1552976955517094798_nཕྱི་ལོ་ ༢༠༠༩ ལོའི་སྟོན་ཁར་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་ལ་ཡང་བསྐྱར་སོང་ནས་སྒྲུབ་གྲྭ་བ་རྣམས་དང་མཉམ་དུ་རྩ་རླུང་མཚམས་ལ་ཞག་པོ་ ༡༠༠ ལ་བསྡད། དེའི་སྐབས་སྒོམ་ཉམས་ལེན་གྱི་རྟགས་མཚན་ཡག་པོ་དེ་འདྲ་བྱུང་། དམིགས་བསལ་དུ་དལ་བརྒྱད་འབྱོར་བཅུ་ཐོབ་པའི་མི་ལུས་ཆིན་པོ་ཆེ་ཞེས་པ་འདི་ཡང་ཡང་ཐོབ་པ་དཀའ་མོ་ཡིན་པ་སེམས་ནང་ལ་ཤར་ནས་སེམས་ལ་འགྱུར་བ་ཆེན་པོ་བྱུང་སོང།  དེ་ནས་བཟུང་ལས་དང་བསོད་ནམས་ལྡན་པའི་མི་རྣམས་ལ་རྫོགས་ཆེན་གྱི་གདམས་ངག་རང་གིས་ཤེས་ཚོད་ཀྱིས་སློབ་ཁྲིད་བྱས་ན་ཕན་ཐོགས་འདུག་བསམ་པས་རྩ་རླུང་མཚམས་ལ་བསྡད་རྗེས་ངའི་འཆར་གཞི་དེ་ཡོངས་འཛིན་རིན་པོ་ཆེ་དང་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་ལ་ཞུས་པ་ཡིན། རིན་པོ་ཆེ་རྣམ་གཉིས་ཀྱིས་ཞལ་བཞེས་དང་ཆོག་མཆན་ཡང་གནང་སོང། དེ་འདྲ་ཡིན་ཙང་ཕྱི་ལོ་ ༢༠༠༩ ནས་ད་ལྟ་བར་དུ་ཉི་ཧོང་ལུང་པའི་ནང་དུ་བླ་མེད་རྫོགས་པ་ཆེན་པོ་ཉམས་ལེན་དང་ཉི་ཧོང་མི་མང་ལ་གཡུང་དྲུང་བོན་གྱི་སྐོར་ངོ་སྤྲོད་གང་ཐུབ་ཐུབ་དང་། ད་དུང་ལོ་རེར་ཐེངས་མ་གཅིག་བལ་ཡུལ་བོན་དགོན་ཁྲི་བརྟན་ནོར་བུ་རྩེའི་བླ་མ་རེ་ཉི་ཧོང་དུ་གདན་ཞུས་དང་ཞང་ཞུང་སྙན་རྒྱུད་ལ་སོགས་རྫོགས་ཆེན་གྱི་དཔེ་ཆ་འགའ་ཉི་ཧོང་སྐད་ཐོག་ཏུ་སྐད་རྒྱུར་བྱེད་བཞིན་ཡོད། གཞན་ཡང་བོད་ཀྱི་ཆོས་བརྒྱུད་བླ་མ་དག་གི་གསུང་སྒྱུར་དང། མཚམས་མཚམས་ལ་བོད་ཀྱི་རིག་གཞུང་ཞིབ་འཇུག་མཁན་རྣམས་ལ་རོགས་པ་བྱེད་བཞིན་ཡོད་ལ་ཉིན་ལྟར་དུས་ཚོད་གང་ཡོད་ཀྱིས་རྫོགས་ཆེན་སྒོམ་སྒྲུབ་ཉམས་ལེན་བྱེད་བཞིན་པ་ཨ་ཅང་ཅང་རེད།” ཞེས་བཤད་བྱུང་།

ཁོང་དང་འབྲེལ་བའི་དྲ་བ་ཁག

འཇའ་པན་ནང་གི་གཡུང་དྲུང་བོན།

ཏ་ཀ་ཧི་ཀོའི་སྒེར་གྱི་ཟིན་བྲིས།

བོན་སྐོར་ངོ་སྤྲོད། Youtube

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *